སྡེ་དགེའི་པར་ཁང་བཞེངས་པ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐུ་བརྙན།
德格印经院创建者登巴泽仁雕像
རྒྱལ་རབས་གོང་མ་རྣམས་ཀྱི་སྐུ་རིང་ལ། །སྔོན་རབས་གོང་མས་མཛད་ཚུལ་གནད་ཆེ་བས། །
མི་རབས་རྗེས་མའི་རྣ་བའི་གསོས་སྨན་དུ། །བྱུང་རབས་གཏམ་གྱི་རྔ་ཆེན་འདི་ན་བརྡུང་། །
དེ་ཡང་མདོ་ཁམས་སྡེ་དགེའི་ཡུལ་ན་བཟོ་ལས་ལག་རྩལ་ཀུན་གྱི་ཡང་རྩེ་གཅིག་ལས་དུ་མ་འབྱུང་བའི་ངོ་མཚར་པར་གྱི་འཕྲུལ་བརྐོས་ལ་མཛད་རྗེས་ཆེ་བའི་སྐུ་ཚེ་ཡི་རང་ཚང་ཞེས་གྲགས་པ་ནི། ཐོག་མར་དཔལ་ཡུལ་ས་ངན་ཕྱོགས་ན་མདུང་རྩེ་དང་མདུན་ལད་ཟེར་བའི་ཕ་ཚོ་ཆེན་པོ་གཉིས་ཡོད་པའི་མདུང་ལད་ཚང་གི་བུ་ལྷ་དབང་ཟེར་བ་འཁྱམ་ཉུལ་དུ་སོང་སྟེ་དཔལ་ཡུལ་མདའ་མཁར་ལུང་ནང་ན་ལོ་འགའ་ལ་བསྡད། དུས་དེར་འབྲི་ཆུ་ནུབ་རྒྱུད་རྨུགས་སངས་ཕྱོགས་སུ་འཁྱམ་ནས་ཡུན་རིང་འགོར་བའི་མཐར་དཔལ་དྲོ། (ཡུལ་སྐད་ལ་སྤེས་དྲོ་ཟེར།) ཡེ་སངས། (ཡུལ་སྐད་ལ་ཡེ་ཚང་ཟེར།) དབྱིག་ཡུལ། (ཡུལ་སྐད་ལ་སྒྱིད་ཡུལ་ཟེར།) ཡུལ་གདམས་སམ་(ཡུལ་སྐད་ལ་ཨ་དམ་ཟེར།)ཁང་ར་བཅས་སྐུ་ཚེ་ལ་རྒྱབ་ཤོག་བཞིའམ་དཔལ་ཁང་ཤོག་བཞིར་གྲགས་པའི་ནང་ཚན་ཡེ་སངས་ནང་ན་བྱམས་ཐོག་ཚང་ལ་བུ་མོ་སྤུན་གཉིས་ཡོད་པའི་མག་པ་བྱས་ནས་བསྡད་པས་བྱམས་ཐོག་ལྷ་དབང་ཡང་ཟེར། དེ་སྐབས་སྲིན་བུས་ཤིང་ཟོས་ཤུལ་དུ་ཡི་གེ་ས་ལེགས་པ་ཞིག་བྱུང་བ་མཐོང་བ་དང་། ཡང་ཉིན་ཞིག་སའི་ཐོག་ན་འབུ་ཞིག་འགྲོ་བ་ལ་ཡང་ཡང་བལྟས་པས་འབུ་སོང་བའི་རྗེས་སུ་ཡི་གེ་ས་ཕྱིར་ལོག་གཅིག་སོགས་ཡིག་འབྲུ་འགའ་ཞིག་བྱུང་བ་མཐོང་བས། སྲིན་བུས་རང་གར་ཤིང་ཟོས་པ་དང་། གྲོག་སྦུར་རང་གར་ས་ཐོག་ཏུ་རྒྱུ་བས་སྟབས་ལེགས་སྟེས་དབང་གིས་ཡི་གེ་འདི་འདྲ་བྱུང་རྒྱུ་ཡོད་ན་མི་ཡིས་འབད་རྩོལ་བྱས་ན་མི་ཤེས་རྒྱུ་ཅི་ཡོད། དེས་ན་མ་འོངས་བསྟན་འགྲོར་ཕན་བདེ་འབྱུང་བའི་བཙས་སུ་ཤིང་པར་ཞིག་བརྐོ་དགོས་འདུག་བསམ་པས་པར་བརྐོ་བར་བརྩོན་ཀྱང་ཡག་པོ་ཞིག་གཏན་ནས་མ་ཤེས། ནུབ་གཅིག་རྨི་ལམ་དུ་བུད་མེད་གོས་དཀར་པོ་གྱོན་པ་ཞིག་གིས་སང་ཉིན་ཕ་ཞིང་མདུང་རྩེ་རྨོས་དང་། ཁྱོད་རང་གི་འདོད་དོན་བསྒྲུབ་པའི་ལག་ཆ་ཚང་བ་ཞིག་ཡོད་ཅེས་ལུང་བསྟན་པ་ལྟར་བྱམས་ཐོག་ཚང་གི་གཡོན་ཕྱོགས་ཀྱི་ཕ་ཞིང་མདུང་རྩེ་བྱ་བ་རྨོས་པས། ཞིང་གི་རུལ་ནང་ནས་གསེག་གཅོད་མཆེ་ཅན་དང་། མཆེ་མེད་དང་། གསེག་གཅོད་འཐུག་པོ་དང་། སེན་རྒྱབ་དང་། ཁ་འཇུ་དང་། ཁ་འཇུ་ཁ་སྡེར་དང་། སྒམ་གཟོང་དང་། སྦོ་འབུག་དང་། མིག་འབུག་དང་། སྐེ་འབུག་དང་། ཚེག་འབུག་དང་། དཔུང་འབུག་དང་། འབྲུ་འབུག་དང་། མགོ་འབུག་དང་། སྒམ་འབུག་བཅས་ཤིང་པར་བརྐོ་བྱེད་ཀྱི་ལག་ཆ་ཕལ་ཆེར་རྙེད་པ་དང་། ཡང་དཔྱིད་ཀ་ཕྲུ་སློག་ནས་གོང་རུལ་རྒྱག་དུས་ཁ་ས་དེད་བྱེད་ཀྱི་ལྡེམ་བཀུག་ཀྱང་རྙེད་པས། ཐམས་ཅད་ངོ་མཚར་ཆེན་པོ་སྐྱེས་ཏེ་ལྷ་དབང་གི་ལག་ཆ་གཏེར་མ་རེད་ཅེས་ཟེར་བ་བྱུང་། དེ་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་སྔར་རྒྱུན་བཞིན་པར་བརྐོ་ཨེ་ཤེས་བལྟས་པས། ནུབ་ཅིག་ཤོག་བུའི་ཐོག་བྲིས་པའི་ཡི་གེ་རྣམས་པར་གཞིའི་ཤིང་གི་ངོས་ལ་སྦྱར་ནས་ཤོག་བུ་མར་བཀོག་པ་དང་ཡི་གེ་ཐམས་ཅད་པར་ཤིང་གི་ངོས་སུ་གསལ་འདུག་པར་སྲེག་གཅོད་སོགས་སྔར་ཞིང་གི་རུལ་ནང་ནས་རྙེད་པའི་པར་བརྐོ་བྱེད་ཀྱི་ལག་ཆ་རྣམས་ཀྱིས་བརྐོས་པས་པར་བརྐོ་ཤེས་པ་དང་དེ་ཡང་ལེགས་པོ་ཞིག་བྱུང་འདུག་པ་རྨིས། ཕྱི་ཉིན་དགའ་སྤྲོ་ཆེན་པོས་བརྐོས་པས་ལེགས་པར་ཐོན་པ་བྱུང་སྟེ། སྤར་ཤིང་གི་ཐོག་མར་མགོན་པོ་ཚེ་དཔག་མེད་ཀྱི་མདོ་སྡེ་ཞིག་བརྐོས་པ་ལེགས་གྲུབ་བྱུང་བས། སྤར་གྱི་ཐོག་མ་ཚེ་མདོ་འདི་ཉིད་སྡེ་དགེའི་ཆོས་རྒྱལ་ཆེན་པོ་ལ་འབུལ་དགོས་སྙམ་པ་བྱུང་།
