ཡུང་མ་ནི་བོད་མིས་འདེབས་འཛུགས་ཆེས་སྔ་བའི་སྔོ་ཚལ་རིགས་ཤིག་ཡིན་ཞིང་ དཔྱིད་ཀ་མེ་ཏོག་སེར་པོ་བཞད། ལོ་མ་ཆེ་ལ་རྩ་བའི་དབྱིབས་ཟླུམ་ཞིང་ལེབས་མོ་ཞིག་ཡིན།
རིགས་དབྱེ།
《སྔོ་སྨན་གྱི་འཁྲུངས་དཔེ་བསྡུས་ངོ་མཚར་གསེར་སྙེ།》ལས། ཆར་ཡུང་མཆོག དེ་མིན་ཡུང་མ་དམན་པ། ཡུང་རྒན་ནར་སོན་ཐ་མ། ཡུང་སོན་འོ་ལུ། ཞེས་གསུངས་པ་ལྟར། ཡུང་མ་སྐྱེ་གནས་ཀྱི་དབང་གིས་རྩ་བ་རྡོག་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་དོ། །
རོ་ནུས་ཞུ་རྗེས།
རོ་མངར་ལ་ཚ་བ་དང་། ཞུ་རྗེས་མངར་བ། ངོ་བོ་དྲོད། སློབ་དཔོན་དཔའ་བོས། ཡུང་མ་ཚ་ཞིང་དྲོ་བ་དང་། ཞེས་དང་། 《བདུད་རྩི་སྨན་གྱི་འཁྲུངས་དཔེ།》ལས། རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་ཚ་ཞིང་དྲོ་ལ་སྣུམ་པའོ། ། ཞེས་གསུངས།
སྨན་སྦྱོར།
ལང་ཐང་བདུན་པ། ལང་ཐང་ཞོ་5དང་། དབྱི་མོང་དཀར་པོ་ནུས་བསྲེགས་ཐལ་ཞོ ་5 བ་ལུ་བསྲེགས་ཐལ་ཞོ་5 སྟར་བུའི་ཁཎྜ་ཞོ་3 ཅོང་ཞི་རྒོད་བཏུལ་ཞོ་4 པི་པི་ལིང་ཞོ་3དང་སྐར་5 སྒོག་འཛིམ་པ་ཞོ་4 བཅས་སྦྱར་ནས་ཞིབ་བཏགས་ཕྱེ་རིལ་གང་རུང་བཏག་ན། ཟས་ཀྱི་དང་ག་ཉམས་པ་དང་། ཟས་འཇུ་དཀའ་བ། ཕོ་བ་སྦོས་བརྒྱངས་བྱེད་པ་སོགས་ཕོ་བའི་མེ་དྲོད་ཉམས་པར་ཕན།
གོང་གི་ངོ་སྤྲོད་ལྟར། ཡུང་མ་ནི་སྔོ་ཚལ་ཁྲོད་ཀྱི་ནོར་བུ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཡིན་ནའང་དེ་རིང་ཁྱེད་རྣམས་པར་ད་དུང་ཡུང་མའི་བེད་སྤྱོད་བྱས་སྟངས་ཞིག་ངོ་སྤྲོད་བྱ་རྒྱུ་ནི། དེ་ནི་ཡུང་མ་བཟའ་ཆས་ཞིག་ཡིན་པ་མ་ཟད་ལྷ་ལ་མཆོད་འབུལ་བྱེད་སྤྱད་ཀྱི་སྣོད་སྤྱད་ཀྱང་བཟོ་ཆོག དགའ་ལྡན་ལྔ་མཆོད་ཀྱི་དུས་ལ་ཁམས་མི་ཉག་ས་ཆའི་དད་ལྡན་མི་དམངས་རྣམས་ཀྱིས་ཡུང་མ་མཆོད་མེའི་ཀོང་བུ་བརྐོས་ཏེ། ཡུང་མའི་ནང་དུ་མཆོད་མར་བཞུས་ནས་བླུགས་ཏེ་སྦར་བ་ལས་འོད་ཀྱི་གཟི་བྱིན་གྱི་རྒྱལ་བ་དགྱེས་པའི་སྤྱན་ལམ་དུ་མཆོད་པའི་ཡོ་བྱད་སྤྲིན་འཕྲོ་བས་བསོད་ནམས་དམ་པའི་ཚོགས་རྫོགས་པ་སོགས་ཆོས་དད་མང་ཚོགས་ཀྱི་ཉེར་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་འགྱུར་བས་ཡུང་མ་ནི་སྤྱོད་སྒོ་ཆེན་པོ་དང་ལྡན་པ་ཞིག་ཡིན་ནོ། །