བརྩེ་ཆེན་ཨུཏྤལ་དམར་པོའི་ཟུར་མདའ་ཡིས། །ཡིད་སྲུབས་རྨོངས་པ་སེལ་བའི་མཐུ་སྟོབས་ཅན། །ཤེས་རབ་འོད་སྟོང་སྣང་བ་འགོག་མེད་དུ། །སྩོལ་མཛད་ངག་རིག་རྒྱ་མཚོའི་ལྷ་དེར་གུས། །སྐུ་ལ་མཁས་བཙུན་བཟང་པོའི་ཡོན་ཏན་ལྡན། །གསུང་ལ་འཆད་རྩོད་རྩོམ་པའི་སྤོབས་པ་མངའ། །ཐུགས་ལ་ཐོས་བསམ་སྒོམ་པའི་དཔལ་གྲུབ་པའི། །བཀའ་དྲིན་མཚུངས་བྲལ་དགེ་བའི་བཤེས་ལ་འདུད། །འཕགས་ཡུལ་ལྷ་ལམ་མཛེས་པའི་དཀྱིལ་འཁོར་དུ། །ཚིག་རྒྱན་འོད་ཀྱི་ཟེགས་མ་འབུམ་སྤྲོས་པའི། །མཁྱེན་དཔྱོད་ཆ་ཤས་རྫོགས་པའི་ཟླ་བ་སྟེ། །སློབ་དཔོན་དཎྜིའི་བཀའ་དྲིན་སླར་ཡང་དྲན། །གངས་ཅན་སྙན་ཚིག་འདབ་སྟོང་གྲོལ་བ་ལ། །སྡེབ་ལེགས་ཚིག་སྦྱོར་ཡལ་གའི་ཁོ་ལག་རྫོགས། །མ་སྨད་རང་བྱོན་སྙན་དབྱངས་གསར་པའི་མཛོད། །མི་ནུབ་ངོ་མཚར་གཟི་དཔལ་འབར་གྱུར་ཅིག །ལང་ཚོའི་ལུས་ཟུངས་རྒྱས་པའི་ངག་གི་ཕྲེང་། །ཕུལ་བྱུང་རིན་ཆེན་རྒྱན་གྱིས་མཛེས་པའི་གཟུགས། །སྡེ་བཞི་སྲོག་གི་སྙིང་པོ་གྲུབ་པའི་ཉམས། །ཡིད་འོང་ངག་གི་དཔལ་འདི་གླེང་བར་སྤྲོ། །ཞེས་མཆོད་པར་བརྗོད་དེ་འདིར་བཤད་པའི་དོན་གསུམ་སྟེ། ཚིག་གི་སྦྱོར་ཚུལ་བཤད་པ། རྒྱན་གྱི་སྤུ་རིས་འབྱེད་པ། གཞུང་གི་སྤྱི་ཁོག་གླེང་བའོ། །
དང་པོ། ཚིག་གི་སྦྱོར་ཚུལ་བཤད་པ།
ཚིག་དང་ཚིགས་བཅད་ཀྱི་གོ་དོན་ནི། སྤྱིར་ཚིག་ཅེས་པ་ནི་མིང་དུ་མ་འདུས་ཤིང་ཕྲད་དང་རྣམ་དབྱེའི་རྐྱེན་གྱིས་དོན་ཁྱད་པར་དང་བཅས་པ་སྟོན་བྱེད་ཅིག་ལ་ཟེར་ཞིང་། མིང་ཕན་ཚུན་སྦྱོར་བར་བྱེད་པའི་ཚིག་གི་རྣམ་དབྱེ་བརྒྱད་དང་། མིང་གི་མཐའ་རིང་དུ་གཏོང་བའི་ཚིག་ཕྲད་ཀྱི་གོ་དོན་བཞི། མིང་གི་མཐའ་ཐུང་བར་བྱེད་པའི་ཚིག་སྡུད་ལྔ། མིང་གི་ཆ་ཤས་སྔ་ཕྱི་དང་ཕན་ཚུན་བསྡུ་བ་སོགས་ཚིགས་སུ་གྲུབ་པའི་རྐྱེན་གྱི་ཡི་གེ་དང་མིང་དང་ཚིག་གི་སྦྱོར་བ་རྣམས་སོ་སོའི་ཁྱད་ཆོས་བརྡ་སྤྲོད་ཀྱི་གཞུང་དང་། སྐད་ཆའི་ཆོས་ཉིད་དང་མཐུན་པར་བྱེད་དགོས་ཤིང་བརྗོད་བྱའི་དོན་དང་འབྲེལ་བའི་རྗོད་བྱེད་ཀྱི་སྒྲ་སྦྱོར་ལྕི་ཡང་སོགས་ལ་འབད་པར་རིགས། དེ་ལྟར་བྱས་ན་ཚིག་ཅེས་པའི་སྙན་ངག་གི་ལུས་ཀྱི་ཆ་ཤས་ཤིག་ལ་རེག་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཚིགས་བཅད་ཅེས་པ་ནི་ཚིག་དུ་མ་འདུས་ཤིང་རྐང་པ་སྔ་ཕྱི་བཅད་པ་སྟེ། ཚེག་ཁྱིམ་དང་། བཅད་མཚམས། བཅད་གྲངས། ངལ་གསོ་མཚམས་སོགས་སྔ་ཕྱི་མཉམ་ཞིང་ལྷུ་འགྲིག་པ་ཞིག་ལ་ཟེར་ཞིང་། དེ་དག་ལས་ཚེག་ཁྱིམ་མཉམ་པ་ནི། ཚེག་དབར་གྱི་ཁྱིམ་རྐང་པ་སྔ་ཕྱིའི་ཚིག་དུམ་རྣམས་མང་ཉུང་མཉམ་ཞིང་འདོན་པའི་ཚེ་ཚིག་སྡུད་དང་ཚིག་རྒྱན་གྱི་རྐྱེན་གྱིས་བརྗིད་པའི་ཉམས་དང་ལྡན་པ་ཞིག་ལ་ཟེར། དཔེར་ན། སློབ་དཔོན་ནག་མོའི་ཁོལ་གྱི་ལོ་རྒྱུས་ལས། མཚོ་ཡི་ནང་གི་པད་མ་འདི། །འདར་བ་བྱེད་པའི་རྒྱུ་ཅི་ཞིག །ཅེས་པ་ལྟ་བུ། རྐང་པ་སྔ་ཕྱིའི་ཚེག་ཁྱིམ་བདུན་རེ་བྱས་ནས་གྲངས་མཉམ་པ་ལྟ་བུའོ། །བཅད་པའི་མཚམས་མཉམ་པ་ནི། ཚིག་རྐང་རེ་ལ། མཛེས་ལྟ་བུའི་བཅད་ཆུང་ཚེག་ཁྱིམ་གཅིག་དང་ངག་རིག་ལྟ་བུའི་བཅད་འབྲིང་ཚེག་ཁྱིམ་གཉིས་དང་། མཚོ་བྱུང་མ་ལྟ་བུའི་བཅད་ཆེན་ཚེག་ཁྱིམ་གསུམ་ཡོད་པ་དེ་དག་གི་བཅད་པ་རེ་རེའི་མཚམས་མཉམ་པ་སྟེ། དཔེར་ན། སྙན་ངག་མེ་ལོང་ལས། ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱོད་ལ་སྲུངས། །ཞེས་པ་ལྟ་བུའི། ངག་ཡིད། སྤྱོད་ཡུལ། མ་ཡིན། པའི། ལྟ་བུ་ཆ་ཆ་ཆ་ཡ་སོགས་རྐང་པ་སྔ་ཕྱིའི་བཅད་མཚམས་མཉམ་པ་སྟེ་བཅད་པའི་མཚམས་མཉམ་པ་ལ་ཟེར། བཅད་གྲངས་མཉམ་པ་ནི། བཅད་པའི་མཚམས་ཀྱི་གྲངས་ཀ་མཉམ་པ་སྟེ། དཔེར་ན། ཁྱད་པར་འཕགས་བསྟོད་ལས། བརྒྱ་བྱིན་གྱིས་ནི་བཤོལ་མེད་མ། །མཐོང་ནས་འདོད་པས་རྨོངས་ཞེས་གྲགས། །དཔའ་ཁྱོད་འདོད་པ་ཉིད་ཀྱིས་ནི། མ་རྨོངས་སླད་དུ་བཙུན་མོ་བཏང་། །ཞེས་ཚིག་སྔ་མ་རྣམས་ཆ་ཆ་ཆ་ཡ་སྟེ་ཕྱི་མ་རྐྱང་པ་བཀླགས་པས་བཅད་གྲངས་བཞི་ལས་གྲུབ་པ་སྟེ་རྐང་པ་སྔ་ཕྱིའི་བཅད་པའི་གྲངས་མཉམ་པའོ། །ངག་གསོའི་སྡེབ་མཚམས་མཉམ་པ་ནི། དབུགས་ཀྱི་ངལ་གསོ་མཚམས་ཚིག་རྐང་རེ་རེའི་ནང་གི་ངལ་གསོ་མཚམས་མཉམ་པ་སྟེ། དཔེར་ན། སྙན་ངག་སྤྲིན་གྱི་ཕོ་ཉ་ལས། ཆུ་སྟོད་ཟླ་བ་རྫོགས་པ་ཉིད་ལ་སྤྲིན་རྣམས་རི་ཤོད་རི་སྟེང་འབབ། །མཆོག་ཏུ་རོལ་ཞིང་མཛེས་པར་གྱུར་པའི་གླང་ཆེན་ཡིན་ནམ་སྙམ་དུ་རྟོག་ཅིང་མཐོང་བར་གྱུར། །ཞེས་པ་ལྟ་བུ་སྟེ། ཆུ་སྟོད་ཟླ་བ་རྫོགས་པ་ཉིད་ལ། ཞེས་ཚེག་ཁྱིམ་བརྒྱད་པའི་མཚམས་སུ་ངལ་གསོ་ཕོག་པ་སྟེ་རྐང་པ་ཕྱི་མ་དག་ཀྱང་དེ་བཞིན་དུ་ངལ་གསོ་མཚམས་ཚེག་ཁྱིམ་བརྒྱད་ནས་མཉམ་པ་ལྟ་བུའོ། །
སེམས་ཀྱི་དཀྱིལ་འཁོར་ར་རིའི་དྲི་མ་དག །ངག་གི་བསིལ་ཟེར་འདོད་པ་འཇོ་བའི་དབང་། །སྐྱོན་ཚིག་མུན་པའི་དྲི་མ་མི་མངའ་བའི། །སྟོན་གྱི་ཟླ་བ་འདྲ་བའི་སྙན་ངག་པ། །ཐར་བའི་ལམ་དང་ཡ་རབས་མི་ཡི་གཤིས། །ཕྱི་ཡི་བཀོད་པ་སེམས་ཀྱི་འཆར་སྒོ་སོགས། །མ་འདྲེས་གསལ་བར་སྟོན་པའི་ཡིད་བཞིན་མཚོ། །སྙན་པའི་ངག་འདི་འཇིག་རྟེན་མཛེས་པའི་རྒྱན། །ཡུལ་གྱི་སྡོང་ལོ་ཤག་ཤག་བསྒུལ་བ་དང་། །སེམས་ཀྱི་ཉ་མོ་འཁྱུག་འཁྱུག་གཡོ་བ་སྟེ། ངག་གི་རང་མདངས་ཟོལ་མེད་བདེན་པའི་སྒྲ། །དགའ་བའི་སྙན་ཚིག་མི་ཕྱེད་ཚེ་ཡི་གྲོགས། །ཚིགས་བཅད་མེ་ཏོག་ཕྲེང་བའི་ལང་ཚོ་བཀྲ། །ལྷུག་པ་ཉལ་འགྲོ་དལ་འབབ་འགྲོས་ཀྱིས་མཛེས། །སྤེལ་མ་རིན་ཆེན་ལྷུན་པོ་མ་ཉམས་པས། འཕགས་ཡུལ་ཚིག་རྒྱན་གངས་ཅན་འཛིན་མའི་རྒྱན། །དཎྜིའི་ཐུགས་བཅུད་གཞོམ་མེད་རིག་པའི་འཕྲུལ། །གངས་ཅན་བརྡ་སྤྲོད་རྡུལ་བྲལ་མེ་ལོང་ལས། །ལེགས་པར་འཆར་བའི་ཕུལ་བྱུང་སྨྲ་བའི་ངག །ཕྱོགས་ཀྱི་འཛིན་མའི་ཁྱོན་ལ་སྙན་པར་གྲགས། །