ཡང་དེ་སྐབས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྒྱལ་བ་ཉིད་ཀྱིས་དངོས་སུ་ལུང་གིས་ཟིན་པ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་ཞེས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པ་ལ་ཡང་ལྷ་སྲུང་གིས་པར་ཁང་བཞེངས་དགོས་པའི་བསྐུལ་མ་བྱུང་བ་སྟེ། ཉིན་ཞིག་རྒྱལ་པོ་ཉིན་དགོན་ཕོ་བྲང་འོག་གི་དེའུ་འབུར་ཕྱིས་པར་ཁང་བཞེངས་སའི་གཤམ་དེར་ཆབ་བསིལ་མཛད་དུ་ཕེབས་པ་ན། གློ་བུར་དུ་དེའུ་འབུར་དེའི་རྒྱབ་ནས་བྱིས་པ་ཞིག་གིས་ཡི་གེ་ཀློག་པའི་སྒྲ་ཞིག་གསན། ཁོང་གིས་ཆབ་བསིལ་མཛད་རྗེས་དེའུ་འབུར་དེ་ལ་བསྐོར་བ་མཛད་ནས་གཟིགས་རྟོག་གནང་ཡང་དཔེ་ཆ་ཀློག་པའི་བྱིས་པ་ཞིག་གཏན་ནས་མ་རྙེད། དེ་ནས་ས་དེར་ཉིན་འགའ་ལ་བྱིས་པ་ཞིག་གིས་ཡི་གེ་ཀློག་པའི་སྒྲ་ཞིག་གསན་པའི་རྐྱེན་གྱིས་མཚན་མོ་གཟིམས་ཀྱང་མ་ཁུག་པར་དོན་དེ་ལ་ཐུགས་བསམ་ཡང་ཡང་བཞེས་དགོས་བྱུང་བ་དང་། ཡང་ལྷ་རིགས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཉིན་ཞིག་ཆབ་ཁང་དུ་ཆབ་བསིལ་མཛད་པར་ཕེབས་དུས་ཕྱིས་པར་ཁང་ཐོག་མར་བཞེངས་སའི་དེའུ་འབུར་ཞིག་ཡོད་པ་དེའི་སྟེང་དུ་ཁྱེའུ་མང་པོས་པར་ཁང་བཞེངས་པ་ཡིན་ཟེར་ནས་རྟ་ལུད་ཇ་སྒམ་འདྲ་བ་རྣམས་བརྩེགས་བཞིན་ཡོད་པ་གཟིགས་པ་རྐྱེན་བྱས། འཇིག་རྟེན་ཐོག་ལས་ཀ་གལ་ཆེ་ཤོས་དེ་བསྟན་འགྲོར་ཕན་བདེ་འབྱུང་བའི་གཞི་མ་རྒྱལ་བའི་གསུང་རབ་རིན་པོ་ཆེ་དར་སྤེལ་གཏང་རྒྱུ་དེ་རེད་འདུག་པས། འདི་ན་གསེར་སོགས་ཀྱི་ལོངས་སྤྱོད་མང་པོ་འདུག་པ་རྣམས་ཀྱིས་ས་འདིར་པར་ཁང་ཞིག་བཞེངས་རྒྱུ་བྱུང་ན་ཅི་འདྲའི་དགེ་མཚན་ཆེ་བ་འདུག་སྙམ་དུ་དགོངས་པ་བྱུང་། རྒྱལ་པོ་ཕྱག་ལས་མང་བས་བྲེལ་ནས་དགོངས་བཞེད་དེ་སྐབས་ཤིག་ལ་དྲན་སོས་པར་མ་བྱུང་བ་ན། ནུབ་ཅིག་རྨི་ལམ་དུ་ཁྱོད་ཀྱིས་ཆབ་ཁང་ནས་རྙེད་པའི་ནོར་བུ་དེ་འཕྲོ་བརླག་མ་གཏང་ཞེས་ཟེར་བྱུང་བ་ན། ཨ་རེ་མཚར་མོ། ངས་ཆབ་ཁང་དུ་ནོར་བུ་ཞིག་མ་རྙེད། ཅི་འདྲ་ཡིན་ཡོང་སྙམ་དུ་དགོངས་པ་ན། ཡང་རྨི་ལམ་དུ་སྒྲོལ་མ་འདྲ་བའི་བུད་མེད་ཅིག་གིས་ལུང་བསྟན་ཏེ། ཁྱོད་ཀྱིས་ཆབ་ཁང་དུ་རྙེད་པའི་ནོར་བུ་དེ་རྒྱལ་བའི་གསུང་རབ་དར་སྤེལ་གཏང་ཕྱིར་པར་ཁང་བཞེངས་དགོས་སྙམ་པའི་དགོངས་པ་བྱུང་བ་དེ་ཡིན་གསུངས་པ་བྱུང་། དེ་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་རྒྱལ་བའི་གསུང་རབ་པར་དུ་བསྒྲུབ་རྒྱུ་དང་པར་ཁང་བཞེངས་རྒྱུའི་ཐུགས་བཀོད་ཡོད་ཚུལ་ནང་འཁོར་ལ་གསུངས་མཛད་པར་བརྟེན་བྱམས་ཐོག་ལྷ་དབང་གིས་ཀྱང་དེའི་ཚུལ་གོ་བས་ས་དེར་པར་བརྐོ་སར་འགྲོ་དགོས་བསམ་སྟེ་རྒྱལ་པོ་ལ་གཟིགས་འབུལ་ཞུ་རྒྱུའི་ཀ་དཔེ་ལྡེབ་ཤར་གཅིག་ཀྱང་བརྐོས། དེ་ནས་པར་ཤིང་རྣམས་གླང་ཞིག་ལ་བཀལ་ནས་ཡོང་བས་རོང་གསུམ་གདུག་སྣ་མདོའམ་ཐང་ཕུག་ཏུ་གྲགས་པ་ན་ཞག་སྡོད་བྱས་ནུབ་ཀ་དཔེ་པར་ཤར་ལྡེབ་གཅིག་ཡོད་པ་རྐུ་ལ་ཤོར། དེ་ནས་ཚེ་མདོའི་སྤར་ཤིང་བཀལ་ནས་ཡོང་བས་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པའི་གསེར་ཁྲི་ལ་བཞུགས་པའི་མི་དབང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་རྒྱུའི་ཐུགས་བཀོད་གནང་ནས་འབྲི་ནུབ་འཛོམ་ཐོག་ཏུ་བཞུགས་པ་དང་འཕྲད་ཀྱང་ངོ་མ་ཤེས། ཆོས་རྒྱལ་ཆེན་པོས་ཁྱོད་གང་དུ་འགྲོ་ཞེས་དྲིས་པས། ཁོ་བོས་བརྐོས་པའི་པར་གྱི་ཐོག་མ་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་འབུལ་དུ་འགྲོ་བ་ཡིན་ཞུས་པས། ཆོས་རྒྱལ་ཆེན་པོའི་ཐུགས་ལ་པར་གྱི་ཐོག་མ་འཛོམ་ཐོག་ནས་འཛོམས་པས་པར་ཁང་འཛོམས་པའི་རྟེན་འབྲེལ་ཡིན་དགོངས་ནས་བཞུགས་གནས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཉིན་དགོན་ཕོ་བྲང་དུ་ཕྱིར་ཕེབས་ཏེ། འཁོར་གཡོག་རྣམས་ལ་དེ་རིང་མགྲོན་པོ་གལ་ཆེན་ཞིག་འབྱོར་ངེས་པས་གསོལ་སྟོན་ལེགས་པར་ཤོམས་ཞེས་བཀའ་བསྩལ། མི་རྒན་གྱིས་གླང་ཁྲིད་དེ་སྐུ་ཚེ་ནས་རྐང་འགྲོས་ཞག་གསུམ་གྱི་ཉིན་སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྟེང་དུ་འབྱོར་ནས་ད་ལྟར་པར་ཁང་བཞུགས་པའི་ས་དེར་རྩེབས་པ་ན། གླང་ཕར་འདྲོགས་ཚུར་འདྲོགས་བྱས་པས་པར་ཤིང་ཕྱོགས་ཀུན་ཏུ་གཏོར་བྱུང་བས། རྒྱལ་པོས་ཉིན་དགོན་ཕོ་བྲང་ནས་མར་གཟིགས་དུས་ཐུགས་དགྱེས་ཏེ། དེ་རིང་རྟེན་འབྲེལ་ཤིན་ཏུ་འགྲིགས་སོང་། ངེད་ཀྱི་པར་ཁང་དེའི་རྒྱ་ཁྱོན་ལ་གླང་གིས་པར་ཤིང་གཏོར་སའི་རྒྱ་ཁྱོན་ཙམ་དང་། བཞེངས་སའང་གནས་འདི་ཉིད་དུ་བྱ་དགོས་དགོངས་ནས་དེ་བཞིན་བགྱིད་རྒྱུའི་ཐུགས་ཐག་བཅད། དེ་ནས་ཕོ་བྲང་དུ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་མདུན་སར་བཅར་ཏེ་ལོ་རྒྱུས་ཞུས་པས། རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་པས་ད་ལན་བདག་གིས་པར་ཁང་ཞིག་བཞེངས་བསམ་པ་ཡོད་དུས་པར་བརྐོས་དང་འཕྲད་པ་རྟེན་འབྲེལ་ཤིན་ཏུ་བཟང་། ཚེ་མདོའི་པར་ཤིང་ལ་རིན་ཇི་ཙམ་དགོས་ཞེས་གསུངས་པར། རྒྱུ་འགྲོ་སོང་བྱས་ན་མཛོ་མོ་བརྒྱད་དགུ་ཙམ་གྱིས་ཆོག་ས་ཡོད། ཆོས་ཀྱི་ཆེ་བ་བྱས་ན་མཛོ་མོ་བཅོ་ལྔ་བྱས་ནའང་ཆུང་ས་མེད་ཞུས་པས། རྒྱལ་པོས་ཆོས་ཀྱི་ཆེ་བ་ཡིན་གསུངས་ནས་མཛོ་མོ་བཅོ་ལྔ་དང་། དེའི་སྟེང་དུ་དཔའ་དར་ལ་མཛོ་མོ་གཅིག་བཅས་མཛོ་མོ་བཅུ་དྲུག་ཐམ་པ་གནང་ཞེས་གྲགས།
པར་འདེབས་བཞིན་པ། 正在印刷
ཚེ་མདོའི་པར་ཤིང་དེ་ཉིད་ད་ལྟ་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་ཡོད། རྗེས་སུ་མི་ཞིག་གིས་ལྷ་དབང་གིས་བརྐོས་པའི་ཀ་དཔེ་དེ་ཁྱེར་ནས་ཁོ་རང་གིས་བརྐོས་ཚུལ་བཤད་པར། རྒྱལ་པོས་ད་ལན་སྐད་ཆ་གཞན་ཅི་མེད། འདིས་ཁྱོད་རང་བྲོ་ཁ་ཉོ་སྤྱད་གྱིས་གསུངས་ནས་དངུལ་དཀར་རྡོ་ཚད་གཅིག་གནང་བས་ཀ་དཔེ་རྡོ་ཚད་རིན་པ་ཟེར། འདི་ཡང་པར་ཁང་ཆེན་མོར་བཞུགས་ཡོད། དེ་ནས་སྨན་རྒྱལ་ཚེའི་རིག་བྱེད་འཛིན་པ་གཡུ་ཐོག་པའི་རྣམ་སྤྲུལ་ས་ལ་སྤྱོད་པའི་དབང་པོ་བསྟན་པ་ཚེ་རིང་ཞེས་ཡོངས་སུ་གྲགས་པས་བཀའ་འགྱུར་པར་དུ་བརྐོ་རྒྱུའི་ཐུགས་ཐག་བཅད་ནས་པར་དུ་བརྐོ་སའི་པར་ཤིང་ལེགས་པ་ཞིག་ཅི་འདྲ་ཡོད་ཡོང་སྙམ་དུ་དགོངས་པ་ན། རྗེ་བཙུན་སྒྲོལ་མས་པར་གཞིའི་ཤིང་ལུང་པའི་ཕུ་ལ་ཡོད་པའི་ལུང་བསྟན་བྱུང་བ་བཞིན་པར་ཤིང་མང་བ་ཞིག་དངུལ་སྲིབ་ལ་ཁ་ནས་བཏུས་ཟེར་ཞིང་། འདི་ནི་སྔ་མོར་རྒྱལ་ཁབ་ཀྱི་ཕོ་བྲང་ཆེན་པོ་ན་བཞུགས་པའི་རི་ནུབ་དར་རྫོང་གི་སྒྲུང་དཔེ་རྙིང་པ་ཞིག་ཏུ། གླིང་རྗེ་གེ་སར་རི་ནུབ་དར་རྫོང་ཕབ་སར་བྱོན་ནས་རྒྱ་མཚོ་ཆེན་པོའི་འགྲམ་ནས་ཕྱིར་ཕེབས་དུས། ཆིབས་པ་རྣམས་ཚ་བས་གདུང་ནས་མཚོ་འགྲམ་བྱེ་མའི་ནང་ཉལ་བ་ན། གླིང་རྗེ་གེ་སར་གྱིས་བྱེ་མ་བརྐོ་བཅུག་པའི་ནང་ན་ཤིང་འབྲས་ཁྱད་འཕགས་མང་པོ་འདུག་པ་ཁུར་འགྲོ་དགོས་གསུངས། ཤིང་འབྲས་འདི་ཅི་འདྲ་རེད་ཅེས་ཞུས་པས། མཚོ་ཆེན་པོ་མ་དྲོས་པའི་འགྲམ་ན་འཛམ་བུའི་ཤིང་ཞེས་བྱ་བ་ཡོད་པའི་འབྲས་བུ་མཚོ་ནང་དུ་ལྷུང་བ་རིམ་པས་རྒྱ་མཚོ་ཆེན་པོར་ཁྱེར་བྱུང་བ་མཚོ་འགྲམ་བྱེ་མའི་ནང་དུ་བསྐྱིལ་བ་རེད་གསུངས། དེ་ནས་གླིང་རྗེ་སྐུ་འཁོར་རྣམས་རིམ་པས་བྱོན་ཏེ་མདོ་ཁམས་གླིང་ཡུལ་ད་ལྟ་སྡེ་དགེ་ལྷུན་གྲུབ་སྟེང་དུ་གྲགས་པའི་ས་ཆ་འདིར་ཕེབས་པ་ན། གླིང་རྗེ་གེ་སར་གྱིས་སྔར་རྒྱ་མཚོ་ཆེན་པོའི་འགྲམ་ནས་ཁྱེར་ཡོང་བའི་ཤིང་འབྲས་རྣམས་འདེབས་དགོས་གསུངས་ནས་ལུང་པའི་ཕུ་ལ་འདེབས་པར་མཛད། དེའི་རྒྱུ་མཚན་ཅི་ལགས་ཞུས་པས། ཡུལ་འདིར་མ་འོངས་པར་ཆོས་ཀྱི་རྒྱལ་བུ་རིན་པོ་ཆེ་བྱ་བས་རྒྱལ་བའི་གསུང་རབ་པར་དུ་བཞེངས་པའི་པར་ཤིང་བྱེད་དགོས་རེད་ཅེས་གསུངས་པ་ཡོད་ཚུལ་སྒྲུང་ཡིག་དེ་དངོས་སུ་མཇལ་མྱོང་བའི་མིས་བཤད་པ་དང་ཤིན་ཏུ་མཐུན་པ་འདུག་པར་མ་ཟད། དངུལ་སྲིབ་ལ་ཁར་ཤིང་སྡོང་གི་རྟིང་པ་ལུས་པ་དུས་ཕྱིས་ཀྱི་བར་དུ་ཡོད་ཅེས་དེ་ཉིད་དངོས་སུ་མིག་མཐོང་བྱུང་བས་བཤད། དེས་ན་བཀའ་འགྱུར་གྱི་པར་ཤིང་འདི་ཤིན་ཏུ་རྩ་ཆེན་པོ་ཡིན་ཕྱིར་དགུན་དུས་པར་བརྐོས་རྣམས་རང་ཡུལ་དུ་ཕྱིར་ལོག་དུས་པར་ལྡེབ་ཁ་ཤས་བརྐོ་རྒྱུ་བསྐུར་སྐབས་པར་ཤིང་བརྗེ་འགྲོ་བའི་དོགས་པས་རེད་ཟེར་ནས་དཀོན་བརྩེགས་(པོད་ག་པ་སོགས།)དང་། ཕལ་ཆེན། མདོ་སྡེ་སོགས་བཀའ་འགྱུར་གྱི་པར་ཤར་ཉིས་བརྒྱ་གྱ་བརྒྱད་ཙམ་གྱི་པར་ཡུའི་ངོས་ལ་སྡེ་དགེའི་སྡིག་ཐམ་བརྒྱབ་འདུག་ཅིང་། བཀའ་འགྱུར་གྱི་པར་ཤིང་འདི་པར་ཁང་གི་པར་ཤིང་གཞན་དང་གཏན་ནས་མི་འདྲ་བར་ཤིང་མདོག་དཀར་པོ་བ་སོ་འདྲ་བ་རུས་ཀ་ཆེན་པོ་ཅན་ལོ་རེ་བཞིན་ཚར་གྲངས་ཅི་ཙམ་མང་པོ་བཏབ་ཀྱང་ཟད་སྐྱོན་ཆེར་འགྲོ་རྒྱུ་མེད་པའི་ངོ་མཚར་ཆེན་པོ་ཞིག་ཡོད་པ་ཡིན། དེ་ནས་སྡེ་དགེའི་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་ཡབ་སྲས་ཀྱིས་ཐུགས་བརྩོན་ཆེན་པོས་ཆོས་སྦྱིན་མི་ཟད་འདོད་པ་འབྱུང་བའི་ཕྱི་མོ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་དུ་བཞེངས་དུས་ད་རེས་འདི་འདྲའི་རྟེན་བཞེངས་ཆེན་པོ་ཞིག་བྱེད་དུས་སྒྲིབ་པའི་དཔུང་ཆེན་པོ་གཞོམ་ཞིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསག་པའི་ཕྱིར་པར་ཡོན་ཤིན་ཏུ་ཆེ་བ་ཞིག་ཕུལ་དགོས་གསུངས་ནས་མཚམས་རེ་ལ་པར་མིག་གསེར་ཕྱེས་བཀང་ནས་པར་ཡོན་ཕུལ་བའང་བཤད་ཅིང་། དེའང་སྔར་ཨ་ལོ་དིང་རིང་སྒང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་འཁྲུངས་ནས་ཡུན་རིང་མ་སོང་དུས་ཁུ་བོ་ཨ་ལོ་བླ་མ་ཀུན་མཁྱེན་གྱིས་མགོན་ལྕེ་གཤིས་མཁར་ནག་ཆུ་འགྲམ་སྤང་ཐོག་ལ་བཞུགས་གྲྭ་བསྒྲིགས་ནས་སི་ཏུ་སྐུ་བདག་མཛད་དུ་རྒྱལ་པོ་ཕེབས་དགོས་ཞུས་དུས། མཁར་ནག་ཆུ་མགོ་ན་རྡོ་ནག་ལྕི་མོ་ཇ་བག་འདྲ་ཞིག་འདུག་པ་བླངས་ནས་རྒྱལ་པོའི་གསོལ་སྐྱག་བྱས་པས་རྒྱལ་པོས་ཕེབས་ཁར་འདི་ང་ལ་དགོས་གསུངས་ནས་རུམ་དུ་བཅུག་སྟེ་བསྣམས་སོང་བ་དེ་ཉིད་དོན་ལ་གསེར་ཡིན་པ་ཀླུ་མཁར་ནག་གིས་རྒྱལ་པོ་ལ་ཕུལ་བར་གྲགས་པ་དང་། པར་ཁང་ཆོས་མཛོད་ཆེན་མོ་བཞེངས་རྒྱུའི་ཐུགས་བཀོད་གནང་སྟེ་ས་འདུལ་རྟེན་འབྲེལ་བཅས་གྲུབ་ནས་ས་སྔོག་སྐབས་གསེར་ལུག་གི་མགོ་ཙམ་ཞིག་ཐོན་པ་སོགས་རྒྱལ་པོ་རང་གི་བསོད་ནམས་ཀྱི་སྟོབས་ལས་སྔ་རྗེས་སུ་གསེར་མང་པོ་འབྱོར་པ་རྣམས་ཁོང་གིས་པར་ཁང་བཞེངས་པའི་མ་རྩ་འགྲོ་སོང་བྱ་རྒྱུའི་ཐུགས་ཐག་བཅད་པ་ལྟར་པར་ཡོན་ལ་ཕུལ་བ་ཡིན་ཚུལ་གསུངས། ཡང་དེ་སྐབས་པར་རྐོ་