༄༅།། བྱམས་ཆེན་ཆོས་རྗེ་དགོན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-05


        

བྱམས་ཆེན་ཆོས་རྗེ་དགོན།


        ཉེ་བའི་ཟླ་འགའི་རིང་གཟུགས་མེད་ཀྱི་དྲན་རྟོག་ཅིག་གིས་ང་རང་མུ་མཐུད་དུ་ཁྲེན་ཏུའུ་ས་ཁུལ་གྱི་ནང་བསྟན་དགོན་སྡེ་ཁག་ལ་མཇལ་སྐོར་དང་རྟོག་ཞིབ་ཏུ་བསྐྱོད་པར་སྐུལ་ལྕག་ཐེབས།

        གཅིག་ནས་རང་ཉིད་ལ་མཚོན་ན་འདུ་འཛིས་ཁེངས་པའི་གྲོང་ཁྱེར་གྱི་འཚོ་བར་དེ་འདྲའི་གོམས་ལོབས་སུ་གྱུར་མེད་ལ། ལྷག་པར་འདུ་ལོང་རྒོད་པའི་སྲང་ལམ་ན་དགོན་སྡེ་ཁ་ཤས་མཐོང་ཡུལ་དུ་མངོན་དུས་རང་དབང་མེད་པར་ཡ་མཚན་གྱི་བློ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་པས། རང་ཉིད་ཀྱི་དྲན་ཤེས་ངོགས་སུ་དགོན་སྡེ་དེ་དག་ནི་དབེན་གནས་ཤིག་ཏུ་ལྷིང་འཇགས་སུ་གནས་ཤིང་སྒྲུབ་སྦྱོང་གི་ཁོར་ཡུག་ཡིད་གར་འོང་བ་ཞིག་ཡིན་པར་འདོད་མོད། གྲོང་ཁྱེར་འདི་ལས་མཐོང་བའི་དགོན་སྡེ་དག་ནི་དེ་ལས་ལྡོག་སྟེ། གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་ན་ངལ་དུབ་ཀྱིས་གཟིར་བའི་རྒན་པོ་ཞིག་དང་འདྲ་བར་འདུ་འཛིའི་ཁྲོད་ཐིམ་བཞིན་འདུག གཉིས་ནས་ས་ཁུལ་འདིའི་དགོན་སྡེ་དག་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་དང་འབྲེལ་བ་དམ་ཟབ་ཡོད་ཅེས་པ་སྔོན་ཆད་དགེ་རྒན་དམ་པ་འགའ་ཤས་ཀྱིས་གསུངས་མྱངས། ཐོག་མའི་ཀུན་སློང་དང་དམིགས་ཡུལ་དེ་ལྟ་བུ་བཅངས་ནས་ཁྲེན་ཏུའུ་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་(太古里)ཆགས་པའི་བྱམས་ཆེན་དགོན་ལ་མཇལ་སྐོར་བྱེད་ཞོར་མཐོང་ཐོས་སྐོར་ཞིག་ཡིག་ཐོག་ཏུ་བཀོད་ན་བསམ།

        དེ་རིང་ནི་ལུགས་རྙིང་གི་བརྒྱད་པའི་བཅོ་ལྔ་ཡིན་ལ། ནང་ལོགས་ས་ཁུལ་ལ་མཚོན་ན་དུས་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཉིན་འདི་འགར་ལས་ཁུངས་སོ་སོའི་སྒྲིག་སྲོལ་ལྟར་ངལ་གསོས་འདུག ནམ་རྒྱུན་འདི་ལྟ་བུའི་ངལ་གསོའི་དུས་ཚོད་རེ་བྱུང་དུས་ཉེ་འཁོར་གྱི་གྲོགས་པོ་དག་མཉམ་དུ་འཛོམས་ནས་ཕ་ཡུལ་ལྟ་བུའི་དྲོད་ཁོལ་དང་སྤུན་ཟླ་ལྟ་བུའི་བརྩེ་བ་གླེང་སྲིད་མོད། དེ་རིང་ངས་དེ་དག་རྒྱབ་ཏུ་བསྐྱུར་ཅིང་། པར་ཆས་དང་ཆར་གདུགས་ཐོགས་ནས་ལམ་ལ་ཆས་པ་ཡིན།

