སྟག་ཚ་སྐུ་ཕྲེང་བདུན་པ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་ནི་བོད་རབ་བྱུང་བཅུ་དགུ་བའི་མེ་མོ་ལུག་ཏེ་སྤྱི་ལོ་1967ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ས་ལ་དགེ་བཅུའི་དཔལ་ཡོན་འཛོམས་པའི་མཛོད་དགེ་གླིང་དཀར་སྟོད་མ་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ངུ་ངག་གི་ལང་ཚོ་ཉི་ཤར་གྱི་འོད་སྣང་དང་འགྲོགས་ནས་མི་ཡུལ་བྱོན།
དཀར་མཛེས་ནང་བསྟན་མཐུན་ཚོགས་ཀྱི་རྟོག་ཞིབ་ཏུ་ཁག་རྔ་བར་ཡོངས་ནས་རྟོག་ཞིབ་སློབ་སྦྱོང་བྱེད་པའི་སྐབས་སུ། དཀར་མཛེས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་དང་ལྷན་དུ་བསྐྱོན་པའི་མཉམ་པར།
甘孜佛协考察团到阿坝州考察学习时与甘孜州佛教协会会长甲登·洛绒向巴活佛合影
དང་པོ། བཤེས་གཉེན་དུ་མར་བསྟེན་ནས་བཅུ་ཕྲག་རིག་གནས་ལ་སྦྱངས་པའི་ལམ་བུ།
ཁོང་དགུང་ལོ་དགུ་ཙམ་གྱི་དུས། རྔ་བ་ཁུལ་སྟོད་མ་སློབ་ཆུང་ནས་སློབ་གཉེར་གྱི་དབུ་བཙུགས་ཤིང་། དགུང་ལོ་བཅོ་ལྔ་ལ་ཕེབས་སྐབས་པཎ་ཆེན་སྣང་བ་མཐའ་ཡས་བློ་བཟང་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་གསུང་བཀོད་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་རྒྱ་མཚོའི་སྤྱན་སྔར་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་ལོ་ལྔའི་རིང་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་གྲགས་པ་དང་སྐལ་བཟང་རྒྱ་མཚོ། ཤེས་རབ་རྒྱ་མཚོ་བཅས་ཀྱི་དྲུང་དུ་སྐྱབས་འགྲོ་དང་རྒྱུད་ལྔའི་རྩ་འགྲེལ། སྒྲ་རིག་པ་སོགས་རིག་གནས་སྣ་ཚོགས་ལེགས་པར་གསན། དེ་མིན་གུང་ཐང་བསྟན་པའི་དབང་ཕྱུག་དང་སྟག་ཚ་སྐལ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན། མཁས་དབང་དམུ་དགེ་བསམ་གཏན། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་སློབ་དཔོན་དུ་བསྟེན་ནས་བྱང་ཆུབ་ལམ་རིམ་དང་ཚད་མ། ཕར་ཕྱིན། མངོན་པ། འདུལ་ཁྲིམས་སོགས་གཞུང་ཆེན་མོ་དང་གསང་སྔགས་དང་དུས་འཁོར་བཅས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་སྦྱངས་བརྩོན་ཆེས་ཆེར་མཛད།