རྣམས་ལ་ཤ་སྐལ་སྦྱིན་རྒྱུ་ཡོད་པར། པར་བརྐོས་འབྲོག་པའི་གྲྭ་ཕྲུག་ཤ་མང་པོ་བཟའ་དགོས་པ་ཞིག་ཡོད་པ་ལ་པར་དཔོན་གྱིས་ཤ་སྐལ་ཆུང་ཆུང་གྱིས་ཞེས་བཟླས་ཏེ་ཤ་སྐལ་ཆུང་ཆུང་ལས་མ་སྦྱིན་པས་རྐྱེན་བྱས། གྲྭ་ཕྲུག་དེས་མདོ་སྡེ་དཀོན་མཆོག་བརྩེགས་པ་རྐོ་ནས་ཡོད་དུས་ཡི་གེ་ཤ་རྣམས་ཆུང་ཆུང་བྱས་ནས་བརྐོས། པར་རྩིས་ལེན་སྐབས་གྲྭ་ཕྲུག་གིས་ཤ་རྣམས་ཆུང་ཆུང་ལས་བརྐོས་མེད་པས་ཅི་ཡིན་བཟླས་དུས། པར་དཔོན་ལགས་ཀྱིས་གྲྭ་ཕྲུག་གི་ཤ་ཆེ་འགྲོ་འདུག་ཟེར་བ་གོ་བས། ངས་ཤ་ཆེན་པོ་རེད་འགྲོ་ཡིན་འདུག་བསམ་ནས་ཆུང་ཆུང་བྱས་པ་ཡིན་ཞེས་ཟེེར། དེའི་ཚུལ་གཞན་གྱིས་གོ་དུས་དེ་ཡང་རྟགས་རྟེན་ཞིག་རེད་བཟླས་ནས་དེ་འཕྲོས་ཀྱི་དཀོན་བརྩེགས་རྣམས་ཤ་ལྟར་ཡིག་འབྲུ་ཆུང་ཆུང་བྱས་ནས་བརྐོས་རབས་བཤད། རྒྱལ་བའི་འདྲ། །ཅ་ནི་གཅིན་རྫ་ལུང་མེད་འདྲ། །ཆ་ནི་མི་རྒན་རླིག་པ་འདྲ། །ཆ་ཡ་ནས་ལ་ཆ་ཡ་སྲན། །ཅ་མིག་ཆ་མིག་ཉ་མིག་གསུམ། །ཆ་ནང་ཉ་མོའི་མིག་འདྲ་དགོས། །ཉ་རྐང་ཏ་རྐང་ཧ་རྐང་གསུམ། །ཕུར་པའི་ཐིག་ལས་དྲངས་འདྲ་དགོས། །
པར་རྐོ་བཞིན་པ། 雕刻印版
ཐ་སྟོད་དཔའ་བོའི་ཡ་ཐོད་འདྲ། །ཐ་སྨད་ལྷ་འདྲེའི་ཧོམ་ཁུང་འདྲ། །
ཐ་སྟོད་ཤ་ལ་ཐ་སྨད་བ། །ད་ནི་མོ་རྐྱང་ལྡེམ་ཡག་འདྲ། །ན་ནི་མོ་ཡིས་རྫེའུ་ཁུར་འདྲ། །པ་ནི་ལྷ་ཁང་སྒོ་ཕྱེས་འདྲ། །ཟག་མཆུ་ཚེར་མ་ཁ་གཤིབས་འདྲ། །ཕ་ཁོག་ལྷ་ཁང་སྒོ་ཕྱེས་འདྲ། །ཕ་ཐུར་(འཕྲེད་ཆོད།)ཤ་འབུ་འཕྲེད་འགྲིལ་འདྲ། །བ་ནི་ལྷ་ཁང་སྒོ་འགེབས་འདྲ། །ཟག་མཆུ་ཚེར་མ་ཁ་གཤིབས་འདྲ། །མ་མིག་ཉ་མོའི་མིག་དང་འདྲ། །མ་སྐེ་བྲག་ཐེམ་གླ་སྐེ་འདྲ། །ཟག་མཆུ་ཚེར་མ་ཁ་གཤིབས་འདྲ། །ཙ་འཕྲུ་ཆུ་བྱའི་སྐེ་འདྲ་ལ། །ཚ་འཕྲུ་ཛ་འཕྲུའང་དེ་དང་འདྲ། །ཝ་སྟོད་ལ་ལ་ཝ་སྨད་བ། །ཡར་འཕུལ་ཕུར་པ་བཏབ་པ་འདྲ། །འ་ནི་ཟངས་དཀར་སྦུབ་པ་འདྲ། །སྦུག་སྣེ་(སྟོད་ཕུབ།)རྟ་ཡི་རྨིག་དབྱིབས་འདྲ། །
ཡ་གསུམ་(ཚག་མགོ་དང་། དབུས་ལག ཆུ་འབབ་གསུམ་ལ་ཟེར།)མགར་བའི་ཏི་ཚ་འདྲ། །ཡར་འཕུལ་ཕུར་པ་བཏབ་པ་འདྲ། །ཟག་མཆུ་ཚེར་མ་ཁ་གཤིབས་འདྲ། །ར་ནི་(སྤོག་དང་རྐེད་པ།)མར་དཀར་སེན་རིས་འདྲ། །ར་སྐེ་བྲག་ཐོག་གླ་སྐེ་འདྲ། །ལ་ནི་ཟངས་དཀར་སྦུབ་པ་འདྲ། །སྦུབ་སྣེ་(སྟོད་ཕུབ།)རྟ་ཡི་རྨིག་དབྱིབས་འདྲ། །ཟག་མཆུ་ཚེར་མ་ཁ་གཤིབས་འདྲ། །ཡར་འཕུལ་ཕུར་པ་བཏབ་པ་འདྲ། །ས་རབ་རྡོ་རྗེའི་ཐུགས་ཀ་འདྲ། །ས་འབྲིང་དཔའ་བོས་གཞུ་བཀང་འདྲ། །
ས་མཐའ་ལག་ཆག་བྲང་འབྱར་འདྲ། །ཞེས་སོགས་ཀྱི་རྣམ་གཞག་དང་། ཡི་གེའི་མགོ་བཀོད་རྐོ་དུས་མགོ་བཀོད་གཡས་ལྷ་ཁང་གི་ཀ་མགོ་འདྲ་ལ་གཡོན་ཕྲ་གཅོད་ཁྲིགས་ཟླུམ་བྱ་དགོས་པས། སྔ་མ་ལྷ་ཁང་ཀ་མགོ་ལ། །ཕྱི་མ་ཕྲ་གཅོད་ཁྲིགས་ཟླུམ་དགོས། །ཞེས་དང་ན་སྐེ་དང་མ་སྐེ་སོགས་ཡི་གེའི་སྐེ་རྣམས་བྲག་སྟེང་དུ་གླ་བས་སྐེ་སང་སང་བྱས་ནས་སྡོད་པ་འདྲ་དང་། ཡི་གེའི་དཔུང་པ་རྣམས་ལྕགས་ཀྱི་ཟོར་བ་བཀུག་པའམ་ཡང་ན་ཚེས་གསུམ་ཟླ་བ་འདྲ་བ། སྦོ་རྣམས་མར་དཀར་ལ་སེན་མོས་རི་མོ་གཏོད་པ་འདྲ་བ། ཡར་འཕུལ་ལམ་རྐང་པ་རྣམས་ས་ལ་ཕུར་པ་བཏབ་པ་འདྲ་བ་བཅས་དགོས་པས། སྐེ་དང་ལྡན་པའི་ཡི་གེ་རྣམས། །བྲག་ཐོག་གླ་བའི་སྐེ་དང་འདྲ། །དཔུང་པ་ལྕགས་ཟོར་བཀུག་པའམ། །ཡང་ན་ཚེས་གསུམ་ཟླ་བ་འདྲ། །སྦོ་ནི་མར་དཀར་སེན་རིས་འདྲ། །ཡར་འཕུལ་ཕུར་པ་བཏབ་པ་འདྲ། །