ཞོན་ཙང་སྐུ་བརྙན།
            ཆུ་ཚོད་གཅིག་ཙམ་ལ་ས་འོག་མེ་འཁོར་ལ་བསྡད་རྗེས་བྱམས་ཆེན་དགོན་གྱི་ཉེ་འཁོར་དུ་ཐོན་བྱུང་། བྱམས་ཆེན་དགོན་གྱི་ལམ་དེད་ནས་སོང་དུས་གཞི་མདོ་ཞིག་ན་བྱམས་ཆེན་དགོན་གྱི་སྒོ་ཆེན་ཡོད་ལ། ཁྲེང་ཏུའུ་ཉེ་འཁོར་གྱི་དགོན་སྡེ་དག་དང་འདྲ་བར་གནའ་བོའི་ནང་ལོགས་ཀྱི་འཛུགས་སྐྲུན་གྱི་ཁྱད་ཆོས་འབུར་དུ་ཐོན་འདུག དེ་རིང་ནི་ལུགས་རྙིང་གི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཡིན་སྟབས་མཆོད་མཇལ་དང་ལྟ་སྐོར་དུ་ཕེབས་མཁན་ཤིན་ཏུ་མང་། དགོན་པའི་ནང་ལོགས་ཀྱང་ཕྱི་ཡི་ཟང་ཟིང་གི་སྲང་ལམ་དང་འདྲ་བར་འུར་ཟིང་གིས་ཁེངས་འདུག དགོན་པའི་ལྷིང་འཇགས་དང་བརྗིད་ཆགས་ཀྱི་ཉམས་དེ་ཉམས་ཟད་དུ་གྱུར་འདུག་པས། ཕར་བལྟས་པ་ཙམ་གྱིས་ཚོང་ར་ཆེན་པོ་ཞིག་ཡིན་སྙམ་པའི་ཚོར་བ་ཞིག་སྐྱེས་བྱུང་། ངས་ཀྱང་པར་ཆས་ཀྱི་སྒོ་ཕྱེ་ནས་བྱམས་ཆེན་དགོན་གྱི་འཛུགས་སྐྲུན་དང་མེ་ཏོག་གི་མཆོད་པ། ཆུའི་མཆོད་པ་འབུལ་བའི་མི་ཚོགས་ལ་པར་རེ་གཉིས་གཏབ་ཞོར། མཆོད་མཇལ་ཐེངས་ཤིག་བྱས།

        བྱམས་ཆེན་དགོན་ནི་ངའི་དྲན་ཤེས་ཁྲོད་ཀྱི་ཁྲེན་ཏུའུ་ས་ཁུལ་གྱི་དགོན་པ་དང་གཞན་མི་འདྲ་བར་མ་ཟད། རྒྱུས་ལོན་བྱས་པ་ལྟར་ན་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་དང་ཡང་འབྲེལ་བ་ཆེན་པོ་མི་འདུག མ་གཞི་འདི་ནི་རྒྱ་བརྒྱུད་ནང་བསྟན་གྱི་སྒོམ་ལུགས་ཀྱི་དགོན་སྡེ་ཞིག་ཡིན་ལ། སུང་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། རྒྱ་གར་གྱི་བཙུན་པ་ནོར་བུ་འཛིན་པ་ཞེས་པ་ཝེ་ཅིན་རྒྱལ་རབས་ཀྱི་སྐབས་སུ་ཤར་ཕྱོགས་སུ་ཕེབས་པའི་སྐབས་སུ་ཧྲུའུ་(蜀)(ཁྲེན་ཏུའུ་ས་ཁུལ།)ལ་བྱོན་ནས། འཕགས་པ་དེ་བཞིན་གཤེགས་པ་དང་བྱམས་ཆེན་ཆོས་རྗེ་གཉིས་ཤུལ་དུ་བཞག་ཅེས་བཀོད་ཡོད། དེ་ལྟར་རྩིས་ཚེ་དུས་རབས་གསུམ་པ་ནས་བཞི་པའི་བར་དགོན་པ་འདི་ཕྱག་བཏབ་པ་ཡིན་ལ། ད་ལྟའི་བར་ལོ་ངོ་1600ལྷག་གི་ལོ་རྒྱུས་ཡོད་ལ། ལོ་རྒྱུས་གླེགས་བམ་ཁག་ཏུ་བྱམས་ཆེན་དགོན་ནི་ཙི་ནཱའི་དབེན་གནས་ཐོག་མ་ཞེས་པའི་མཚན་ཡང་གསོལ་འདུག

