སྐྱེ་དངོས་རིག་པ་བས་གཤགས་དཔྱད་རིག་པའི་སྟེང་ཐོན་པའི་འདྲ་མཚུངས་ཀྱི་ཆ་གཞིར་བཟུང་ནས(སེམས་ཀྱི་ཤེས་རྒྱུད་ཐད་ནས་བསམ་བློ་བཏང་མེད།)འོ་འཐུང་སྲོག་ཆགས་དག་ལ་རིགས་མང་དུ་བཀར་ཡོད་པ་དང་། དེ་ལས་ཆེས་མཐོ་རིམ་དུ་གནས་པ་ནི་བློ་ལྡན་རིགས་ཀྱི་སྲོག་ཆགས་ཡིན་ལ། དེར་ཝ་སྤྲ་དང་སྤྲ། མི་མ་སྤྲ། མི་སོགས་འདུས།
ད་ལྟ། ས་གཤིས་ཟིན་ཐོའི་ཁྲོད་ནས་བློ་ལྡན་རིགས་ཀྱི་སྲོག་ཆགས་དག་གི་ལོ་རྒྱུས་རྟོག་ཞིབ་བྱེད་དཀའ། རྒྱུ་མཚན་ནི་ཝ་སྤྲ་དང་སྤྲེའུ་ལྟ་བུའི་སྲོག་ཆགས་ཕལ་ཆེ་བ་ནགས་ཚལ་སྟུག་པོའི་ཁྲོད་འཚོ་བཞིན་ཡོད་ཅིང་། ཁ་ཤས་སྤྲེའུ་ཁྱི་མགོ་དང་འདྲ་བར་གསལ་རྗེན་གྱི་བྲག་ངོས་སུ་འཚོ་བཞིན་ཡོད་དེ། དེ་རྣམས་ཆུ་དང་ཐག་རིང་བར་གནས་པས་ཆུར་ནུབ་ནས་ཕུང་པོ་ས་འདམ་ཁྲོད་ལུས་པ་ཉུང་ཞིང་། གྲངས་འབོར་ཡང་མང་པོ་མེད་པས། རྟ་དང་རྔ་མོང་སོགས་ཀྱི་མེས་པོ་རྣམས་ལྟར་འགྱུར་རྡོ་མང་པོ་རྙེད་རྒྱུ་ནི་ཤིན་ཏུ་དཀའ། ཡིན་ནའང་།“གསར་སྐྱེ་དུས་རབས”ཀྱི་སྐབས་ཏེ། ལོ་ངོ་ཁྲི་4000གི་སྔོན་ཙམ་ནས་གོ་ལ་འདིའི་སྟེང་སྤྲ་རིགས་དང་ཝ་སྤྲ་ཡི་རིགས་གསར་དུ་བྱུང་ཡོད་པ་ཤེས་ཐུབ། འོན་ཀྱང་། སྐབས་དེར་སྲོག་ཆགས་དེ་དག་གི་ཀླད་ཆེན་ནི་ཁོ་ཚོའི་རྗེས་རབས་པ་རྣམས་ལྟར་ཆེན་པོ་ཆགས་མེད།
སྐྱེ་དངོས་རིགས་ཆེས་དར་རྒྱས་ཆེ་བའི“གསར་སྐྱེ་དུས་རབས”ཀྱི་དུས་དཀྱིལ་གཞི་ནས་འགོ་བརྩམས་བྱུང་སྟེ། འདི་ནི་སྐྱེ་དངོས་ལོ་རྒྱུས་སྟེང་གི་དར་རྒྱས་ཆེ་བའི་དུས་སྐབས་གཞན་གཉིས་ཏེ།“རྡོ་ཐལ་དུས་རབས་ཀྱི་འདམ་རྫབ་དུས་སྐབས”དང་“གོག་བགྲོད་སྲོག་ཆགས་དག་གི་དར་རྒྱས་དུས་སྐབས”གཉིས་ཀྱི་རྗེས་སུ་བྱུང་བའི་སྐྱེ་དངོས་རིགས་དར་རྒྱས་ཆེས་ཆེ་བའི་དུས་སྐབས་གཞན་ཞིག་ཡིན། ཡིན་ནའང་སྐབས་ཤིག་ལ་སའི་གོ་ལའི་སྟེང་ཡང་བསྐྱར་འཁྱགས་རོམ་གྱི་དུས་སྐབས་གསར་པ་ཞིག་ཐོན་བྱུང་བ་དང་། དུས་དེར་ནམ་ཟླ་ཧ་ཅང་འཁྱག