རྡོ་རྩིག་ལས་གྲུབ་པའི་གཟིགས་སྤྲོས་འོད་དཔག་མེད།

རྒྱལ་རོང་ཀརྨ་ཚེ་རིང་གིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-19


གཟིགས་སྤྲོ་བཀྲ་ཤིས་ཆོས་འཁོར་དགོན།

远眺嘉绒若布洛寺


གནས་མཆོག་རྒྱལ་བྱ་སྒང་གི་སྤོས་འབོར་དུ།།
གཟིགས་སྤྲོ་འོད་དཔག་མེད་ཀྱི་གཟི་སྐུ་བརྗིད།།
དད་ལྡན་འགྲོ་བར་མཇལ་སྐལ་ཐོབ་ཙམ་གྱིས།།
ལུས་སེམས་བདེ་བའི་ཡང་རྩེར་མངོན་པར་འགོད།།
        ཅེས་སྐབས་འདིར་བརྗོད་པར་བྱ་བ་ནི། ཤར་རྒྱལ་མོ་ཚ་བ་རོང་ཀྱོམ་ཀྱོ་གཟིགས་སྤྲོ་ཞེས་པའི་གནས་འདི་ནི་སྔ་རབས་སུ་རྫོང་འགག་རྒྱལ་པོ་མདོ་བཞེར་ནག་པོའི་དུས་སྐབས་སུ་སློབ་དཔོན་བཻ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་ཁོང་རྣམ་པའི་དམིགས་བསལ་གྱི་གདུལ་བྱའི་ཞིང་དུ་གྱུར་ཅིང་བྱིན་གྱིས་བརླབས་པའི་ས་ཆ་ཞིག་ཡིན་ལ། གནས་དེའི་ཉེ་འགྲམ་གྱི་ས་ཕྱུག་དང་བྲོ་ཤོད། ཕར་པ། ཁོ་ནོ་རྒྱལ་ཁྱུང་ཞེས་པའི་གྲོང་སྡེའི་ལུང་འགྲམ་དུ་བཻ་རོའི་སྒྲུབ་གནས་དང་ཞབས་རྗེས་ད་བར་ཡང་སྐྱེ་འགྲོ་ཀུན་གྱི་མཐོང་ལམ་དུ་གསལ་པོར་མཇལ་རྒྱུ་ཡོད། ཡུལ་ཕྱོགས་དེ་ནི་སྐྱེས་ཆེན་འཁྲུངས་པའི་གནས་ཀྱང་ཡིན་ལ། སྔར་ས་སྐྱ་པའི་མཁས་ཆེན་རོང་སྟོན་ཤཱཀྱ་རྒྱལ་མཚན་ཤེས་བྱ་ཀུན་གཟིགས་དང་ཇོ་ནང་གི་སྐྱེ་ཆེན་དྲུང་བཀའ་བཞི་བ་རིན་ཆེན་དཔལ་བཅས་ནི་ཕོ་དྲིལ་བྱེ་མ་ཐང་སྟེ་ལོ་རྒྱུས་ནང་ཆོས་ཐང་ཆེན་པོ་བརྒྱད་དུ་བགྲངས་པའི་གནས་ཁྱད་པར་ཅན་དེར་འཁྲུངས་པར་གྲགས།
        དེ་ལྟར་དངོས་འབྱོར་གྱི་བསོད་ནམས་བརྟས་པའི་ཞིང་ཁམས་གཟིགས་སྤྲོ་རྒྱལ་བྱ་རི་བོའི་སྒང་དུ་ལྷང་ངེར་གནས་པའི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཐུན་མོང་གི་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར་པའི་རྡོ་ཡི་རྒྱུ་ཆ་ཕུང་པོར་སྤུངས་པ་ལས་བཞེངས་གྲུབ་བྱུང་བའི་འོད་དཔག་མེད་གཙོ་འཁོར་གསུམ་གྱི་ངོ་སྤྲོད་མདོར་ཙམ་གླེང་བར་བྱ་བ་ལ། ཐོག་མར་རྩིག་བཟོའི་སྒྱུ་རྩལ་དཔལ་དུ་སྒེག་པའི་ལྷ་སྐུ་འདི་ཉིད་ནི་གཟིགས་སྤྲོ་བཀྲ་ཤིས་ཆོས་འཁོར་དགོན་གྱི་སྤྲུལ་སྐུ་ཀརྨ་བསམ་འགྲུབ་མཆོག་གིས་བཞེངས་པ་ལགས། དེ་ཡང་ཁོང་ཉིད་ནི་བྲོ་ཤོད་སྡེ་བའི་ཀ་ཅིག་ཅེས་པ་ཡ་རབས་ཀྱི་ཁྱིམ་རྒྱུད་དུ་རབ་བྱུང་བཅུ་བདུན་པའི་ས་བྱི་ལོར་(སྤྱི་ལོ1948པའི་ཟླ8པར།)སྐུ་འཁྲུངས། ཆུང་དུས་སུ་ཀརྨ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་བླ་སྐུལ་དུ་གྱུར་པའི་ཞང་པོ་བླ་མ་ཚུལ་ཁྲིམས་ལེགས་ལྡན་དང་བླ་མ་ཨ་བྷོའི་སྐུ་མདུན་དུ་སྦྱོར་ཀློག་དང་འདོན་ཆོག་ལེགས་པར་སྦྱངས། ཁོང་ཉིད་ནི་སྔོན་གྱི་བག་ཆགས་ཟབ་མོའི་མཐུ་ལས་ཆུང་དུས་མཛེས་བཟོ་སྒྱུ་རྩལ་ལ་མོས་པ་ཆེ། དུས་ཀྱི་དབང་གིས་ཆུང་དུས་བཟོ་རྩལ་སྦྱང་བའི་གོ་   སྐབས་མེད་ནའང་བཟོ་རྩལ་ལ་དགའ་ཞེན་ཆེ་བའི་འདུ་ཤེས་ནི་ནམ་ཡང་སེམས་སུ་ཡལ་བ་མེད་པར་གྱུར། དིལ་མོ་ཆོས་རྗེ་རིན་པོ་ཆེ་དང་གཡུ་ཐོག་དགོན་གྱི་སྤྲུལ་སྐུ་ཀརྨ་བསོད་ནམས་མཆོག་ནས་དགོན་དེ་ལ་སྤྲུལ་སྐུར་ངོས་འཛིན་མཛད་དེ་མ་འོངས་པར་བསྟན་པ་ཡར་རྒྱས་ལ་ཕན་པ་ཆེ་བའི་ལུང་བསྟན་མཛད།
        སྤྱི་ལོ་1988པ་སྟེ་དགུང་ལོ་བཞི་བཅུ་པའི་སྐབས་སྒོ་མང་དགོན་གྱི་བསྟན་པ་ཡར་འཕེལ་ཞེས་པའི་ལྷ་བཟོ་བའི་མདུན་དུ་འཇིམ་བཟོ་ལག་རྩལ་སྦྱོང་བའི་གོ་སྐབས་ཤིག་བྱུང་སྟེ། ཉིན་ཉི་ཤུ་ལྷག་གི་རིང་དུ་ཁོང་གི་མདུན་དུ་ལྷ་བཟོའི་ལག་རྩལ་ལ་སྦྱང་བརྩོན་མཛད། རིང་པོ་མ་ཐོགས་པར་བཟོ་རྩལ་མཁས་པར་གྱུར་ཏེ་ཕྱོགས་སོ་སོའི་དགོན་སྡེས་གདན་འདྲེན་ཞུས་པ་ལྟར་སྔ་གཞུག་ཏུ་མགོ་ལོག་དཔལ་ཡུལ་དར་ཐང་དགོན་དང་། རྡོ་རྫོང་དགོན། གཡུ་ཐོག་རྣམ་རྒྱལ་དགོན། འཛམ་འགུ་རི་ཁྲོད། ཁྲོ་ཆུ་ཤུད་བྷམ་དགོན། ཁྲོ་ཆུ་བདེ་ཆེན་གླིང་། རང་དགོན་གཟིགས་སྤྲོ་ཆོས་འཁོར་དགོན་བཅས་སུ་ལྷ་སྐུ་མང་པོ་བཞེངས་པར་མ་ཟད། དཀའ་ངལ་འཛེམ་མེད་དང་ཀུན་སློང་རྣམ་དག་གི་སྒོ་ནས་སྐུ་རྟེན་མང་ཙམ་བཞེངས། དུས་རྒྱུན་སེམས་རྒྱུད་དུ་བཀའ་བརྒྱུད་གོང་མ་རྣམས་ཀྱི་སྒོམ་སྒྲུབ་སྙིང་སྟོབས་ལ་སྒོ་གསུམ་གྱི་དད་འདུན་བླ་ན་མེད་པ་སྐྱེས། ཁོང་ཉིད་དགུང་ལོ་དྲུག་ཅུ་པའི་སྐབས་དུས་རྟག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ཆེན་པོ་སྒོམ་སྒྲུབ་ཀྱི་རྣམ་ཐར་སེམས་ངོས་སུ་འཆར། མི་ལའི་སྲས་མཁར་བཞེངས་པའི་དཀའ་སྡུག་སྒྲིབ་སྦྱོང་གི་སྙིང་སྟོབས་དྲན་པ་ཙམ་གྱིས་མིག་མཐར་མཆི་མ་འཁོར་ནས་ངེས་འབྱུང་དྲག་ཏུ་སྐྱེས། དུས་དེ་ནས་བཟུང་མི་ཚེ་གཅིག་ལ་འགྲོ་བའི་དོན་ཆེན་ཞིག་སྒྲུབ་འདོད་པའི་མི་འགྱུར་རྡོ་རྗེའི་དམ་བཅའ་སེམས་ལ་བཞག