གཙང་ཁང་། 
        བྱམས་ཆེན་དགོན་ནི་ཐང་རྒྱལ་རབས་ཀྱི་བཙུན་པ་ཤཱན་ཙང་གི་རབ་བྱུང་སྒྲུབ་གནས་ཡིན་ལ། ཤཱན་ཙང་གིས་དགོན་པ་འདི་ལས་འདུལ་བའི་སྡེ་སྣོད་ལ་སོགས་པའི་ནང་པའི་སྒོམ་སྒྲུབ་ཀྱི་སྡོམ་པ་ལོ་ངོ་གསུམ་གྱི་རིང་ལ་ལེགས་པར་སྦྱངས་རྗེས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་ལོག་ནས་ནུབ་ཕྱོགས་སུ་སྐྱོད་འགོ་བརྩམས།
དེ་མ་ཟད་སྤྱི་ལོ་756ལོའི་ཨན་ཧྲིའི་དུས་འགྱུར་གྱི་སྐབས་སུ་གོང་མ་ཐང་ཤན་ཙུང་ཁྲེན་ཏུའུ་རུ་བྲོས་བྱོལ་བྱེད་སྐབས་དགོན་པ་འདིའི་གྲྭ་བ་དག་གིས་སྦྱིན་པ་གཏོང་བ་དང་མང་ཚོགས་ལ་རོགས་རམ་མཛའ་གཅེས་བྱེད་པ་ཐུགས་ཀྱིས་གཟིགས་ཤིང་། ལྷག་པར་ཁོ་རེ་ཡའི་རྒྱལ་སྲས་སྒོམ་ཆེན་མཚན་མེད་པ་ལ་སོགས་པའི་སྐལ་ལྡན་སློབ་བུ་མང་པོ་བསྐྱངས། གོང་མ་ཐང་ཤན་ཙུང་གིས་དགོན་པ་འདིར་བྱམས་ཆེན་ཆོས་རྗེ་དགོན་ཞེས་པའི་སྒོ་བྱང་གནང་ཞིང་། ས་མུའུ་སྟོང་གཅིག་གི་སྦྱིན་པ་གནང་། ལོ་རྗེས་མ་ནས་བཟུང་སྒོམ་ཆེན་མཚན་མེད་པའི་སྣེ་ཁྲིད་འོག་བྱམས་ཆེན་དགོན་བསྐྱར་བཞེངས་བྱས་པ་དང་དགོན་པ་རྒྱ་བསྐྱེད་ནས་དེ་བཞིན་གཤེགས་པའི་ལྷ་ཁང་དང་བྱམས་ཆེན་ལྷ་ཁང་ལ་སོགས་པའི་ལྷ་ཁང་76བཞེངས་པར་བཞེད་མོད། ད་ལྟ་དེ་དག་གང་མང་མཐོང་རྒྱུ་མི་འདུག དུས་དེ་ནས་བཟུང་བྱམས་ཆེན་དགོན་འདི་འཕེལ་རྒྱས་ཀྱི་འགོ་བརྩམས་ཤིང་། ལྷག་པར་དགོན་པའི་ཉེ་འཁོར་ཆུ་ཕྲན་དང་ནགས་ཀླུང་སོགས་རང་བྱུང་བཀོད་པ་ལྷུན་ཆགས་སུ་གྲུབ་པ་འབྲེལ་ཡོད་ལོ་རྒྱུས་དག་དུ་བཀོད་པ་ནང་བཞིན་ལགས། དེ་མིན་གོང་མའི་རྒྱབ་སྐྱོར་ཐོབ་པ་ནས་བཟུང་རིག་གནས་པ་དང་རི་མོ་བ་གང་མང་ཞིག་གནས་འདིར་བྱོན་ནས་དམ་ཆོས་སྒྲུབ་སྦྱངས་དང་རིག་གནས་བགྲོ་གླེང་གང་མང་སྤེལ། རྒྱའི་སྙན་ངག་པ་མང་པོས་དགོན་པ་འདི་དང་འབྲེལ་བའི་སྙན་ཚིག་ཀྱང་བྲིས་པར་སྐད།