1987ལོར་རྗེ་དམུ་དགེ་བསམ་གཏན་ཚང་གི་མདུན་ནས་རབ་བྱུང་བསྒྲུབས་པ་དང་། 1990ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་དང་གུང་ཐང་སྐུ་ཕྲེང་དྲུག་པ། སྟག་ཚ་སྐུ་ཕྲེང་དྲུག་པ་བཅས་བླ་ཆེན་རྣམ་གསུམ་གྱིས་མགྲིན་གཅིག་ཏུ་སྟག་ཚ་སྐུ་ཕྲེང་བདུན་པར་ངོས་བཟུང་ནས་ཐུགས་ཐག་བཅད། 1991ལོར་མདོ་སྨད་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་གི་གདན་སར་བཀོད། 1992ལོ་ནས་1994ལོའི་བར་པེ་ཅིང་ནང་བསྟན་མཐོ་རིམ་སློབ་གླིང་དུ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན། ཤར་གདོང་ཚང་སོགས་བསྟེན་ནས་བཅུ་ཕྲག་རིག་གནས་དང་དེང་རབས་རིག་གནས་ལ་ཞིབ་ཏུ་གསན་པའི་བསྐལ་བ་བཟང་པོ་ཐོབ་ཅིང་། སྦྱངས་འབྲས་ཡང་གཟེངས་སུ་ཐོན་པ་བླངས།
ནང་བསྟན་མཐུན་ཚོགས་ཀྱི་ལས་བྱེད་མི་སྣ་དང་ལྷན་དུ་རྔ་བའི་དངོས་མང་བཤམས་སྟོན་ཁང་གི་512ས་འགུལ་རྗེས་དྲན་དྲན་གསོ་ཁང་ཏུ་ལྟ་སྐོར་ཏུ་ཕེབས་བཞིན་པ།
与州佛教协会工作人员一同参观阿坝州博物馆512地震纪念室
གཉིས་པ། ཤེས་རབ་དང་བརྩོན་འགྲུས་ཀྱི་རྩལ་ལས་སྦྱངས་འབྲས་ལ་འོད་ཟེར་འཕྲོ་བའི་ལམ་བུ།
1994ལོ་ནས་1995ལོའི་བར་ཐེན་ཅིན་ཡོན་ཀྲའོ་དགོན་པའི་མཚན་འཛིན་དགོན་བདག་ཏུ་གདན་དྲངས། 1997ལོར་སྟག་ཚ་དགོན་པའི་མགོན་ཁང་དང་རྗེ་རིན་པོ་ཆེའི་ལྷ་ཁང་སོགས་བསྐྱར་བཞེངས་བྱས་པ་མ་ཟད་བོད་བརྒྱུད་ནང་བསྟན་དགོན་པའི་རིག་གནས་ཆེ་བ་ལྔ་འདུས་པའི་རིག་གཞུང་དུས་དེབ་དང་པོའི་གཙོ་སྒྲིག་པའི་འགན་བཞེས་ཤིང་གཙ་སྒྲུབ་མཛད། བོད་བརྒྱུད་ནང་བསྟན་གྱི་འཇིམ་བཟོའི་སྒྱུ་རྩལ་ཚ་ཚ་ཞེས་པའི་གཟུངས་སྔགས་རྒྱ་འགྱུར་མའི་ཕྱག་བཞེས་ལ། ནང་ལོགས་ཀྱི་ཚ་ཚའི་རིག་གནས་ལ་མོས་པ་ཡོད་མཁན་རྣམ་གྱི་སྤྱན་སྔར་མཛེས་ཆོས་སུ་ཕུལ། དེ་མིན་ཁོང་གིས་སྟག་ཚ་དགོན་པའི་གྲྭ་བ་རྣམས་ལ་རིག་གནས་ཟབ་མོ་སྦྱོང་པའི་གོ་སྐབས་སྩོལ་བའི་སླད་དུ་བླ་བྲང་དགོན་པའི་བཤེས་གཉེན་དམ་པ་དགེ་འདུན་རྒྱ་མཚོ་ཚང་དང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་སྟག་ཚ་དགོན་དུ་གདན་དྲངས་ཏེ་དགོན་པའི་གྲྭ་མང་ཡོངས་ལ་ཆོས་གཞུང་འཆད་ཁྲིད་བྱས། 2001ལོར། པེ་ཅིང་ཀྲུང་གོའི་གཅེས་ནོར་ཚ་ཚ་ཆེད་བཀྲམ་ཚོགས་ཚོགས་འདུའི་སྟེང་འཇིམ་གོང་ཞབས་བདེ་རྩེ་རྣོའི་རྟེན་ཅི་རིགས་ངོམས་པས་ན་རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་འགན་འཛིན་ཡའེ་ཞའོ་བིན་དང་ལྟད་མོ་བས་བསྟོད་བསྔགས་ཐོབ། 