ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 12-19


        སྤྱི་ཟླ་12པའི་ཚེས་14ཉིན་ནས་ཚེས་16ཉིན་བར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

        སྤྱི་ཟླ་12པའི་ཚེས་14ཉིན་ནས་ཚེས་16ཉིན་བར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས།
        ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། དེང་སྐབས་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། 2016ལོའི་དཔལ་འབྱོར་བྱ་བར་སྤྱི་བསྡོམས་བྱས་པ་དང་། དཔལ་འབྱོར་བྱ་བའི་མཛུབ་སྟོན་བསམ་བློ་གསལ་བཤད་བྱས་པར་མ་ཟད་2017ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ལི་ཁི་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་སྤྱི་སྣང་དཔལ་འབྱོར་སྲིད་ཇུས་ཀྱི་ཁ་ཕྱོགས་རྒྱས་བཤད་བྱས་པ་དང་སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས་པར་མ་ཟད་སྤྱི་བསྡོམས་གསུང་བཤད་གནང་།
ཚོགས་ཐོག་ཏུ་ད་ལོར། ང་ཚོས་ན་ནིང་གི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ཤིང་། བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་པར་སྐུལ་འདེད་བཏང་ཞིང་འོས་འཚམ་སྒོས་སྤྱིའི་དགོས་མཁོ་རྒྱ་སྐྱེད་པ་དང་རྦད་ཆོད་སྒོས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བར་མ་་ཟད་ལུགས་མཐུན་སྒོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ཞིང་སྤྱི་ཚོགས་ཀྱི་སྔོན་དཔག་དུས་སྐབས་བཟང་བོ་ཞིག་ཆགས་པར་སྣེ་ཁྲིད་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་བོ་ཞིག་ཚུགས། དཔལ་འབྱོར་གནས་བབ་ཀྱི་སྤྱིའི་ཁྱད་ཆོས་ནི་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བ་དང་། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་ཁོངས་སུ་སྲུང་འཛིན་བྱེད་པ། དཔལ་འབྱོར་སྒྲིག་གཞི་མུ་མཐུད་དུ་ལེགས་སྒྱུར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཐད་ནས་བརྒལ་གཏོར་གསར་བ་འབྱུང་བ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་བཅོས་བྱེད་རྒྱུ་དེ་ཡིན་པར་སྙམ་ཞེས་བསྟན། 
        ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པའི་དཔལ་འབྱོར་སྲིད་ཇུས་ཀྱི་སྤྱི་ཁོག་གཏན་འཁེལ་བྱས་ཤིང་། དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་བར་སྐྱོད་པར་བརྡར་ཤ་ཆེན་པོ་བཅད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་མཛུབ་སྟོན་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་པའི་སྲིད་ཇུས་མ་ལག་ཆགས་པར་བྱས་ཤིང་། བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་གཞི་ལག་བསྟར་བྱས་ཏེ། འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ་དང་གནད་དོན་གྱི་ཁ་ཕྱོགས་དང་ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྔར་ལས་མདུན་སྐྱོད་བྱེད་དགོས་པ་ནན་གྱིས་བསྟན་ཡོད། ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ཐད་ལ་བརྡར་ཤ་ཆེན་པོ་བཅད་པ་དང་དཔལ་འབྱོར་བྱ་བའི་ཐད་ལ་ཐབས་ཇུས་གལ་ཆེན་བཏོན་པ། དཔལ་འབྱོར་བྱ་བའི་བསམ་བློ་བྱེད་ཐབས་ཐད་ལ་ལེགས་སྒྲིག་ཆེན་པོ་བྱས་པར་ལག་ལེན་ཞིབ་བཤེར་གྱི་ཉམས་སད་ཐེག་པ་ནི་དོན་དངོས་དང་མཐུན་པས་ངེས་པར་དུ་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱ་དགོས་ཞེས་བསྟན། 