ཐུགས་རྗེ་ཆེན་པོའི་འདྲ་སྐུ།
        དེ་ཡང་བྱམས་ཆེན་དགོན་འདི་ཐང་རྒྱལ་རབས་དང་རྗེས་ཀྱི་སུང་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་གོ་དང་ཁོ་རེ་ཡ། འཇར་པན་གསུམ་གྱི་ནང་ཆོས་བགྲོ་གླེང་གི་ལྟེ་བར་གྱུར་ཡོད་ལ། སྐབས་ཤིག་སྒོམ་ཆེན་པས་ཆོས་ར་འཚོགས་དུས་དད་ལྡན་མང་ཚོགས་ཉིན་རེར་ཁྲི་ལས་བརྒལ་བ་མཆོད་མཇལ་དུ་ཡོང་བས་དད་ལྡན་པའི་མཐོ་རླབས་འཕྱུར་བའི་སྣང་ཚུལ་མང་དུ་བྱུང་བ་རེད།
        བྱམས་ཆེན་དགོན་ནི་དགོན་པ་གཞན་དང་མི་འདྲ་བར་ཐོག་མ་ནས་དབེན་གནས་ཤིག་ཏུ་ཕྱག་བཏབ་པ་མིན་ལ། དང་ཐོག་ནས་གྲོང་གི་དཀྱིལ་དབུས་སུ་ཆགས་ཡོད་ལ། ད་ལྟའི་ཉེ་འཁོར་གྱི་ཚོང་ར་དེ་དག་གནའ་ནས་བཟུང་ཡོད་པར་གླེང་། དཔེར་ན་སུང་རྒྱལ་རབས་ཀྱི་སྙན་ངག་པ་ཀན་ལིན་(贯林)དང་ཐེན་ཁོང་(田况)ལ་སོགས་པས་བྱམས་ཆེན་དགོན་ཉེ་འཁོར་གྱི་ཁྲོམ་ར་དང་འབྲེལ་བའི་སྙན་ཚིག་བྲིས་འདུག་ལ། སྙན་ཚིག་ལས་མཛེས་སྡུག་གི་ཁོར་ཡུག་དང་དར་ཞིང་རྒྱས་པའི་ཁྲོམ་ར་མཚོན་པར་བྱས་ཡོད། ཆིང་རྒྱལ་རབས་ཀྱི་སྔོན་དུ་བྱམས་ཆེན་དགོན་ལ་མེ་ཡི་འཇིག་པ་ཆེན་པོ་བྱུང་ནས་དགོན་པར་གཏོར་ཞིག་ཚབས་ཆེན་ཐེབས་ཤིང་། གོང་མ་ཐང་ཤན་ཙུང་གི་གནང་བའི་སྒོ་བྱང་དེ་ཡང་སྲེག་ཟའི་ཕུང་པོར་གྱུར། ད་ལྟ་ང་ཚོས་མཐོང་ཐུབ་པ་འདི་ནི་ཆིན་རྒྱལ་རབས་ཀྱི་གོང་མ་ཧྲོན་ཀྲི་(顺治)སྐབས་སུ་བསྐྱར་བཞེངས་བྱས་པ་ཡིན་ལ་སྒོ་བྱང་ཡང་གོང་མ་ཧྲོན་ཀྲིས་(顺治)གནང་པ་རེད། སྤྱི་ལོ་1958ལོར་དགོན་པའི་ཆོས་སྒོ་བརྒྱབ། ཉེ་འཁོར་ཁྲོམ་རར་བསྟུན་ནས་དགོན་པའི་ལྷ་ཁང་མང་པོ་མེད་པར་བཟོས་ཏེ་བྱམས་ཆེན་དགོན་ཁྲེན་ཏུའུ་གྲོང་ཁྱེར་གྱི་དངོས་མང་བཤམས་སྟོན་ཁང་དུ་གྱུར། སྤྱི་ལོ་2004ལོར་སླར་ཡང་བསྟན་པའི་ཆོས་སྒོ་ཕྱེ་ནས་དད་ལྡན་ཀུན་གྱི་མཆོད་ཡུལ་དུ་གྱུར།