ཞེས་དང་། དབུ་ཁྱུད་སྦྲུལ་སྣ་ལ་པ་ཏྲ་ལྡན་པ་འདྲ་དང་། ཚེག་དེ་འབྲུ་རིགས་བྲ་བོ་དབྱིབས་ཟུར་གསུམ་ཅན་ལྟ་བུ། ཤད་ནི་དྲང་པོ་ཁང་སྟོང་དུ་ཀ་བ་བཙུགས་པ་འདྲ་བ་བཅས་དགོས་པས། དབུ་བཟུང་གནས་མཚོན་རྐྱེན་ཡིག་དེ། །སྦྲུལ་སྣ་པ་ཏྲ་ཉིས་ལྡན་འདྲ། །ཚེག་ནི་བྲ་བོ་སུམ་ཟུར་འདྲ། །ཤད་དྲང་ཀ་བ་བཙུགས་པ་འདྲ། །ཞེས་དང་། དབྱངས་གི་གུ་བྱ་ཕོ་རོག་གིས་བྲང་ལ་ཤིག་འཐུ་བ་འདྲ་ཞིག་དགོས་ཤིང་། ཡང་སྒུར་ཆེས་ན་རང་གི་བྲང་ཤ་རང་གིས་བཏོག་པ་འདྲ་བ་དང་། ཞབས་ཀྱུ་ལྕགས་ཀྱུའི་རྩེ་མོ་བཀུག་པ་འདྲ་བ། ཏ་ན་ཤ་གསུམ་ལ་ཞབས་ཀྱུ་དེ་ཅུང་ཟད་དྲང་པོ་མདུན་ཚུགས་སུ་སྦྱར་བ། འགྲེང་བུ་སྤང་དཀར་སྟེང་དུ་མདའ་བརྒྱབ་པ་འདྲ་བ། ན་རོ་རྒོད་ཐང་དཀར་ལྡིང་བ་ཡག་པ་ལ་སྒྲོ་རྩེ་རླུང་གིས་གྱེན་དུ་ཅུང་ཟད་བསྐྱོད་པ་འདྲ་བ་བཅས་དགོས་པས། གི་གུ་ཕོ་རོག་ཤིག་འཐུ་འདྲ། །སྒུར་ཆེས་ན་རང་ཤ་བཏོག་པ་འདྲ། །ཞབས་ཀྱུ་ལྕགས་ཀྱུ་བཀུག་པ་འདྲ། །ཏ་ན་ཤ་ལ་མདུང་ཚུགས་དགོས། །འགྲེང་བུ་སྤང་ལ་མདའ་ཟུག་འདྲ། །ན་རོ་ཐང་དཀར་ལྡིང་ཡག་ལ། །གཤོག་རྩེ་རླུང་གིས་བསྐྱོད་འདྲ་དགོས། །
ཞེས་འདྲ་མཚུངས་ཀྱི་དཔེ་དང་སྦྱར་བ་སོགས་འདི་པའི་ལུགས་ཀྱི་གནའ་རབས་རྒན་པོའི་ངག་རྒྱུན་ལས་བྱུང་བ་ལྟར་ཡིག་འབྲུ་རྣམས་ཡི་གེའི་ཐིག་ཚད་དང་ཁྱད་ཆོས་ཇི་བཞིན་དུ་བརྐོས་པས་ཡིག་འབྲུ་ལེབ་མོར་མི་འགྱུར་བ་དང་། ཐོག་མར་པར་ཤིང་གསར་པ་ཡིན་དུས་ཡིག་འབྲུ་ཅུང་ཟད་ཕྲ་ཞད་ཅན་ཞིག་ཡོད་ཀྱང་པར་ཤིང་ཅུང་ཟད་ཟད་དུ་སོང་དུས་འབྲུ་ཚུགས་ཡག་ཏུ་ཡོང་བ་དང་། ཡིག་འབྲུ་གཏིང་ཟབ་པར་བརྐོས་པས་པར་གྱིས་ཟད་སྐྱུས་ཆེ་བ་སོགས་ཀྱི་དགེ་མཚན་མང་པོར་ཡོད་པར་བཤད་དོ། །
སྡེ་དགེའི་པར་ཁང་། 德格印经院
སྤྱིར་ན་འདི་པའི་ལུགས་ཀྱི་པར་རྩ་ཕར་སྦྱར་སྟངས་དང་ཚུར་བཤུ་ལུགས། པར་ཆེ་བཅད་སྐབས་པར་ཤིང་དང་གསེག་གཅོད་བཟུང་ཚུལ། མགོ་བཀོད་གཤགས་ལུགས། བསོད་ནམས་ཁ་བསོད་དང་དབང་ཐང་གི་སྣེ་ཐིག་ཟེར་བ་ལྟར་གྱི་པར་ཤིང་གི་ཁ་ས་དེད་སྟངས་དང་སྣེ་ཐིག་དྲང་མོར་བྱ་བ། ཁ་ཡིག་གི་ཐོག་ནས་གསེག་གཅོད་དྲངས་སྟངས། གསལ་བྱེད་ཀྱི་འབྲུ་རེ་རེ་ནས་བཙུགས་སྟངས། དབྱངས་རྣམས་ལ་གསེག་གཅོད་བཙུགས་སྟངས། གོང་སྒམ་ལེན་སྟངས། རྐང་གདན་དགོས་པ་རྣམས་ལ་རྐང་གདན་བཞག་སྟངས། ཆེ་བཅད་མར་བཏེས་སྐབས་དཀར་ཆ་ནག་མཉམ་བྱ་ལུགས་སོགས་དང་། ཞིབ་བརྐོས་མིག་འབུག་རྒྱག་སྐབས་པར་ཤིང་ལ་ཆུ་རྒྱག་ལུགས། མིག་འབུག་རྒྱག་དགོས་རིགས་ལ་མིག་འབུག་དང་སྐེ་འབུག་བཙུགས་སྟངས་དང་བཏེས་སྟངས། ཞིབ་བརྐོས་སྐབས་གསེག་གཅོད་ཡར་བཙུགས་སྟངས་དང་མར་བཏེས་སྟངས། སྦོ་གཉེན་ལ་བཙུགས་ཆུང་བྱ་གྲངས་སོགས་དང་། ཤིང་ལ་འཛེར་བུ་དང་རུལ་ཐིག་སོགས་སྐྱོན་ཡོད་ས་ལ་རྐོ་བཙུགས་བྱེད་སྟངས་དང་། དམིགས་བསལ་ལྷ་པར་རྐོ་དུས་ཤིང་སྣ་འདེད་ཚུལ་ལ། ཤིང་སྣའི་འགྲོས་ལྟར་གསེག་གཅོད་ཀྱང་དེ་ལྟར་འགྲོ་ཤེས་པ་གནད་ཆེ་བས། རྩ་བའི་ཤིང་སྣ་བཞི་དང་། ཡན་ལག་གི་ཤིང་སྣ་བཞི་དང་། ཡང་ཕྲན་གྱི་ཤིང་སྣ་བཞི་སྟེ་ཤིང་སྣ་བཅུ་གཉིས་སུ་བརྩི་ཚུལ་སོགས་ཀྱི་ཁྱད་པར་དང་། རི་མོ་ལ་སྐུ་གཟུགས་ཀྱི་ཤ་རིས་ཅུང་ཟད་ཕྲ་བ། གོས་རིས་ཅུང་ཟད་སྦོམ་ཉམས་ཅན། རྒྱན་རིས་ཕྲ་སྦོམ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ། ཆུ་རིས་དང་སྤྲིན་རིས་སོགས་ལ་ཕྲ་སྦོམ་ངེས་གཏན་མེད་པ་སོགས་ཀྱི་ཁྱད་པར་དང་། ད་དུང་བརྐོ་སའི་པར་ཤིང་གི་ཁྱད་ཆོས་བཟང་ངན་དབྱེ་བ་དང་། རྐོ་བྱེད་ཀྱི་ལག་ཆའི་ཁྱད་ཆོས་དང་མིང་གི་རྣམ་གྲངས། ལག་ཆ་ཇི་ལྟར་བཟོ་བའི་ཚུལ་སོགས་མང་དུ་ཡོད་ཀྱང་ཡིག་ཚོགས་ཀྱིས་འཇིགས་པས་འདིར་མང་དུ་མ་སྤྲོས་སོ། །
