༄༅།། སྣང་སྟོང་།

ཀླུ་པད་བཟང་། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-07


སྤང་གི་ལུག་ཁྱུ་ཚུར་ཚུར་ཡོང་། །
རྫི་བོ་རྨས་མ་རྗེས་ནས་ཡོང་། །
ཁ་སྤུ་ལིང་ལིང་འདར་བཞིན་ཡོང་། །
འུར་ཆ་གློ་ལ་བརྫུས་ནས་ཡོང་། །
བར་སྣང་འགས་པའི་ཀི་བཏབ་ཚེ། །
མིག་ཟུང་རི་ལ་འཁོར་བཞིན་དུ། །
མེ་ལོང་དབུས་ཀྱི་ས་རྡུལ་བརྡབས། །
ཡིད་ནི་རབ་ཏུ་དྭངས་པའི་ངང་། །
མགྲིན་པ་བཏེགས་ཏེ་གནའ་གླུ་གྱེར། །
གནའ་གླུ་གསེབ་ཀྱི་ལུ་གུ་གཉིས། །
ཆུ་ཕྲན་ཞེན་ནས་འཕག་འཚག་གིས། །
གཙང་པོ་ཞིག་གི་འགྲམ་དུ་ཐོན། །
གླག་རྒོད་འཕུར་བའི་གྲིབ་མ་ལ། །
དམྱལ་བའི་སེམས་ཅན་ཡིད་ཀྱིས་འཁྲུལ། །
སུན་སྣང་སེམས་ཀྱི་མེ་ལོང་དབུས། །
ལེ་ལོ་མཛའ་མོ་འཛུམ་ཞིང་ཡོང་། །
ཟླ་འོད་འོག་གི་ཆུ་མིག་ལས། །
བདག་གི་ལུག་ཁྱུ་ཐང་ལ་མཛེས། །
རི་བོ་པང་དུ་བླངས་གྱུར་ཚེ། །
སྐར་མའི་ཁྲོད་ནས་རྙེད་པ་དག །
གསལ་ལ་རང་བཞིན་མེད་པར་བསྒོམས། །
མ་ཡེངས་ཡིད་ལ་བསྒོམས་པ་ཡི། །
བདག་གི་སྟོན་པ་དབྱིངས་སུ་བྱིང་། །
མེ་ཏོག་ལས་འཁྲུངས་མཛའ་ན་མོ། །
གསང་བ་ཁྲོད་ཀྱི་དཀྱིལ་འཁོར་རུ། །
ལྐུག་པར་བཞུགས་ཤིང་འཛུམ་པའི་ཚེ། །
བདེ་བའི་ཀློང་གི་ཚོར་བ་འདི། །
མར་མེ་བཞིན་དུ་ལྷོད་ཀྱིས་འབར། །
གཙང་པོ་ཧུབ་ཀྱིས་འཐུང་བ་ཡི། །
ལུག་ཁྱུ་དེད་པའི་རྣལ་འབྱོར་ཞིག།།
གསེར་དང་དངུལ་གྱི་ཕུག་པ་ནས། །
རང་གི་ལུས་ལ་ཞེན་པའི་ཚེ། །
མགོ་བོ་དུད་པའི་འུ་ཅག་ལ། །
མི་རྟག་ཆོས་ཉིད་འདས་གྱུར་ཏེ། །
རྟག་པའི་མེ་ཏོག་རྒྱབ་ཏུ་སྐྱེས། །
གསལ་ལ་རང་བཞིན་མེད་པ་ཡི། །
ཆོས་ཉིད་དར་ཐག་འཆད་གྱུར་ཚེ། །
ཡིད་ལ་བསྣུན་པའི་ཕྱེ་མ་ལེབ། །
ཟླ་བའི་འོད་ལ་དཔྱངས་ནས་ཡོང་། །
ཤེལ་ཕོར་ནང་གི་ཇ་ལོ་འདི། །
ཡོལ་བའི་རྒྱབ་ཀྱི་གར་སྟེགས་ཡིན། །

སྣང་སྟོང་སེམས་ཀྱི་འོད་ཟེར་རོ། །

2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་6པ་ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1