2002ལོར། ཐེན་ཅིན་ཚ་ཚ་རིག་གནས་སྒྱུ་རྩལ་ཞིབ་འཇུག་འགྲེམ་སྟོན་ལྟེ་གནས་ཀྱི་འགོ་འཛིན་གཞོན་པའི་འགན་བཞེས་ཤིང་དགོན་པས་དགོན་པ་སྐྱོང་བ་ཞེས་པའི་དགོངས་འཆར་བཏོན་ནས་2003ལོར་གླིང་དཀར་སྟོད་མགྲོན་ཁང་གི་སྒོ་འབྱེད་མཛད་སྒོ་སྤེལ། 2005ལོར་གངས་ཅན་གླེགས་བམ་གྱི་གཏེར་མཛོད་སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་འཛུགས་སྐྲུན་བྱས་པར་གྲུབ་སྟོན་ཆེན་པོ་བྱས་ཤིང་རང་གི་དགོན་པར་དོ་དམ་བྱེད་པའི་ཞོར་དུ་སི་ཁྲོན་གྱི་ཆོས་ལུགས་དང་མཛོད་དགེའི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་གནང་སྟེ་དགེ་ཆོས་ཞིབ་འཇུག་ཅེས་པའི་དུས་དེབ་སོགས་ཀྱི་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་དུ་མ་སྤེལ་བས་ན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མི་སྣའི་མཚན་སྙན་ཕུལ། 2007ལོ་ནས་བཟུང་། སི་ཁྲོན་ཞིང་ཆེན་ན་གཞོན་ལྷན་ཚོགས་ཀྱི་སྐབས་དགུ་པ་དང་སྐབས་བཅུ་པ། སྐབས་བཅུ་གཅིག་པའི་ཨུ་ཡོན། རྔ་བ་ཁུལ་ན་གཞོན་ལྷན་ཚོགས་ཀྱི་སྐབས་ལྔ་པ་དང་སྐབས་དྲུག་པ། སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན། མཛོད་དགེ་རྫོང་སྲིད་གྲོས་ཀྱི་སྐབས་བཅུ་པ་དང་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་རྒྱུན་ལས་ལས་འཛིན་དང་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་པའི་དྲུང་ཡིག་ཆེན་མོ་གཞོན་པ། མཛོད་དགེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཡང་སྤྲུལ་ངོས་འཛིན་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་སོགས་ཀྱི་འགན་བཞེས།
རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་2014ལོའི་ཡོངས་འཛིན་ཟབ་སྦྱོང་དང་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཚོགས་འདུ།
阿坝州佛教协会2014年经师培训班暨藏传佛教文化建设研讨会
གསུམ་པ། དཀའ་བའི་ངལ་བ་དང་དུ་བླངས་ནས་སྐུ་ཡི་མཛད་འཕྲིན་ཕྱོགས་བཞིར་རྒྱས་པའི་ལམ་བུ།
ཁོང་གིས་ཏང་གི་ཆོས་ལུགས་དད་པ་རང་མོས་སྲིད་ཇུས་ཀྱི་མཛུབ་སྟོན་འོག་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། འབྲེལ་བ་ཟབ་མོ་དང་ཆོས་དོན་དམ་འཛིན། ཞབས་ཞུ་ལེགས་སྒྲུབ་བྱེད་པ་དེ་རང་ངོས་ཀྱི་འོས་འགན་དུ་བརྩིས་ནས། ལོ་རེ་རེར་རང་ཁུལ་གྱི་དགོན་སྡེ་ཁག་ཏུ་རྩ་འཛུགས་བྱས་ཏེ་རང་གི་ཆོས་བརྒྱུད་དུ་གཏོགས་པའི་བཅའ་ཡིག་དང་། ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས། རྒྱུན་སྤྱོད་ཁྲིམས་ལུགས་དང་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་པ་དང་། གནས་བབ་ངོས་འཛིན། རྒྱལ་ཁབ་གཅིག་འགྱུར། བདེ་འཇགས་སྲུང་འཛིན་གྱི་སློབ་གསོའི་བྱེད་སྒོ་སོགས་སྤེལ་ལ། རྔ་བ་ཁུལ་གྱི་རྒྱལ་གཅེས་ནང་བསྟན་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་བར་མཐུན་སྒྲིལ་དམ་ཟབ་བྱས། དེ་ཡང་སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱ། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པའི་ནང་ཆོས་ཀྱི་དགོངས་པ་བཏོན་པ་མ་ཟད། ཁུལ་ནང་བསྟན་སྡེ་ཁག་གི་ལས་འཛིན་རྣམས་དང་མཉམ་དུ་རང་ཁུལ་གྱི་དགོན་པ་ཁ་ཤས་ལ་ཕྱིན་ཏེ་དཀའ་ངལ་ཅན་གྱི་གྲྭ་བཙུན་ལ་འབྲེལ་གཏུག་དང་། དམངས་གཙོ་དོ་དམ་ཁང་ལ་དེའི་ཐད་ཀྱི་གནས་ཚུལ་རྒྱུས་ལོན་དང་རོགས་དངུལ་བྱིན་ལ། ཁུལ་ཡོངས་ཀྱིས་སྤེལ་བའི་རླབས་ཆེན་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་དཔལ་གྱིས་ཕྱུག་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་གྱི་བརྗོད་དོན་སློབ་གསོའི་བྱེད་སྒོའི་ཁྲོད། ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཆེ་ཆུང་ལ་དབུ་ཁྲིད་ནས་ཚགས་པར་དང་། རྒྱང་སྒྲོག ཆེད་སྒྲིག་སོགས་ལེ་ཚན་བརྒྱུད་དེ་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་རྐུ་འཕྲོག་བཅོམ་གསུམ་ལ་འགོག་རྒོལ་དང་། ཕྱིའི་ཁོར་ཡུག་དང་ནང་བཅུད་ཀྱི་སེམས་ཅན་ལ་སྲུང་སྐྱོང་། རྒྱལ་སྐུག་རྒྱན་འཇོག་གི་སྤྱོད་ངན་དོར་ཞིང་། གཞན་ཕན་ལྷག་བསམ་གྱི་སྤྱོད་བཟང་དང་དུ་ལེན་དགོས་པའི་ནང་ཆོས་ཀྱི་ཟབ་དོན་རྒྱ་ཆེར་སྤེལ། ཡང་རྔ་བ་ཁུལ་ཨུ་ལ་ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལ་འཚོ་བའི་ཁ་གསབ་སྤྲོད་དགོས་པའི་དགོངས་འཆར་བཏོན་ལ། ཁུལ་ཨུས་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ་གོང་གི་ཁོངས་མི་དེ་དག་ལ་འཚོ་བའི་ཁ་གསབ་སྤྲོད་པར་གྲོས་འཆམ་བྱུང་། 2014ལོར། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་འབྲིང་རིམ་དཔང་རྟགས་སྤྲོད་པའི་རྔ་བའི་འཛིན་གྲྭ་བསྡུ་བའི་རེ་ཞུ་ཡི་གེ་ཕུལ་བར་ཆོག་མཆན་ཐོབ་པས། རང་ཁུལ་གྱི་དགོན་པ་སོ་སོའི་གྲྭ་བཙུན་ལ་སློབ་གཉེར་བྱེད་སྟངས་ཀྱི་ལམ་བུ་གསར་བ་ཞིག་བསྐྲུན་ལ། རང་རེའི་ཞིང་ཆེན་དུ་བོད་བརྒྱུད་ནང་བསྟན་སློབ་ཁྲིད་ལ་སློབ་རྟགས་གནང་རྒྱུ་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད། དེ་མིན་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་གིས་བཀོད་སྒྲིག་ལྟར་ཁོང་ཚང་དང་ནང་བསྟན་མཐུན་ཚོགས་ཀྱི་ལས་གྲོགས་རྣམས་རྔ་བ་དང་མཛོད་དགེ འབར་ཁམས། ཆུ་ཆེན་སོགས་སུ་རྟོག་ཞིབ་ཏུ་ཕྱིན་ལ། འཕྲལ་མར་ཁུལ་ཨུར་རང་ཁུལ་གྱི་ས་མཐའི་དགོན་པ་ཆུང་ཁག་གི་དཀའ་ངལ་ཆེ་ཆུང་ལྟར་དགོན་པ་དེ་དག་ལ་རོགས་སྐྱོར་དང་། གྲྭ་པ་ཚོའི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་བ། དགོན་པའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱ་དགོས་པ་སོགས་ཀྱི་དགོངས་འཆར་ཡར་ཞུ་བྱས་པར། ཁུལ་ཨུས་མཐོང་ཆེན་བྱས་ཏེ་དམངས་འཚོ་ཆེ་བས་དམངས་འཚོ་ཆུང་བ་ཁྲིད་པ་སོགས་ཀྱི་རོགས་སྐྱོར་ཐབས་ལམ་བཏོན། 2015ལོར་གཟའ་འཁོར་རེར་འཕྲིན་སྟེགས་དང་ཁ་པར་གསར་འགྱུར་གྱི་ལམ་ནས་རྔ་བ་ཁུལ་བྱང་ཆུབ་ཆོས་སྡིངས་གཏོང་འགོ་བརྩམས་ཤིང་བོད་བརྒྱུད་ནང་བསྟན་གྱི་རྨང་གཞིའི་ཤེས་བྱ་ཁྱབ་བསྒྲགས་བྱས་པས། དེང་སྐབས་རྒྱ་ཆེའི་མང་ཚོགས་ཀྱིས་ཆོས་ལུགས་ཤེས་བྱ་སྦྱོང་བར་ཆེས་སྟབས་བདེ་བ་དང་ཆེས་སྤྲོ་བ་ཆེ་སའི་ལེ་ཚན་ཞིག་ཏུ་གྱུར་ཡོད། ཟླ་8པར་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྟོག་ཞིབ་ཚན་ཆུང་ལ་སྣེ་ལེན་བྱས་ཏེ་ཕན་ཚུན་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ལ། རྔ་བ་ཁུལ་གྱི་ཚབ་བྱས་ཏེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་བྱས་པའི་ཨོའོ་སི་ཁྲི་ལེ་ཡ་དང་ལུའུ་ཟེ་ལིན་དུ་རྟོག་ཞིབ་ཏུ་སོང་བར་གྲུབ་འབྲས་འབུར་དུ་ཐོན་པས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་གཟེངས་བསྟོད་ཐོབ། ཡང་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་མི་སྣ་སྟེ་ཁོང་ཚང་དང་ཨ་ལགས་རྣམ་པ་གསུམ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་པའི་ནང་ཆོས་རིག་གནས་འབྲེལ་འཛུགས་བྱ་འགུལ་དུ་ཞུགས་ཏེ་ཐའེ་ཝན་དང་ཤང་ཀང་སོགས་སུ་གཟིགས་ཞིབ་ཏུ་ཕེབས་ལ། ཕྱིར་རང་དགོན་དུ་ལོག་རྗེས་མུ་མཐུད་དུ་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པར་འདུལ་ཁྲིམས་སློབ་གསོ་དང་འཆམ་མཐུན་དགོན་པ་འཛུགས་སྐྲུན་གྱི་ལས་དོན་ནན་གྱིས་སྤེལ་བས། གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཨུ་དང་སི་ཁྲོན་ན་གཞོན་མཉམ་ཚོགས་ཀྱིས་ཕུལ་བྱུང་ཨུ་ཡོན་ལ་བདམས། 