སྦྱིན་བདག་ཧྭ་ཤང་།
        ད་ལྟའི་དུས་འདིར་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག དགོན་པའི་རང་ཁ་རང་གསོ་བྱེད་པའི་ཤུགས་ཆེ་རུ་བཏང་ནས་དགོན་སྡེ་སོ་སོས་རང་ངོས་ནས་ཚོང་ལས་ལ་སོགས་པའི་དཔལ་འབྱོར་གྱི་ཡོང་འབབ་འཚོལ་འགོ་བརྩམས། བྱམས་ཆེན་དགོན་ལ་མཚོན་ན་གནའ་ནས་བཟུང་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཆགས་ཤིང་ལྷག་པར་ཁྲེན་ཏུའུ་གྲོང་ཁྱེར་གྱི་ལྟེ་བའི་སྒྲིག་འཛུགས་དེ་བྱམས་ཆེན་དགོན་གྱི་ཉེ་འཁོར་གཏད་པས་བྱམས་ཆེན་དགོན་གྱི་ཚོང་ལས་ལྷག་པར་དར་ཞིང་། ད་ལྟ་ཁྲེན་ཏུའུ་གྲོང་ཁྱེར་གྱི་དར་རྒྱས་ཆེས་ཆེ་བའི་ཁྲོན་ཞི་སྲང་ལམ་གྱི་དཀྱིལ་དབུས་སུ་གྱུར་འདུག
        བྱམས་ཆེན་དགོན་འདིར་ཉེ་འཁོར་གྱི་ཁོར་ཡུག་གི་དབང་གིས་ཚོང་ལས་ཀྱི་མཁའ་དབུགས་ཤིན་ཏུ་སྟུག་མོད། ཆོས་སྒྲུབ་སྦྱངས་ཀྱི་སྲོལ་རྒྱུན་བཟང་པོ་དེ་ནུབ་ཏུ་མ་བཅུག་པར་སྔར་སྲོལ་བཞིན་སྤོས་ངད་ལྡང་བའི་ནང་བསྟན་གྱི་དགོན་སྡེ་ཞིག་ཏུ་གྲུབ་འདུག རང་ཉིད་ལ་མཚོན་ན་ཐེངས་འདིའི་མཆོད་མཇལ་ཁྲོད་ནས་ནང་པའི་བསྟན་པ་འདི་སྔོན་གྱི་དགོན་སྡེ་གཅིག་པུ་ལས་སད་ཅིང་སྤྱི་ཚོགས་རིག་གནས་ཀྱི་ནང་དུ་འཐིམས་བཞིན་པའི་ཚོར་བ་ཞིག་སྐྱེས་་ལ། ལྷག་པར་བྱམས་ཆེན་དགོན་གྱི་གནས་ཚུལ་འདི་སྔོན་ཆད་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་དགོན་པ་དང་ཆབ་སྲིད། དཔལ་འབྱོར་སོགས་ཅི་ལྟར་འཁོར་རྒྱུགས་བྱེད་པ་ལ་ཡང་ཟུར་ལྟ་ཞིག་ཏུ་གྲུབ་འདུག་སྙམ་པའི་ཚོར་བ་ཞིག་ཤུགས་ཀྱིས་སྐྱེས་བྱུང་ལ་ཕ་ཡུལ་གྱི་དགོན་སྡེ་དག་གི་དབེན་འཇགས་ཀྱི་སྣང་བརྙན་ཡིད་ལ་ཤར་བཞིན་ནུབ་ཁའི་ཉི་མ་དང་ལྡོས་ནས་ཁྱིམ་དུ་ལོག་པའི་ལམ་ལ་ཆས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1