ཡང་ཡི་རང་ཚང་ལ་བརྐོས་ལྷ་ཀླུ་དགྱེས་ཀྱི་རྗེས་ཙམ་ན་ཤོག་ནག་དབང་རྒྱལ་ཟེར་བའི་ཡིག་མཁན་མཁས་ཅན་ཞིག་བྱུང་བས། མི་དབང་སྡེ་དགེ་ཚང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་དངུལ་གྱིས་བྲི་མཛད་དུས་བཀའ་འགྱུར་གྱི་པུ་སྟི་མང་བ་ཞིག་ཁོ་རང་གིས་བྲིས་གནང་བ་མ་ཟད་མཐིང་ཤོག་བཟོ་བའི་ལས་དཔོན་ཡང་མཛད། ད་ལྟ་དཔལ་ཡུལ་བ་ལྕེ་གཟེ་བྲག་ན་གསེར་གཏུན་དང་དངུལ་གཏུན་ཟེར་བའི་རྡོ་གཏུན་ཡོད་པའང་། དེ་སྐབས་གསེར་དངུལ་འདུལ་སྦྱོང་བྱེད་སའི་གསེར་གཏུན་དང་དངུལ་གཏུན་ཡིན། འོན་ཀྱང་ཤོག་ནག་བཟོ་དུས་བསྲེ་ལྷད་བྱུང་བ་སོགས་ཀྱི་ལས་ཀྱིས་དམྱལ་བར་སྐྱེས་པ་སྟེ། དཔལ་ཡུལ་སྐུ་ཆེན་ཀརྨ་བཀྲ་ཤིས་ཀྱི་སྐུ་སྐྱེ་ན་རིམ་ཞིག་ལྕགས་མོ་མགོ་ལོག་གི་ཕྱོགས་སུ་ཕེབས་སྐབས་འདས་ལོག་གཅིག་གིས་འཕྲིན་དུ། སྐུ་ཚེ་ཡི་རང་ཚང་གི་ཤོག་ནག་དབང་རྒྱལ་ཟེར་བ་དམྱལ་བར་སྐྱེས་ཡོད་པས། རྡོར་གཅོད་ཀྱི་པར་ཞིག་བཞེངས་ནས་སྡེ་དགེའི་པར་ཁང་དུ་བཞག་པ་དང་། ཞིང་ཆུ་མ་དག་སྐམ་ཞིང་ལ་བསྒྱུར་ཡོང་རོགས་ཟེར་བའི་ཆ་བསྐུར་འདུག་ཟེར་བ་ལྟར་ཡི་རང་ཚང་ནས་རྡོ་རྗེ་གཅོད་པའི་ཇོ་པར་ཞིག་བརྐོས་པ་སྡེ་དགེའི་པར་ཁང་དུ་ཕུལ་བ་དང་། ཞིང་ཆུ་མ་ཐ་བ་བཞག་པ་སོགས་བྱས་ཚུལ་འདུག །ཡང་དེ་རྗེས་ལྕགས་མགར་བ་ཡི་རང་བུ་དགའ་ཟེར་བ་བྱུང་བས་སྡེ་དགེའི་རྒྱལ་སའི་དངུལ་མདའི་ས་ཟམ་སྣ་ནས་ཟིལ་ཆུ་ལ་ལྕགས་ཟམ་ཆེན་པོ་ཞིག་བཙུགས་པའི་ལོ་རྒྱུས་འདུག །འཇམ་མགོན་མཁྱེན་ཀོང་མཆོག་གསུམ་གྱི་ཐུགས་སྲས་གནས་ལྔ་རིག་པའི་པཎ་ཆེན་རྟོགས་ལྡན་ལྷག་བསམ་བསྟན་པའི་རྒྱལ་མཚན་ནམ་ཀརྨ་སྨོན་ལམ་འོད་ཟེར་བྱ་བ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་ཡོངས་འཛིན་མཛད་ནས་རྩེ་ཕོ་བྲང་དམར་པོའི་དྲུང་ཡིག་གི་ཐོབ་དང་ཐམ་ཀ་བཞེས་པ་དང་། སྐུ་ཚེའི་བྲིས་སར་རམ་སྡེ་བྲིས་གསར་མའི་སྲོལ་འབྱེད་པ་ལྔ་རིག་སྨྲ་བའི་དབང་ཕྱུག་གྲོང་ཉིན་ཀརྨ་ཚེ་དབང་དཔལ་འབར་རམ་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་བློ་གྲོས་རྒྱས་པའི་སྡེ་སྐུ་མཆེད་རྣམ་པ་གཉིས་དང་། རྒྱལ་རོང་གཡུ་སྒྲ་སྙིང་པོའི་རྣམ་སྤྲུལ་གྲོང་ཉིན་ཀརྨ་ཚེ་དཔལ་གྱི་སློབ་མ་ཡིག་མཁན་སྐད་གྲགས་ཅན་དཔལ་གྲོ་ཁ་རིང་ཀརྨ་ཚེ་དཔལ་ཞུ་བ་སིབ་རྫོགས་ཆེན་སྤྲུལ་སྐུའི་དྲུང་ཡིག །དེའི་སློབ་མ་བྲིས་ཀྱི་མཛེས་ཆ་དང་མགྱོགས་ཚད་ལ་སྐད་གྲགས་ཆེ་བ་སྡེ་དགེའི་རྒྱལ་རབས་ངག་གི་ས་བོན་ཨུཏྤལ་ཆུན་པོ་མཛད་པ་པོ་ཡེ་སངས་ཚེ་རིང་བླ་མའམ་རྨུགས་སངས་འཇམ་དཔལ་བཟང་པོ་ཞུ་བ་མི་དབང་སྡེ་དགེ་ཚང་དང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་དྲུང་ཡིག་དང་། འབྲུ་སྒམ་སྐད་གྲགས་ཆེ་བ་དཔལ་གྲོ་ཚེ་ནོར་བྱ་བ་རྫོགས་ཆེན་ཚང་གི་དྲུང་ཡིག་དང་དགེ་རྒན་དུ་གྱུར་པ་དང་། ཡིག་ཆུང་སྐད་གྲགས་ཆེ་བ་ཡུལ་གདམས་ལྟག་རིང་ཟེར་བ་དཔལ་སྤུངས་སི་ཏུའི་དྲུང་ཡིག་དང་། པད་འཁྱུག་སྐད་གྲགས་ཆེ་བ་ཡུལ་གདམས་ཡར་ལྷ་བྱ་བ་དང་། རྨུགས་སངས་གནས་རྒྱབ་སྤྲུལ་སྐུའི་དྲུང་ཡིག་དབྱིག་ཡུལ་སྲན་དཀར་འཆི་མེད་བཅས་ཡིག་མཁན་གྲགས་ཅན་ལྔ་དང་། གཞན་ཡང་ས་སྐྱོང་རྡོ་རྗེ་སེང་གེའི་དུས་སུ་རྒྱལ་མོ་གཡུ་སྒྲ་སྙིང་པོའི་སྐུ་སྐྱེ་དྲུང་ཆེན་མ་ཧཱ་པཎྜི་ཏ་ཡི་མཚན་འཛིན་པ་རིག་པའི་གནས་ལྔ་ལ་མཁས་པ་རྒྱ་མཁར་གཉེར་པ་བསོད་ནམས་དཔལ་གྲུབ་དང་། དེའི་སྐུ་སྐྱེ་རྒྱ་མཁར་མགོན་རྣམ་བྱ་བ་རྒྱལ་དབང་ཀརྨ་པ་ཆེན་པོ་རང་བྱུང་རིག་པའི་རྡོ་རྗེའི་དྲུང་ཡིག