2013ལོའི་གཡག་རྔ་ལུའུ་ཧྲན་དང་། 2014ལོའི་དཀར་མཛེས་དར་རྩེ་མདོ། 2015 ལོའི་བལ་བོ་དང་བོད་ལྗོངས་ཀྱི་ས་འགུལ་ཁྲོད་དང་དཀའ་ཁག་ལྡན་པའི་སྨན་ཁང་དང་སློབ་གྲྭ། དུད་ཁྱིམ་དང་སློབ་མ་སོགས་ལ་ཁོང་གིས་སྐུ་དངོས་སུ་ཞལ་འདེབས་དང་བསྔོ་བ་སྨོན་ལམ་འཚོགས་པ་སོགས་ཀྱི་དགེ་བ་རྒྱ་ཆེར་སྤེལ། དམ་པ་ཁོང་གིས་དུས་རྒྱུན་དད་པ་བརྟན་ཞིང་ཀུན་སྤྱོད་གཙང་བ། མི་སྣ་གསོ་སྐྱོང་། སློབ་གཉེར་ལམ་ལུགས་སོགས་འདུས་པའི་རང་སྟེང་གི་འཛུགས་སྐྲུན་དམ་འཛིན་བྱེད་རྒྱུ་འགངས་ཆེན་ཏུ་བཟུང་ནས། སློབ་གཉེར་བ་ཡོངས་ལ་དགོན་པ་དེ་རྒྱལ་གཅེས་ཆོས་གཅེས་དང་། དོ་དམ་ཚད་ལྡན། སྒྲིག་ལམ་དམ་པོ། གླིང་བར་དག་གཙང་། ཆོས་དད་མང་ཚོགས་ཡིད་ཚིམ་པའི་དཔལ་ཡོན་གྱི་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་དང་སྣེ་ཁྲིད་བྱ་དགོས་ཞེས་སྐུལ་འདེབས་ཡང་དང་ཡང་དུ་གནང་བཞིན་ཡོད། ཉེ་ལམ། དགོན་པ་སོ་སོའི་མཐུན་རྐྱེན་རོགས་རམ་འོག་ཁུལ་རྩོམ་སྒྱུར་ཅུས་དང་མཉམ་དུ་ལས་ཀའི་ཚན་ཆུང་བཙུགས་ཏེ་སྐུ་དངོས་སུ་ས་ཆ་སོ་སོར་ཕེབས་ནས་དམངས་གཙོ་བཅོས་བསྒྱུར་སྔོན་དུ་རྔ་བ་ཁུལ་གྱི་མཁས་དབང་རིམ་བྱོན་གྱི་གསུང་འབུམ་གྱི་ཟིན་བྲིས་འཚོལ་སྡུད་རྩོམ་སྒྲིག་བྱ་བ་སྤེལ་བཞིན་པའི་སྒང་དང་། མི་འགྱངས་བར་གསུང་འབུམ་དཔེ་སྐྲུན་བྱས་ནས་2017ལོར་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་བཙུགས་ནས་ལོ་ངོ་60འཁོར་བར་ལེགས་སྐྱེས་སུ་གྲ་སྒྲིག་བྱེད་བཞིན་ཡོད། བྱང་ཆུབ་ཀྱི་སྙིང་པོ་རབ་ཏུ་སྒོམ་པའི་དམ་པ་ཁོང་གིས་རྔ་བ་ཁུལ་གྱི་ནང་བསྟན་བྱ་བཞག་ལ་མཛད་ཕྲིན་མི་དམན་པ་བཞག་ཡོད་ལ་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་ཆོས་ལུགས་སྲིད་ཇུས་འོག་སྔར་བཞིན་རང་ནུས་ཅི་ལྕོགས་ཀྱིས་དམ་པའི་ཆོས་ཀྱི་མཛད་འཕྲིན་ལ་བརྩོན་པ་བྱེད་བཞིན་མཆིས་སོ། །
2015ལོའི་སྟོང་འཛུགས་དུས་ཆེན་སྐབས་སུ་ནང་བསྟན་མཐུན་ཚོགས་ཀྱི་ལས་བྱེད་མི་སྣ་དང་ལྷན་དུ་སྡོང་འཛུགས་ལས་ཀར་བརྩོན་བཞིན་པ།
达扎活佛在2015年植树节同州佛教协会工作人员植树