དེའི་འཕྲོར་སྐབས་ཤིག་རིང་ཡང་བསྐྱར་དྲོད་བབ་ཀྱང་ཅང་མ་འགོར་བར་རི་ཀླུང་ཐམས་ཅད་བསྐྱར་ཏུ་ཁ་བས་གཡོགས་སོང་། དེ་ནས་ཡང་བསྐྱར་དྲོད་བབ་དུས། ཚ་ཁུལ་བར་མའི་ནགས་ཚལ་ན་ཆུ་རྟ་དག་བདེ་ཞིང་སྐྱིད་པར་འཚོ་ལ། དེང་དུས་གསར་འགོད་པ་རྣམས་འཚང་ཁ་ཤིག་ཤིག་བྱེད་པའི་ཧྥུ་ལེ་སྲང་ལམ(དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་གྱི་ཉེ་འདབས་སུ་མཆིས)དུ་མཆེ་བ་རྣོ་ཞིང་རིང་བའི་སྟག་མཆེ་རིང་གིས་ཁ་ཟས་འཚོལ་བཞིན་འདུག ཡང་དེ་ནས་རིང་ཙམ་འདས་པ་ན། སའི་གོ་ལས་ཡང་བསྐྱར་འཁྱག་གྲང་གི་དུས་སྐབས་མང་པོ་ཞིག་བརྒྱུད་པས། སྐྱེ་དངོས་རིགས་མང་པོ་ཞིག་རབ་དང་རིམ་པར་རྩ་སྟོངས་སུ་ཕྱིན་མོད། སྤུ་རིང་ཅན་གྱི་བསེ་རུ་དང་གླང་ཆེན་མེང་མ། བྱང་སྣེའི་གླ་གླང་དང་ཤྭ་བ་མཇིང་དཀར་སོགས་སྲོག་ཆགས་ཁ་ཤས་ཤིག་འཁྱག་གྲང་གི་ཁོར་ཡུག་དང་འཚམ་པར་འཚོ་གནས་ཐུབ་པར་གྱུར་བ་རེད། ལོ་ཟླའི་མུ་ཁྱུད་ནི་དལ་མེད་མདུན་དུ་བསྐྱོད་དེ་ཡང་བསྐྱར་ལོ་ངོ་བརྒྱ་ཕྲག་དུ་མ་འདས་སོང་ལ། གྲང་ངར་བཟོད་དུ་མེད་པའི་འཁྱགས་རོམ་ཆེན་པོའི་དུས་སྐབས་དེར་བྱང་སྣེ་གླིང་གི་འཁྱགས་རོམ་རྒྱ་ཇེ་ཆེར་སོང་བས། ཨ་མེ་རི་ཁའི་ཨོ་ཧེ་ཨོར་ས་ཁུལ་དང་དབྱིན་ཇིའི་ཐེ་བུའུ་ཧྲི་ཆུ་བོའི་བར་འཁྱགས་རོམ་མཆེད་པར་གྱུར། རེད་དེ། བར་སྐབས་འདི་དག་ཏུ་སའི་གོ་ལར་ལོ་ངོ་སྟོང་ཕྲག་བརྒལ་བའི་དྲོ་འཇམ་གྱི་དུས་སྐབས་ཐེངས་དུ་མར་བྱུང་ནའང་། དེ་དག་གི་རྗེས་སུ་ལྷག་ཏུ་བཟོད་པར་དཀའ་བའི་གྲང་འཁྱག་གི་དུས་སྐབས་རེ་རེ་ཐོན།