བླ་ཆེན་གོང་མ་རྣམས་ཀྱི་གསུང་རྒྱུན་དུ། སྔོན་ཆད་དགོན་དེར་རྒྱབ་རིར་མཚན་མོའི་སྐབས་སུ་རྒྱུན་པར་འོད་འཕྲོ་བ་ཞིག་སྣང་ཞེས་རྒྱུན་པར་གླེང་བར་ཐོས། དེ་ལྟར་ཆོས་ཐམས་ཅད་ནི་རྟེན་འབྲེལ་གྱི་རང་བཞིན་ལས་གྲུབ་པས། ཁོང་ཉིད་ཀྱི་སེམས་གཏིང་དུ་ས་དེར་རྡོ་རྩིག་གི་འོད་དཔག་མེད་ཅིག་བཞེང་བའི་རྟེན་འབྲེལ་རང་འགྲིག་ཏུ་གྱུར་པ་དགོངས། ལར་རྒྱལ་རོང་དང་མངའ་རིས་ཕྱོགས་ཀྱི་རྩིག་བཟོའི་སྒྱུ་རྩལ་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ལྡན་པའི་བཟོ་རྩལ་ཁྱད་མཚར་བ་ཞིག་རེད། སྔ་རབས་སུ་རྒྱལ་རོང་རྒྱལ་ཁག་སོ་སོ་ནས་མཁར་རྫོང་དང་རྒྱལ་ས། དེ་མིན་གངས་ཅན་ལྗོངས་ཀྱི་བཟོ་སྐྲུན་ཕུལ་བྱུང་ཅན་བསམ་ཡས་དགོན་དང་རྩེ་པོ་ཏ་ལ། གཙང་བཀྲ་ཤིས་ལྷུན་པོ། རྒྱང་རྩེའི་དཔལ་འཁོར་མཆོད་རྟེན། བླ་བྲང་བཀྲ་ཤིས་འཁྱིལ། ཨ་མཆོག་མཚན་ཉིད་དགོན། ཚོ་བདུན་བཀྲ་ཤིས་ཆོས་གླིང་། ད་ཚང་ལྷུན་འགྲུབ་དགོན་བཅས་བཞེངས་པ་ལ་རྒྱལ་རོང་རྩིག་དཔོན་དང་རྡོ་བཟོ་མཁས་པ་རྣམས་བཟོ་སྐྲུན་ལ་ཞུགས་པའི་ལོ་རྒྱུས་ནི་ཡིག་ཆ་དང་དམངས་ཁྲོད་དུ་གོ་ཐོས་ཧ་ཅང་མང་ལ། གང་ལྟར་ལོ་རྒྱུས་ཐོག་དར་བའི་རྡོ་རྩིག་གི་ཁྱད་ཆོས་ལ་མཚོན་ན་ངོས་མཉམ་ལ་ཟུར་བཞི་ལས་གྲུབ་པའི་བཟོ་རྩལ་ཅན་ཞིག་ཡིན་ལ། བླ་མ་བསམ་འགྲུབ་ཀྱི་དགོངས་པའི་རྒྱ་མཚོ་ལས་བརྡོལ་བའི་རྩིག་བཟོ་ནི་སྔོན་བྱུང་མ་མྱངས་པའི་ཟླུམ་གཟུགས་ཀྱི་བཟོ་རྩལ་ཞིག་སྟེ། དེ་ནི་ཀུན་གྱིས་བསམ་ཡུལ་ལས་འདས་པའི་བཟོ་རྒྱུན་ཡ་མཚན་པ་ཞིག་རེད། ཁོང་ཉིད་ཀྱིས་ཀུན་སློང་རྣམ་དག་གི་སྒོ་ནས་མི་ཚེ་ལོན་པའི་ལས་ཡོན་ཐམས་ཅད་འགྲོ་གྲོན་དུ་བཏང་ནས། རང་དངོས་ནས་བཟོ་དཔོན་དང་རྡོ་རྩིག་མཛད་དེ། རྩིག་བཟོ་མཁས་པའི་བུ་སློབ་སོང་བྷེ་དང་། བསོད་ནམས་དཔལ་ལྡན། ཆོས་འགྲུབ། ཚེ་རིང་ནོར་བུ། བསྟན་འཛིན་བཅས་ཀྱིས་ལོ་ངོ་དྲུག་གི་རིང་དུ་ཉིན་མཚན་ཀུན་ཏུ་འབད་པ་བྱས་མཐར་འཛམ་གླིང་རྒྱན་གཅིག་འོད་དཔག་མེད་གཙོ་འཁོར་གསུམ་གྱི་སྐུ་བརྙན་ལེགས་གྲུབ་བྱུང་བ་ཡིན་ནོ། །