ཧོར་གླང་ཞིང་རྣམ་བཀྲ་སྡེ་དགེའི་མདུན་དྲུང་། ཧོར་དམར་ཡག་ཚེ་དབང་དཔལ་གྲུབ་དང་གྱང་ཁོག་ལེགས་བློ་སྡེ་དགེའི་པར་དྲུང་། མཛོ་ཞིང་ཆོས་དབང་མདུན་སྐོར་བྱ་རྒོད་ཚང་གི་དྲུང་ཡིག མཛོ་ཞིང་པདྨ་དང་བཀྲ་རྡོར་རྒྱ་རོང་དབོན་སྤྲུལ་གྱི་དྲུང་ཡིག ཧ་ཤང་པད་ཁྱབ་དབོན་སྟོད་མཁན་པོ་མཁྱེན་རབ་ཀྱི་དྲུང་ཡིག དབྱིག་ཡུལ་ཁང་སར་ཀུན་བཀྲ་མཁར་ལེགས་སྤྲུལ་སྐུའི་དྲུང་ཡིག གྲོ་ཞིང་ཨོ་རྒྱན་སྒ་ཁྲ་འགུ་དགོན་པའི་དྲུང་ཡིག་སོགས་གནའ་ནས་ད་ལྟའི་བར་དུ་སྐུ་ཚེའི་ཡུལ་ནས་སྡེ་དགེའི་ཡིག་མཁན་མཁས་པ་མང་པོ་བྱུང་བ་དང་། ཡེ་སངས་ཨ་ཉའི་ཨ་དཀར་དང་། དབྱིག་ཡུལ་ཨ་འགྲོ་སྟོབས་རྒྱལ། ཡུལ་གདམས་མདའ་འཕེན་ཚེ་སྟོབས། ཡར་མགོའི་དཀོན་མཆོག འབོམ་གཤང་འཆི་མེད། རྩང་ཉིན་སྲང་ར་དབང་རྒྱལ། ངོ་འཕེལ་རིག་ཆུང་རིག་འཛིན། རིག་ཆུང་ཕྱག་རྡོར་སོགས་ཁམས་ཕྱོགས་ཀྱི་ཤིང་པར་བརྐོ་བའི་ལག་རྩལ་ཅན་སྐད་གྲགས་ཆེ་བ་ཕལ་ཆེར་འདི་ནས་བྱུང་སྟེ། སྐུ་ཚེའི་བྲིས་པ་དང་། སྐུ་ཚེའི་པར་བརྐོས་ཞེས་སྐད་གྲགས་ཆེན་པོ་ཡོད་པའང་ཡུལ་འདིར་ལོ་ཆེན་བཻ་རོ་ཙ་ནའི་བྲིས་སྙུག་འཐོར་བ་དང་། ཡི་རང་བརྐོས་ལྷ་ཀླུ་དགྱེས་ཀྱིས་ཡུལ་འདིར་ཤིང་པར་བརྐོ་བའི་སྲོལ་ཕྱེས་པའི་རྟེན་འབྱུང་ལས་བྱུང་བ་ཡིན་པར་རྟོགས་ནུས་སོ། །
པར་ཤིང་ཐོག་མར་ཁུ་འབྱུག་བཞིན་པ།
经版上抹酥油是一种保护印版的特殊方法
གཞན་ཡང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཤིང་པར་དུ་བཞེངས་དུས། དཔལ་དྲོ་གླང་ཞིང་བཀྲ་རྣམ་ཟེར་བའི་མཁས་པ་ཞིག་བྱུང་བས་ཞུ་དག་ཐེངས་ལྔ་བྱས་པས་སྡེ་དགེའི་བཀའ་འགྱུར་དག་རྩ་ཐུག་ཟེར་ཞིང་། ཁོ་རང་ཀློག་ཤིན་ཏུ་སྐྱེན་པས་བཀའ་འགྱུར་པོད་གཉིས་རེ་སྔ་ཚར་བྱེད་པ་ཞིག་ཡོད་སྐད་འདུག གཞན་ཡང་ས་སྐྱོང་ཀུན་དགའ་འཕྲིན་ལས་རྒྱ་མཚོས་བསྟན་འགྱུར་རིན་པོ་ཆེ་པར་དུ་བཞེངས་དུས་ཀྱང་ཡེ་སངས་དང་དབྱིག་ཡུལ་གཉིས་ཀྱི་མཚམས་དེར་པར་ཤིང་འགའ་ཞུ་དག་མཛད་པས་ས་མིང་ལ་ཞུ་དག་ལུང་(ཡུལ་སྐད་ལ་ཤུལ་དག་ལུང་ཟེར།)དུ་ཐོགས་པ་དང་། པར་ཤིང་བརྐོས་པ་རྣམས་སྡེ་དགེར་བསྐྱལ་ཉེ་དུས་ཡེ་སངས་ལ་ཁ་ནས་ཚགས་སྒྲིག་བྱས་པས་ས་དེར་སྒྲིག་ལུང་ཁ་རུ་ཐོགས་ནས་ཡོད་དོ། །
མི་ལ་སྡེ༷་བཞིའི་ལང་ཚོ་མངོན་པར་རྒྱས། །ས་ལ་དགེ༷་བཅུའི་རེ་ཁ་མངོན་པར་བཀྲ། །གངས་ལྗོངས་བཅུ་ཕྲག་རིག་པ་དར་བའི་གནས། །མདོ་ཁམས་སྡེ་དགེའི་ཡུལ་ཞེས་རླུང་ལྟར་གྲགས། །ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་གིས། །ངོ་མཚར་ལེགས་བྱས་སྟོང་གིས་བསྐྲུན་པ་ཡི། །ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ནི། །འཛམ་གླིང་སྐྱེ་དགུ་ཡོངས་ཀྱི་གཅེས་ནོར་ཉིད། །པར་ལ་བརྐོས་ལྷ་ཀླུ་དགྱེས་མཛད་རྗེས་ཆེ། །རྟེན་ལ་སྡེ་དགེའི་པར་ཁང་འགྲོ་དོན་ཆེ། །ཀུན་ལ་བསྟན་པ་ཚེ་རིང་བཀའ་དྲིན་ཆེ། །སྡེ་དགེའི་ས་སྐྱོང་བཀའ་དྲིན་བརྗེད་མི་སྲིད། །སྔོན་སྨོན་འགྲོ་དོན་དུས་ལ་བབས་པ་ན། །ཕྱི་དང་ནང་གི་རྟག་རྟེན་ཕུན་ཚོགས་པས། །འདོད་དགུའི་ལེགས་ཚོགས་འབད་མེད་ལྷུན་གྲུབ་སྟེ། །བསྟན་འགྲོར་བྱ་བ་བྱས་པའི་རྒྱལ་པོར་འདུད། །གཞན་ཡང་ཡི་རང་བརྐོས་ལྷ་ཀླུ་དགྱེས་གཙོས། །སྡེ་དགེར་གྲགས་པའི་ཆབ་དཔལ་རིག་གསུམ་ལ། །ལག་རྗེས་གྲུབ་འབྲས་གཟེངས་སུ་ཐོན་པ་ཡི། །མཁས་མཛངས་ཀུན་གྱི་བཀའ་དྲིན་རྗེས་སུ་དྲན། །དེ་ལྟའི་གཏམ་གྱི་སྦྱོར་བ་ཐུང་ངུ་འདི། །འབྲི་རོང་རབ་བརྟན་དགེ་ལེགས་ཕུན་ཚོགས་པས། །ཤིང་ལུག་མགོ་ཟླའི་ཡར་ངོའི་ཚེས་བཅུ་ལ། །སྡེ་དགེ་ལྷུན་གྲུབ་སྟེང་ནས་བྲིས་པ་དགེ །
པར་ཤིང་། 印版