ས་གཤིས་རིག་པ་བ་རྣམས་ཀྱིས་གྲང་འཁྱག་གི་དུས་སྐབས་འདི་དག་འཁྱགས་རོམ་གྱི་དུས་སྐབས་དང་པོ་དང་གཉིས་པ། གསུམ་པ། བཞི་བ་ཞེས་སྐབས་བཞི་རུ་ཕྱེས་ཡོད་ཅིང་། འཁྱགས་རོམ་གྱི་དུས་སྐབས་གཉིས་བར་དུ་ཡང་བསྐྱར་དྲོད་འབབ་པའི་དུས་སྐབས་རེ་བྱུང་བ་དེ་ལ“འཁྱག་འབྲེལ་དྲོད་ལྡན་དུས་སྐབས”ཞེས་ཟེར། དེང་གི་དུས་སུའང་ང་ཚོས་འུ་ཅག་འཚོ་སྡོད་བྱེད་བཞིན་པའི་གོ་ལ་འདིའི་སྟེང་ནས་འཁྱགས་རོམ་དུས་སྐབས་ཀྱི་ཤུལ་རྒྱུན་མཐོང་ཐུབ། འཁྱགས་རོམ་གྱི་དུས་སྐབས་དང་པོ་དེ་ནི་མི་ལོ་ཁྲི་60ལྷག་གི་གོང་དུ་ཡིན་པ་དང་། འཁྱགས་རོམ་གྱི་དུས་སྐབས་བཞི་བ་ནི་ཧ་ལམ་ལོ་ངོ་ཁྲི5ཡི་ཡར་སྔོན་ལ་གྲང་ངར་ཆེས་ཆེ་བའི་ཚད་དུ་སླེབས་འདུག ཡུན་རིང་བའི་འཁྱགས་རོམ་གྱི་དུས་སྐབས་འདིར། སའི་གོ་ལའི་སྟེང་གཞི་ནས་མིའི་རིགས་དང་འདྲ་བའི་སྲོག་ཆགས་གསར་དུ་བྱུང་འགོ་བརྩམས།
གསར་སྐྱེ་དུས་རབས“ཀྱི་དུས་དཀྱིལ་དུ་སླེབས་དུས། མིའི་རིགས་དང་འདྲ་མཚུངས་ཅན་གྱི་སྤྲ་རིགས་སྣ་ཚོགས་གསར་དུ་བྱུང་འགོ་བརྩམས་པ་དང། ཁོ་ཚོར་མིའི་རིགས་དང་ཆ་འདྲ་བའི་རྐང་རུས་དང་རྐན་རུས་གྲུབ་འདུག འོན་ཀྱང་ང་ཚོས་འཁྱགས་རོམ་དུས་སྐབས་ཐོན་ལ་ཉེ་དུས་ཀྱི་སྲོག་ཆགས་འདི་དག་གི་ཤུལ་རྒྱུན་མ་གཏོགས་རྙེད་མ་བྱུང་། འདིར་བཤད་པའི་ཤུལ་རྒྱུན་ནི་སྲོག་ཆགས་དེ་དག་གི་རུས་པ་ཁོ་ན་མ་ཡིན་པར། ཁོ་ཚོས་དེ་སྔོན་བེད་སྤྱོད་བྱས་མྱོང་བའི་ཡོ་ཆས་དག་ལ་ཡང་བརྗོད་བཞིན་ཡོད། ཡོ་རོབ་གླིང་དུ། ཧ་ལམ་ལོ་ངོ་ཁྲི་50ནས་ཁྲི་100ཡར་སྔོན་གྱི་དིམ་བསགས་བྲག་རྡོའི་ཁྲོད་མེ་རྡོ་དང་རྡོ་ལེབ་ཁ་ཤས་རྙེད་བྱུང་བ་དང་། མེ་རྡོ་དང་རྡོ་ལེབ་དེ་དག་ནི་ལག་པ་ཅན་གྱི་སྲོག་ཆགས་རིགས་ཤིག་གིས་བརྡར་ནས་བཟོས་པ་ཐག་ཆོད་ཡིན་ཏེ། རྡོ་བཟོས་ཡོ་ཆས་འདི་དག་གི་མཐའ་འགྲམ་བརྡར་ནས་ཧ་ཅང་རྣོན་པོར་བཏང་ཡོད་པས། བཤུ་གཞོག་དང་རྡེག་གཏུབ་བམ། ཡང་ན་འཐབ་འཛིང་བྱེད་སྤྱད་ཡིན་ངེས། ས་གཤིས་རིག་པ་བ་རྣམས་ཀྱིས་དངོས་པོ་འདི་དག་ལ“གདོད་མའི་རྡོ་ཆས”ཞེས་བརྗོད་བཞིན་ཡོད། འོན་ཀྱང་། ཡོ་རོབ་གླིང་དུ་རྡོ་ཆས་འདི་དག་ཁོ་ན་ལས་དེ་གསར་བཟོ་བྱེད་མཁན་གྱི་རུས་པའམ་དེ་འབྲེལ་གྱི་རྗེས་ཤུལ་གཞན་ཅི་ཡང་རྙེད་མ་བྱུང་སྟེ། རྡོ་ཆས་འདི་དག་བཟོ་མཁན་གྱི་སྲོག་ཆགས་ནི་མིའི་རིགས་དང་ཡབ་མེས་མི་གཅིག་པའི་བློ་རྣོ་བའི་སྤྲེའུ་སྐོར་ཞིག་ཡིན་ཀྱང་སྲིད། ཡིན་ནའང་། སྐབས་དེ་དང་དུས་མཉམ་གྱི་ཀྲ་ཝ་རྒྱལ་ཁབ(ད་ལྟ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁོངས་སུ་གནས།)ཀྱི་ཐི་ལེ་ཉེ་ཨར་ས་ཆའི་དིམ་བསགས་བྲག་རྡོའི་ཁྲོད་སྤྲ་རིགས་ཤིག་གི་ཀླད་རུས་དང་སོ་ཁ་ཤས། རུས་པ་གཞན་འགའ་རྙེད་བྱུང་། སྤྲ་རིགས་འདིའི་ཀླད་རུས་ལ་བལྟས་ཚེ། དེ་ནི་ད་སྔ་ཉར་ཚགས་བྱས་པའི་མི་མ་སྤྲའི་རིགས་ཀྱི་ཀླད་རུས་ཡོད་ཚད་ལས་ཆེ་བར་འདུག་ཅིང་། ཕལ་ཆེར་ཡར་འགྲེང་ནས་འགྲོ་བཞིན་ཡོད་པ་འདྲ། མིའི་རིགས་ཀྱིས་སྲོག་ཆགས་འདི་དག་ལ“ཀེར་ལངས་སྤྲ་མི”ཞེས་འབོད་དེ། ཀག་གིས་ལངས་ནས་འགྲོ་ཐུབ་པའི་མི་མ་སྤྲའི་དོན་ཡིན། གྲངས་འབོར་ཆེས་ཉུང་བའི་རུས་པ་འདི་དག་ནི་ད་ལྟ་ང་ཚོས་གདོད་མའི་རྡོ་ཆས་གསར་བཟོ་བྱེད་མཁན་སུ་ཡིན་ཚོད་རྩིས་བྱེད་པའི་རྒྱུ་ཆ་ཉག་གཅིག་ཏུ་གྱུར་འདུག
ད་ལྟའི་བར་དུ་ཧ་ལམ་ལོ་ངོ་ཁྲི་25ཙམ་གྱི་ལོ་རྒྱུས་ཡོད་པའི་བྱེ་རྡོའི་བྲག་རིམ་ཞིག་ནས། ང་ཚོས་ད་གཟོད་གདོད་མའི་མིས་ཤུལ་དུ་བསྐྱུར་བའི་རྗེས་ཤུལ་རྙེད་བྱུང་སྟེ། བྲག་རྡོའི་ཟིན་ཐོའི་ཁྲོད་ང་ཚོས་རྡོ་ཆས་འབོར་ཆེན་གསར་དུ་རྙེད་བྱུང་། རྡོ་ཆས་འདི་དག་གི་རྒྱུ་སྤུས་ལ་ལེགས་བཅོས་ཆེན་པོ་བྱུང་འདུག་སྟེ། འདི་དག་ནི་དེ་སྔོན་གྱི་རྩུབ་ཤས་ཆེ་བའི་གདོད་མའི་རྡོ་ཆས་སམ་རྡོ་ཆས་རྙིང་པ་དེ་དག་དང་མི་འདྲ་བར། དབྱིབས་རྣམ་མཛེས་ཤིང་སྤུས་དག་པས། དུས་ཡུན་གང་འཚམ་རིང་བརྡར་བཟོ་བྱས་ཏེ་ལེགས་གྲུབ་བྱུང་བ་ཡིན་སྲིད། རྡོ་ཆས་འདི་དག་ནི་དེའི་རྗེས་ནས་རྙེད་པའི་གདོད་མའི་མི་དག་གིས་བཟོས་པའི་དབྱིབས་རྣམ་འདྲ་མཚུངས་ཀྱི་ཡོ་ཆས་ཡོད་ཚད་ལས་ཆེས་ཆེ་བར་འདུག འདིའི་འཕྲོར། ཧེ་ཏི་པོ(འཇར་མན་རྒྱལ་ཁབ་ཀྱི་ཧེ་ཏི་པོ་གྲོང་ཁྱེར།)ས་ཆའི་བྱེ་དོང་ནང་ནས་མི་རྣམས་ཀྱིས་མིའི་རྐན་རུས་དང་འདྲ་ཤས་ཆེ་བའི་རྐན་རུས་གཅིག་དང་མ་མགལ་མེད་པའི་རྐན་རུས་གཅིག་སྔོག་འདོན་བྱུང་བ་དང་། འདི་མི་རྣལ་མའི་རྐན་རུས་ལས་ལྕི་ཙམ་དང་ཞེང་ཆུང་ཙམ་འདུག རྐན་རུས་འདི་དག་ལ་དཔྱད་ཚེ། སྲོག་ཆགས་འདི་རིགས་ཀྱིས་ལྕེ་གང་འདོད་དུ་གཡུག་མི་ཐུབ་ཅིང་སྒྲ་གསལ་པོར་ཞིག་ཀྱང་འདོན་མི་ཐུབ་པ་ཚོད་རྩིས་བྱ་ཐུབ། ཚན་རིག་པ་རྣམས་ཀྱིས་རྐན་རུས་འདི་དག་གི་ཆེ་ཆུང་ལ་བརྟགས་ནས། སྲོག་ཆགས་འདི་རིགས་ནི་མི་དང་འདྲ་ཤས་ཆེ་བའི་སྲོག་ཆགས་ཆེན་པོ་ཞིག་སྟེ། གཟུགས་གཞི་ཆེས་ཆེ་ཞིང་སུག་བཞི་སྦོམ་པ། སྤུ་མཐུག་པོར་སྐྱེས་ཡོད་པ་ཅན་ཞིག་ཡིན་སྲིད་པར་ཐག་བཅད་ཅིང་། དེ་ལ“ཧེ་ཏི་པོའི་མི”ཞེས་མིང་བཏགས།
ངས་བལྟས་ན། འཇིག་རྟེན་སྟེང་མིའི་རིགས་ཀྱི་མཚར་སྣང་རྒྱས་པར་བྱེད་པའི་དངོས་པོ་ནི་གོང་གི་རྐན་རུས་དེ་ཡིན་ལ། འགྲེལ་བརྗོད་མ་ནུས་པར་ཡིད་སེམས་འཁྲུག་པར་བྱེད་སྤྱད་ཀྱང་དེ་ཉིད་རེད་སྙམ། འདི་ནི་གས་ཆག་ཏུ་གྱུར་པའི་མེ་ལོང་ཞིག་ལ་བརྟེན་ནས་འདས་སོང་ལ་ཞིབ་ལྟ་བྱེད་པ་དང་འདྲ་བར། ང་ཚོས་མཐོང་ཐུབ་པ་ནི་སྲོག་ཆགས་རིགས་ཤིག་གི་གསལ་ལ་མི་གསལ་བའི་གཟུགས་བརྙན་རེད། ཡིན་ནའང་། དེས་ང་ཚོའི་དང་བ་དབང་མེད་དུ་འདྲེན་ཏེ། ཁོ་ཚོ་མུ་མེད་ཀྱི་ཐང་སྟོང་དུ་འཁྱར་འཁྱོར་ངང་འགྲོ་ཞིང་ཡོད་ལ། སྟག་མཆེ་རིང་གི་འཇིགས་པར་གཡོལ་ཆེད་ག་ས་ཀུན་ཏུ་འཁྱུད་ཅིང་འགོས་པར་བྱེད་པ་མ་ཟད། ནགས་ཚལ་སྟུག་པོའི་ནང་བསེ་རུ་སྤུ་རིང་ལ་ཉེན་ཟོན་བྱེད་ཅིང་འཚོ་བཞིན་འདུག་པ་འདྲ། འོན་ཀྱང་། ང་ཚོས་ཞིབ་ཏུ་བལྟས་ནས་ཁོ་ཚོའི་ངོ་གདོང་གསལ་པོར་མཐོང་ལ་ཉེ་དུས། དེ་དག་རྗེས་མེད་ཤུལ་མེད་དུ་གྱུར་ནས་ཤུལ་དུ་བསྐྱུར་བ་ནི་ཁོ་ཚོས་དེ་སྔོན་བརྡར་བཟོ་བྱས་པའི་གཞོམ་གཞིག་བྲལ་བའི་རྡོ་ཆས་ཙམ་རེད།
ལྷག་པར་མི་རྣམས་ཀྱི་བློ་ཡིད་དུ་ཤོང་དཀའ་བ་ཞིག་ལ། ང་ཚོས་སུའུ་སེ་ཁུ་སི(དབྱིན་ཇིའི་ཁོངས།)ཡི་ཕིས་ཨར་ཏན་ས་ཆའི་དིམ་བསགས་བྲག་རྡོའི་ཁྲོད་ད་ལྟའི་བར་ལོ་ངོ་ཁྲི་10ནས་ཁྲི་15ལྷག་འགོར་ཡོད་པའི་སྲོག་ཆགས་རིགས་ཤིག་གི་རུས་པ་རྙེད་བྱུང་སྟེ། ཚན་རིག་པ་ལ་ལས་སྲོག་ཆགས་འདི་དག་འཚོ་སྡོད་ཀྱི་དུས་ཚོད་ནི་ཧེ་ཏི་པོའི་མི་ལས་སྔ་བར་ཚོད་རྩིས་བྱེད་བཞིན་ཡོད། རུས་པ་འདི་དག་ཁྲོད་མིའི་རིགས་ཀྱི་ཐོད་རུས་དང་ཧ་ལམ་མཚུངས་པའི་རུས་པ་ཞིག་རྙེད་པ་དེ་ནི་ད་ཡོད་ཀྱི་མི་མ་སྤྲའི་ཐོད་རུས་ཡོད་ཚད་ལས་མཐུག་ཅིང་ཆེ་ལ། སྤྲ་ནག་གི་རྐན་རུས་དང་ཧ་ཅང་མཚུངས་པའི་རུས་པ་ཞིག་རྙེད་པ་ནི་ལུས་ཕུང་གི་ཆ་གང་ཞིག་ཏུ་གཏོགས་པ་ད་དུང་ཐག་གཅོད་དཀའ། གཞན་ཡང་ཕ་ཝང་གི་རྣམ་པའི་གླང་ཆེན་གྱི་རུས་པ་ཞིག་བྱུང་བར་ཁུང་བུ་ཞིག་འདུག་སྟེ། ལས་སྣོན་ཅི་རིགས་བྱས་ནས་བྱུང་བ་གསལ་ཐག་ཆོད་ཅིང་། རྟགས་མཚན་བཏབ་ཡོད་པའི་ཤྭ་བའི་རྐང་རུས་ཤིག་བྱུང་བ་དེ་ནི་མཆོད་འབུལ་སྐབས་སྤྱོད་པའི་བཀའ་འབེབ་དབྱུག་པ་ཞིག་ཡིན་ཐག་ཆོད། འདི་དག་ནི་ཕིས་ཨར་ཏན་ས་ཆའི་གསར་རྙེད་ཡོད་དོ་ཅོག་ཡིན།
ས་ཐོག་ཏུ་བསྡད་དེ་རུས་པར་ཁུང་བུ་འབིགས་མཁན་ནི་དོན་དམ་དུ་སྲོག་ཆགས་ག་འདྲ་ཞིག་ཡིན་ནམ།
ཚན་རིག་པ་རྣམས་ཀྱིས་སྲོག་ཆགས་དེར་གདོད་མའི་མི་ཞེས་འབོད་དེ། གདོད་མའི་མི་འདི་དག་ཁོའི་ཉེ་རྒྱུད་ཀྱི་སྲོག་ཆགས་དག་དང་མི་འདྲ་ཞིང་། ཧེ་ཏི་པོའི་མི་དང་ད་སྔ་ཤེས་རྟོགས་བྱུང་བའི་མི་མ་སྤྲ་གང་དང་ཡང་ཁྱད་པར་ཆེ། འདིའི་འཕྲོ་ནས། འདི་ལྟའི་གདོད་མའི་མིའི་རིགས་ཀྱི་རྗེས་ཤུལ་གང་ཡང་གསར་རྙེད་མ་བྱུང་། ཡིན་ནའང་དགའ་འོས་པ་ཞིག་ལ། དེའི་འཕྲོས་ཀྱི་ལོ་ངོ་ཁྲི་10ལ་ཉེ་བའི་ལོ་རྒྱུས་ཅན་གྱི་བྱེ་རྡོ་སབ་སོབ་ཀྱི་རིམ་པ་དང་དིམ་བསགས་རིམ་པའི་ཁྲོད་ནས་མེ་རྡོ་དང་རྡོ་ཆས་རིགས་སྣ་ཚོགས་གང་མང་རྙེད་བྱུང་བ་དང་། དེ་དག་ནི་སྔོན་ལྟར་རྩུབ་ཤས་ཆེ་བའི་གདོད་མའི་རྡོ་ཆས་མ་ཡིན་ཏེ། གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་དེའི་ཁྲོད་ནས་གྲི་ཆུང་དང་གཞོག་གྲི། སྟ་རེ། མདུང་། འབིག འབེན་རྡོ་སོགས་དབྱེ་འབྱེད་བྱེད་ཐུབ་བྱུང་།
སྐབས་འདི་ནས་བཟུང་། ང་ཚོའི་མེས་པོ་རྣམས་དེང་དུས་ཀྱི་མི་དང་ཇེ་མཚུངས་ནས་ཇེ་མཚུངས་སུ་འགྱུར་བཞིན་འདུག འདིའི་རྗེས་ཀྱི་ས་བཅད་ནང་ང་ཚོས་ཉི་ཨན་ཏི་ཐེར་པའི་ལོ་རྒྱུས་བཤད་རྒྱུ་ཡིན་ཏེ། ཁོ་ཚོར་ད་དུང་མི་རྣལ་མ་ཞེས་འབོད་མི་རུང་བར་སྲིད་ཀྱང་། དེ་དག་ནི་མིའི་རིགས་ཀྱི་ཆེས་ཁྱད་མཚར་བའི་མེས་པོ་སྐོར་ཞིག་ཡིན་ལ། མི་རྣལ་མའི་རིགས་དང་ཧ་ཅང་འདྲ།
འོན་ཀྱང་ང་ཚོས་འདིར་གསལ་བཤད་བྱ་དགོས་པ་ཞིག་ལ། ཚན་རིག་པ་རྣམས་ཀྱིས་ཧེ་ཏི་པོའི་མི་དག་ནི་མིའི་རིགས་དང་ཆེས་ཉེ་བའི་རིགས་རྒྱུད་ཅིག་ཡིན་པ་མ་གཏོགས། ད་ལྟའི་མིའི་རིགས་ཀྱི་ཐད་ཀའི་མེས་པོ་མ་ཡིན་པར་འདོད། །
2016ལོའི་《ཁ་བཏགས་དཀར་པོ།》དེབ་6པ་ལས་བཤུས།