        རྡོ་སྐུ་དེ་ཉིད་ཀྱི་རྒྱུ་ཆ་གཙོ་བོ་ནི་རང་བྱུང་རྡོ་ཆས་དང་ས་འདམ་ཡིན་ཞིང་། སྲོལ་རྒྱུན་རྩིག་བཟོའི་ལག་རྩལ་ལ་བརྟེན་ནས་བཟོ་བསྐྲུན་བྱས། འདི་ཉིད་ཀྱི་མཐོ་ཚད་ལ་མཚོན་ན། གཙོ་ལྷ་འོད་དཔག་མེད་ཀྱི་མཐོ་ཚད་ནི། སྨི་26.5ཡོད་པ། བཞུགས་ཁྲིའི་གདན་གཞིའི་ཞེང་ཚད་ནི་སྨི་18ཡོད་པ། སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེའི་མཐོ་ཚད་ནི། སྨི་12.5ཡོད་ལ། གདན་གཞིའི་ཞེང་གི་རིང་ཚད་ནི། སྨི་5ཡོད་ལ། སྤྱི་ལོ་2011པར་རབ་གནས་ཀྱི་མཛད་སྒོ་སྤེལ་བའི་སྐབས་སུ་དིལ་མོ་ཆོས་རྗེ་རིན་པོ་ཆེ་སྐུ་ཕྲེང་བཅོ་བརྒྱད་པ་དང་སྟག་ལོང་དགོན་གྱི་སྤྲུལ་སྐུ་བསྟན་པའི་དབང་ཕྱུག། ད་ཚང་སྤྲུལ་སྐུ་ཁུ་འཇོ་བློ་བཟང་དོན་འགྲུབ། དྷི་ཕུ་དཔལ་ལྡན། གཟི་བྲོ་དབོན་པོ་ཀུན་དགའ་དཀོན་མཆོག་བཅས་གྲུབ་མཐའ་རིས་མེད་ཀྱི་སྐྱེ་ཆེན་རྣམས་ཀྱིས་རབ་གནས་ཀྱི་མཛད་སྒོ་སྤེལ་བ་ཡིན་ནོ། །


མདོར་ན་རྡོ་རྩིག་གི་བཟོ་རྩལ་འབུར་དུ་ཐོན་པའི་འོད་དཔག་མེད་འདི་ལ་མཚོན་ན་བོད་ཀྱི་རྩིག་བཟོའི་བཟོ་རྩལ་རིག་གནས་མཚོན་བྱེད་ཀྱི་རྟགས་མ་ཞིག་ཡིན་པར་མ་ཟད། འཛམ་གླིང་རྒྱན་གཅིག་མཐོང་བ་ཀུན་སྨོན་ཞིག་ཀྱང་ཡིན་པར་སྙམ་མོ། །  

 


རྩོམ་ཡིག་སྔོན་མ།
བོད་ཀྱི་དར་དཀར་ཐརིག་གནས།
རྩོམ་ཡིག་རྗེས་མ།
བོད་ཀྱི་མཚོ་ཆེན་བཞི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1