གཉིས་པ། རྒྱན་གྱི་སྤུ་རིས་འབྱེད་པ།
དོན་རྒྱན་སོ་ལྔའི་ནང་གསེས་ཀྱི་རྩ་བའི་དཔེར་བརྗོད་དག་ནོར་བ་སླ་བ་དག་གི་དོན་གྱི་ཉམས་དང་འབྲེལ་བའི་སྒོ་ནས་ཁྱད་པར་ཞིབ་ཏུ་ཕྱེས་ན། དཔེར་ན། གཏུམ་མོ་གློ་བུར་ཉིད་དུ་ནི། །ཁྱོད་གདོང་མཆུ་ཡི་ཡལ་འདབ་གཡོ། རྔུལ་གྱི་ཆུ་ཡི་ཐིགས་པ་ནི། །དོག་པ་མུ་ཏིག་འོད་ཅན་འཛིན། །ཞེས་པའི་ཆ་ཤས་གཟུགས་ཅན་དང་། མཛེས་མ་མྱོས་པའི་འཁུར་ཚོས་དམར། །མིག་གི་ཨུཏྤལ་དམར་པོ་ཅན། །ཁྱོད་ཀྱི་གདོང་གིས་སྐྱེ་བོ་ཡི། །འདི་ཡང་དམར་བའི་རང་བཞིན་བྱས། །ཞེས་པའི་ཡན་ལག་གཅིག་གཟུགས་ཅན་གཉིས་ནི་ཡན་ལག་ཅན་ནམ་ཆ་ཤས་ཅན་དེ་གང་གི་གཟུགས་སུ་མ་བཀོད་པ་ཆ་ཤས་སམ་ཡན་ལག་འགའ་ཞིག་གཟུགས་སུ་བཀོད་པ་ཙམ་ལ་འདྲ་ནའང་། འདི་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་ཆ་ཤས་གཟུགས་ཅན་གྱི་སྐབས་སུ་ཁྱད་གཞི་དེའི་ཆ་ཤས་གང་ཞིག་སྨྲས་པ་དེ་མཐའ་དག་གཟུགས་སུ་བཀོད་ཅིང་གཟུགས་སུ་མ་བཀོད་པའི་ཆ་ཤས་ཤིག་འཇོག་ཏུ་མེད་ལ། ཡན་ལག་གཟུགས་ཅན་གྱི་སྐབས་སུ་ཆ་ཤས་གང་རུང་ཞིག་གཟུགས་སུ་མ་བཀོད་པ་ངེས་པར་དུ་དགོས་ཤིང་། ཡན་ལག་གཉིས་གཟུགས་དང་གསུམ་གཟུགས་སོགས་ལའང་དེ་དང་འདྲ་ཞིང་། འདིའི་ཐད་དུ་བོད་མཁས། རྒྱལ་དབང་ལྔ་པ། ཁམས་སྤྲུལ་སོགས་ལས་ཀྱང་སློབ་དཔོན་གྱི་དགོངས་པ་བཀྲ་བ་ལ་ཁོ་བོ་ཙམ་མོ་ཞེས་སྨྲའོ། །ལྷོ་ཡི་རླུང་གིས་འཁྲི་ཤིང་གི །འདབ་མ་རྙིང་པ་ལྷུང་བྱེད་ཅིང་། །དུད་པའི་ལུས་ཅན་རྣམས་མ་རྣམས་ཀྱི། ཁེངས་པ་གསར་དུ་འཇོམས་པར་བྱེད། །ཅེས་པའི་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་རྒྱན་དང་། མ་ལ་ཡ་ཡི་རླུང་གིས་ནི། ཙནྜན་ལྗོན་པ་གསར་པ་ཡི། །ཡལ་འདབ་སྐྱོད་པ་བྱེད་པ་འདིས། །ཀུན་གྱི་དགའ་བ་སྐྱེད་པར་བྱེད། །ཅེས་པའི་སྐྱེ་བྱེད་འགྲུབ་པའི་རྒྱུ་ཡི་ཁྱད་པར་ནི། དཔེ་བརྗོད་འདི་གཉིས་ཀྱིས་བྱེད་པ་ལྷོ་ཡི་རླུང་གི་བྱ་བ་དང་འབྲེལ་བ་བསྟན་པ་མཚུངས་ཀྱང་རྒྱན་སྔ་མས་ནི་འཁྲི་ཤིང་གི་འདབ་མ་ལྷུང་བར་བྱེད་པ་དང་ཁེངས་པ་འཇོམས་པའི་ལས་ཀྱི་རྣམ་གྲངས་མི་འདྲ་བ་དག་ལྷོ་ཡི་རླུང་ཞེས་པའི་རིགས་བརྗོད་པ་ཐོག་མའི་སྒྲར་མང་ཚིག དག རྣམས། ཀུན་སོགས་ཤུགས་སུ་འཐོབ་པར་བྱས་ནས་བྱ་བ་དེ་གང་གིས་བྱེད་པ་གཙོ་བོར་བསྟན་ལ། གསལ་བྱ། གསལ་བྱེད། གསལ་བའི་ཚུལ་གྱིས་ལེགས་པར་རྟོགས་ཐུབ་ཅིང་། རྒྱན་ཕྱི་མས་ནི་བྱེད་པ་རླུང་དང་། ལས་ལྗོན་པའི་ཡལ་འདབ། བསྐྱོད་པའི་བྱ་བ་སོགས་ཀྱིས་འབྲས་བུ་ཀུན་ལ་དགའ་བ་བསྐྱེད་པ་གཙོ་བོ་བསྟན་པས་རྒྱན་གཉིས་ཀྱི་ཁྱད་པར་ཤེས་ཐུབ་བོ། །དོན་ནི་འགའ་ཡང་མ་ཚོགས་ཤིང་།།རིག་པ་འགའ་ཡང་མ་བསྒྲུབས་ཤིང་། །དཀའ་ཐུབ་འགའ་ཡང་མ་བསགས་པར། །ན་ཚོད་མཐའ་དག་སོང་བར་གྱུར། ཞེས་པའི་འགྱོད་པས་འགོག་པ་དང་། རིག་པ་རྣམས་ནི་མ་གོམས་དང་། །བློ་ལྡན་རྣམས་དང་མ་འགྲོགས་དང་། །དབང་པོ་རྣམས་ནི་མ་བསྡམས་པས། །མི་རྣམས་རབ་ཏུ་གདུངས་པར་གྱུར། །ཞེས་པའི་སྔ་ན་མེད་པའི་བྱེད་རྒྱུའི་ཁྱད་པར་ནི། རྒྱན་འདི་གཉིས་ཀྱིས་བསྒྲུབ་པར་འོས་པའི་བྱ་བ་གང་ཞིག་མ་བསྒྲུབས་པར་བསྟན་པ་མཚུངས་ཀྱང་ཁྱད་པར་གཙོ་བོ་ནི། རྒྱན་སྔ་མས་བསྒྲུབ་འོས་པའི་བྱ་བ་དེ་དག་དགག་བྱར་བྱས་ཏེ་འགོག་བྱེད་འགྱོད་པ་དྲགས་པོས་ལང་ཚོ་ཟད་པར་བསྟན་ཅིང་། རྒྱན་ཕྱི་མས་ནི་བསྒྲུབ་པར་འོས་པའི་བྱ་བ་འགའ་མ་བསྒྲུབས་པ་རྒྱུར་བྱས་ནས་འབྲས་བུ་ཡིད་དུ་མི་འོང་བ་མི་རྣམས་ལ་གདུང་བ་དྲག་པོ་སྐྱེས་པ་བསྟན་ལ་སྒྲུབ་ཕྱོགས་ནས་འབྲས་བུ་གསལ་བར་བྱས་ཡོད་དོ། །
གསུམ་པ། གཞུང་གི་སྤྱི་ཁོག་གླེང་བ།
