བོད་ཀྱི་མཚོ་
ཆེན་བཞི་།
རྟ་ལོར་གངས་སྐོར་དང་ལུག་ལོར་མཚོ་སྐོར་བྱེད་པ་ནི་གནའ་ནས་བཟུང་ང་ཚོ་ཆོས་ལྡན་བོད་པ་ཚང་ལ་མཚོན་ན། དེ་ནི་དགེ་སྒྲུབ་ཀྱི་ལས་ཁྱད་པར་བ་ཞིག་གམ་ཆོས་ལུགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད། ད་ལོ་ནི་ཆུ་མོ་ལུག་གི་ལོ་སྟེ། མཚོ་སྐོར་བྱས་ན་དགེ་བ་ཁྲི་འགྱུར་དུ་འགྲོ་ཞེས་བཤད་སྲོལ་ཡོད་པའི་ལོ་ཁྱད་པར་བ་ཞིག་ཡིན་པས་གཤམ་དུ་བོད་ཀྱི་མཚོ་ཆེན་བཞིའི་ངོ་སྤྲོད་མདོར་བསྡུས་ཤིག་བྱའོ། །
ཡར་འབྲོག་གཡུ་མཚོ།
羊卓雍措
བོད་ལྗོངས་སུ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་ནང་གསེས་ཡར་འབྲོག་ཆུ་གཏེར་ཆེན་པོའམ་ཡར་འབྲོག་གཡུ་མཚོར་འབོད་པ་ནི། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་ཏེ་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་སྣ་དཀར་རྩེ་རྫོང་གི་བྱང་ཕྱོགས་སུ་ཆགས་ཡོད་ཅིང་ལྷ་ས་ནས་བར་ཐག་སྤྱི་ལེ་150ཙམ་ཡོད། མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་678ཡོད་ཅིང་། མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི་4441དང་གཏིང་ཚད་ཆེས་ཟབ་སར་སྨི་59ཙམ་ཡོད། མཚོ་འདིའི་བྱང་ངོས་དོག་ལ་ལྷོ་ངོས་ཡངས་པ་དང་མཚོ་ནང་ན་གླིང་ཕྲན་ཆེ་ཆུང་བཅུ་ཐམ་པ་ཡོད། གླིང་ཕྲན་དེ་དག་གི་སྟེང་གི་སྟེང་དུ་རྩྭ་ཆུ་ཤིན་ཏུ་འཛོམས་པས་ཡུལ་དེའི་འབྲོག་མི་ཚོས་དབྱར་དུས་སུ་ཕྱུགས་ཟོག་ཀོ་གྲུས་བསྐྱལ་ནས་གླིང་ཕྲན་དེ་དག་ཏུ་འཚོ་བཞིན་ཡོད། །
ཡར་འབྲོག་གཡུ་མཚོ། ཤེས་བྱས་པར་བླངས།གནམ་མཚོ་ཕྱུག་མོ།
羊卓雍错 西夏/摄
གནམ་མཚོ་ཕྱུག་མོ།
纳木措
གནམ་མཚོ་ཕྱུག་མོ། ལུའི་ལིང་ལུང་གིས་པར་བླངས།
纳木措 图 / 吕玲珑
མཚོ་ཆེན་གནམ་མཚོ་ཕྱུག་མོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་གནམ་སྔོན་ཐང་ལ་ལྷུང་འདྲའི་ཚུལ་དུ་ཡོད་ཅིང་མིང་གཞན་ལ་གནམ་མཚོ་ཡང་ཟེར། ལྷ་ས་དང་བར་ཐག་སྤྱི་ལེ་230ཙམ་ཡོད་ལ་ཚང་མ་སྣུམ་ལམ་ཡིན་པས་འགྲོ་བདེ་པོ་ཡོད། མཚོ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1993ཙམ་ཡོད་ཅིང་། རྟ་ཞོན་ནས་དལ་འགྲོས་ཀྱིས་མཚོ་ལ་སྐོར་བ་ཕྱིན་ན་ཉིན་བཅུ་གཅིག་ལ་འཁོར་ཟེར་སྲོལ་ཡོད། མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི་4718དང་གཏིང་ཚད་ཆེས་ཟབ་སར་སྨི་120ལས་བརྒལ་ཡོད། མཚོ་འདིའི་དབྱིབས་ནི་མཚོ་འགོ་ནུབ་ཕྱོགས་སུ་ཡོད་པ་དེ་རྒྱ་ཆེ་ཞིང་། མཚོ་མཇུག་ཤར་ཕྱོགས་སུ་ཡོད་པ་ནི་རྒྱ་ཆུང་བ་ཐུར་མའི་དབྱིབས་དང་འདྲ་བ་ཞིག་ཡིན། །
མ་ཕམ་གཡུ་མཚོ།
玛旁雍措
མ་ཕམ་གཡུ་མཚོ། ལུའི་ལིང་ལུང་གིས་པར་བླངས།
玛旁雍措 图 / 吕玲珑
མཚོ་མ་དྲོས་པ་སྟེ་ཡོངས་གྲགས་སུ་མཚོ་མ་ཕམ་ཞེས་འབོད་པ་དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཤར་དུ་སྤྱི་ལེ་35ཡི་སར་ཡོད་ཅིང་། གཡུ་མཚོ་ཞེས་འབོད་དོན་ནི་མཚོའི་མདོག་ལ་བརྟེན་ནས་བཏགས་པ་ཡིན། མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་412ཡོད་ཅིང་མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི་4588ཡོད། ཆ་སྙོམས་གཏིང་ཚད་ལ་སྨི་46དང་གཏིང་ཚད་ཟབ་ཤོས་ལ་སྨི་81.8ཙམ་ཡོད། 《 མངོན་པ་མཛོད། 》 ལས། དེ་ལས་འབབ་པའི་ཆུ་བོ་བཞི། །གངྒཱ་དང་ནི་སིན་དྷུ་དང་། །སི་ཏ་དང་ནི་པཀྵུའོ། །ཞེས་གསུངས་པ་ལྟར་དེའི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པར་གྲགས་ལ། མཚོ་འདིའི་གཡས་འགྲམ་ན་འཛམ་བུ་ཏྲི་ཥའི་སྡོང་པོ་ཡོད་པར་གྲགས་པ་སོགས་ངོ་མཚར་ཤིན་ཏུ་ཆེ། །
མཚོ་སྔོན་པོ།
青海湖
མཚོ་ཁྲི་ཤོར་རྒྱལ་མོ། ཀུན་བཟང་རྒྱ་མཚོས་པར་བླངས།
青海湖畔 图 / 更藏尖措
མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་ཁུལ་ཏེ་ཟི་ལིང་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་སྤྱི་ལེ་150ལྷག་གི་སར་ཡོད། སོག་སྐད་དུ་ཁུ་ཁུ་ནོའར་དང་གནའ་དུས་རྒྱའི་ཡིག་ཚགས་ནང་ཞི་ཧའེ་(西海)ཞེས་བཀོད་འདུག མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་4337.48ཡོད་ཅིང་མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི་3190ལྷག་ཡོད། གཏིང་ཚད་ཟབ་ཤོས་ལ་སྨི་32.8ཙམ་ཡོད་དེ་མཚོ་འདི་ནི་རང་རྒྱལ་གྱི་སྐམ་སའི་ཐོག་ཡོད་པའི་ཚྭ་མཚོ་ཆེ་ཤོས་ཤིག་ཡིན། མཚོ་ནང་དུ་མཚོ་སྙིང་རི་དང་མཚོ་འགོའི་གླིང་ཕྲན། མཚོ་མཇུག་གི་མཚེར་པ་རི། འདྲེ་མོ་བྲག་དཀར། འདབ་ཆགས་གླིང་བཅས་གླིང་ཕྲན་ལྔ་ཡོད་པ་དང་། དེའི་ནང་ནས་མཚོ་སྙིང་རི་བོ་ནི་ཆེ་ཤོས་ཡིན། །