སྤྱིར་སྙན་ངག་མེ་ལོང་ཞེས་པའི་གཞུང་ལུགས་ཀྱི་རྨང་རྒྱ་གར་ནས་ཆགས་ཤིང་། ཕྲིན་ལས་བོད་ཡུལ་དུ་རྒྱས་ཤིང་དགོན་སྡེའི་ཁོར་ཡུག་ཏུ་སྡེ་བཞི་སྲོག་ཏུ་བཟུང་ནས་བོད་ཀྱི་སྐྱེས་ཆེན་དག་གི་མགྲིན་པ་ཤེལ་གྱི་ཁང་བཟང་ལེགས་པར་བརྒྱན་ཅིང་། ཆོས་སྲིད་ཀྱི་བྱུང་བ་བླ་ན་མཐོ་ཞིང་སྣོད་ཀྱི་བཀོད་པ་ཕུན་སུན་ཚོགས་པའི་གངས་ལྗོངས་ཀྱི་ཡུལ་གྲུ་འདིར་ནམ་མཁའི་ཟླ་བ་དང་ས་གཞིའི་གངས་རི་བཞིན་འོད་དུ་འཚེར་ཞིང་ལྷུན་ཆགས་པར་གྱུར། འོན་ཀྱང་འཆད་ཉན་གྱི་བརྒྱུད་རིམ་གཙོ་བོ་ནི་དགོན་སྡེའི་ཁོར་ཡུག་ནས་འཚར་ཞིང་། རིག་གཞུང་འདིའི་བདག་པོ་གཙོ་བོ་ནི་བོད་ཀྱི་སེར་མོ་བ་དག་གི་ལས་སྐལ་ལྟ་བུར་གྱུར་ཏེ། ལོ་འཁོར་བདུན་བརྒྱ་ལྷག་གི་རིང་ལ། ཐུན་མོང་བའི་རིག་གཞུང་ཞིག་གི་རྣམ་པ་ལས་ཡོངས་སུ་འདས་ཏེ་ཐུན་མོང་མིན་པའི་ནང་བསྟན་རིག་གནས་ཀྱི་ཕྱོགས་སུ་སོང་སྟེ། བོད་ཀྱི་ངེས་དོན་གྱི་སྙན་ངག་པ་དག་ནི་ཆོས་ཀྱི་དཔའ་བོའི་དམ་པའི་སྐྱེས་བུ་དག་གི་ནང་སེམས་ཀྱི་ཉམས་ལེན་དབྱངས་སུ་གྱེར་བའི་ངོ་མཚར་ངག་གི་མཁན་པོ་གང་མང་ཞིག་འཁྲུངས་པ་ལས། དགའ་སྐྱོ་ཆགས་སྡང་གི་འགྱུ་བ་གསལ་ཞིང་། རིགས་ཀྱི་བདེ་སྡུག་ཐུགས་སུ་བཞེས་པའི་སྲིད་པའི་དཔའ་བོའི་སྙན་ངག་པ་ཞིག་བྱུང་མ་མྱོང་བ་ལྟ་བུར་གྱུར། ལྷག་པར་དུ་སྙན་ངག་པ་དང་སྒྱུ་རྩལ་པ་ཞེས་པའི་མིང་ཡིག་འདི་དག་གི་ཚབ་ཏུ་སྨྱོན་པ་དང་གྲུབ་ཆེན་ཞེས་པའི་ཐ་སྙད་ཀྱི་འབོད་པ་ཡོངས་སུ་བཞེས་པའི་གུང་ཐང་གི་སྨྱོན་པ་མི་ལ་རས་པ། གཙང་གི་སྨྱོན་པ་ཧེ་རུ་ཀ་རུས་པའི་རྒྱན་ཅན། འབྲུག་གི་སྨྱོན་པ་ཀུན་དགའ་ལེགས་དཔལ། ཨ་མདོ་སྨྱོན་པ་དགེ་ཆོས། སྡིངས་ཆེན་སྨྱོན་པ་ཚེ་རིང་དབང་འདུས། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྡོ་གྲུབ་ཆེན་སོགས་ཀྱིས་མཚོན་བོད་ཀྱི་སྒྱུ་རྩལ་པ་འདི་དག་གིས་དམ་པའི་ཆོས་ཀྱི་ཉམས་བཞེས་ཀྱི་མཛད་པ་བླ་ན་མཐོ་ཞིང་། མི་སེམས་ཀྱི་སྣང་བ་དབང་མེད་དུ་འཁྲིད་ནུས་པའི་སྒྱུ་རྩལ་གྱི་མཛད་འཕྲིན་མངའ་ཡང་བོད་ཀྱི་མཁས་པ་དག་གིས་འདི་དག་ལ་སྙན་ངག་པ་ཞེས་འབོད་མ་མྱོང་ལ། སྙན་ངག་ཅེས་པའི་རིག་འཕྲུལ་ཞིག་དེང་སྐབས་འདིའང་རང་རེ་བོད་ལ་མཚོན་ན་མ་བརྟག་ཉམས་སུ་དགའ་བའི་མི་མང་པོ་ཞིག་ལ་ངག་གི་རོལ་རྩེད་ཙམ་དང་སོས་དལ་གྱི་ཉི་མ་ཕུད་ཐབས་ཙམ་དུ་རྟོག་སྟེ་འདུག་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། སྙན་ངག་གི་གཞུང་ལུགས་འདིའི་སྤྱི་ཁོག་ནས་གླེང་ན་བསྡུས་དོན་གྱི་ཚུལ་དུ་མཚོན་ཐབས་བཀོད་ཚུལ་ལས་འཕྲོས་ནས་རིམ་བཞིན་འཆད་དགོས་པ་འདྲ་བས་ཀློག་པ་པོ་དག་གིས་སྒམ་དཀྱེལ་གྱི་ཀློང་ནས་གཟིགས་ཤིག །
མིང་ཚིག་སྦྱོར་བར་སྡེབ་ལེགས་རིག་པའི་འཕྲུལ། །སྐྱོན་སེལ་ཉིན་བྱེད་འོད་དང་འགྲོགས་པའི་གཟིས། །མཁས་རློམ་ཕལ་བས་བཅད་པའི་བརླང་སྤྱོད་ཚིག །རེ་ཞིག་བས་མཐར་འགྲིམ་པའི་ངལ་གསོ་སྦྱིན། གཞན་ཚིག་གོང་འོག་སྡེབ་པའི་བརྐུ་འབྲི་དང་། །ལུང་ཚིག་ཇི་བཞིན་བཤུས་པའི་ཕྱོགས་བསྒྲིགས་སོགས། །ཁོ་བོའི་གཤིས་དང་ངག་ལ་མི་མཛའ་བས། །གཞན་ཟེར་ལད་ཟློས་མཁན་གྱིས་བཟོད་པར་མཛོད། ཚིག་སྙིགས་དུམ་བུར་བཅད་པའི་མགྲིན་བཟང་ངག །ཧམ་བཤད་ངག་གི་རྒྱན་དུ་མི་འཛིན་པར། །ཚིག་དོན་བདུད་རྩི་དྭངས་མའི་རོ་བཅུད་ལ། །ཉེ་བར་འབད་པའི་ཐབས་སུ་བརྩོན་པར་ཤོག ། སྐྱོ་དུས་ཡིད་མཐུན་གཏམ་གྱིས་སེམས་གསོ་གནང་། །རྒུད་དུས་ལུས་སྲོག་ཐབས་དང་འབྱོར་བས་སྐྱོང་། བཀའ་དྲིན་གཞལ་མེད་ཚེ་འདིའི་ཕ་མ་གཉིས། །ལུས་སེམས་བདེ་བའི་ངང་དུ་འཚོ་བར་སྨོན།།
ཞེས་པ་འདི་མདོ་ཁམས་ཟླ་ཡུལ་ནས་སྐྱེས་པའི་ངག་རིག་སྨྲ་བ་ཚུལ་ཁྲིམས་ནོར་བུའམ་སྙན་ངག་ཀུན་བཤད་བཏགས་མིང་དུ་ངག་དབང་དབྱངས་ཅན་བཞད་པའི་ཟླ་བ་ཞེས་འབོད་པ་དེས་མདོ་སྨད་ཁམས་ཀྱི་བྱེ་མ་ཐང་ནས་མཇུག་གྲུབ་པར་བྱས་སོ། །དགེའོ། །