        ཚོགས་ཐོག་ཏུ་2017ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལོ་ཡང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏང་དགོས་ལ། བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆགས་པར་བྱེད་པ་དང་ལག་བསྟར་དང་དངོས་འབེབས་བྱ་དགོས་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་མཐུན་པར་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་སྣང་སྲིད་ཇུས་བརྟན་བརླིང་དང་ཐོན་ལས་སྲིད་ཇུས་གནད་ལ་འཁེལ་བ། སྤྱི་སྣང་སྲིད་ཇུས་སྟབས་བསྟུན་སྣ་མང་ཡིན་པ། བཅོས་སྒྱུར་སྲིད་ཇུས་བདེན་དོན་ཡིན་པ། སྤྱི་ཚོགས་སྲིད་ཇུས་དོན་དངོས་དང་མཐུན་པ་བཅས་ཀྱི་སྲིད་ཇུས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། འོས་འཚམ་སྒོས་སྤྱིའི་དགོས་མཁོ་རྒྱ་བསྐྱེད་པ་དང་སྔོན་དཔག་དུས་སྐབས་ལ་སྣེ་ཁྲིད་བྱེད་པར་ཤུགས་སྣོན་དགོས་ལ། གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ་དང་བརྟན་འཇགས་སྒོས་འཕར་སྣོན་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སྲུང་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། དཔལ་འབྱོར་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་གཏང་དགོས་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱ་དགོས་ཟེར།
        ཚོགས་ཐོག་ཏུ་བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་གཞི་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཡིན་པ་དང་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་བརྟག་ཐབས་སྨྲ་བ་ཡིན། བརྟན་འཇགས་ནི་རྨང་གཞི་གཙོ་བོ་ཡིན་པ་དང་བརྟན་འཇགས་ནི་ཁྱོན་ཡོངས་ཡིན་པས། བརྟན་འཇགས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་གནད་འགག་མངའ་ཁོངས་འཕེལ་རྒྱས་སུ་གཏོང་བ་དང་། ཚད་ཡོད་པའི་སྒོ་ནས་དཀའ་སྤྱད་བརྩོན་ལེན་བྱ་དགོས། ཧུར་ཐག་གི་ནོར་སྲིད་སྲིད་ཇུས་དང་བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། ནོར་སྲིད་སྲིད་ཇུས་ཐད་ནས་སྔར་ལས་གྲུབ་འབྲས་ཐོབ་པར་བྱེད་པ་དང་དངུལ་ལོར་སྲིད་ཇུས་དེ་བརྟན་འཇགས་སྒོས་ལག་བསྟར་བྱེད་པ་སྲུང་འཛིན་བྱ་དགོས། དངུལ་ལོར་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པ་དེ་གོ་གནས་གལ་ཆེན་ཏུ་བཞག་སྟེ་གོ་རིམ་རང་བཞིན་གྱི་ཉེན་ཁ་མི་འབྱུང་བར་འགན་སྲུང་བྱ་དགོས། དམངས་གཉེར་ཁེ་ལས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྔོན་དཔག་དུས་སྐབས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དགོས་པར་མ་ཟད། སྤྱི་ཚོགས་ཀྱི་དོན་དངོས་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་བསྟན། 
        གྲོས་ཚོགས་ཐོག་ཏུ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་གནས་པའི་འབུར་དུ་ཐོན་པའི་འགལ་བ་དང་གནད་དོན་ལ་དུས་སྐབས་རང་བཞིན་དང་སྤྱི་ཚད་རང་བཞིན་གྱི་རྒྱུ་རྐྱེན་ལྡན་ན་ཡང་། དེའི་འབྱུང་ཁུངས་ནི་གྲུབ་ཚུལ་རང་བཞིན་གྱི་དོ་མཉམ་ཤོར་ནས། དཔལ་འབྱོར་འཁོར་སྐྱོད་གེགས་མེད་མིན་པར་གྱུར་པ་དེ་ཡིན་པས། ངེས་པར་དུ་འདོན་སྤྲོད་ཕྱོགས་དང་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཐད་ནས་ཐབས་ཤེས་བཙལ་ཏེ། འདོན་མཁོའི་འབྲེལ་བའི་སྒུལ་རྣམ་གསར་དུ་དོ་མཉམ་ཡོང་བར་འབད་བརྩོན་བྱ་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གྱི་མཇུག་མཐའི་དམིགས་འབེན་ནི་དགོས་མཁོ་བསྐོང་རྒྱུ་དེ་ཡིན་པ་དང་། འབད་འཐབ་ཀྱི་ཁ་ཕྱོགས་ནི་འདོན་སྤྲོད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན་ལ། རྩ་བའི་ཐབས་ལམ་ནི་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་དེ་ཡིན། མཇུག་མཐའི་དམིགས་འབེན་ནི་དགོས་མཁོ་བསྐོང་རྒྱུ་དེ་ཡིན་ན། ཁྲོམ་རའི་འགྱུར་ལྡོག་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། དངོས་ཡོད་ཀྱི་དགོས་མཁོ་དང་ལྐོག་གྱུར་གྱི་དགོས་མཁོར་རྒྱུས་ལོན་བྱས་ཏེ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་ཁྲོད་ནས་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་མཐོར་འགྲོ་བའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་བཟང་པོར་བསྐོང་དགོས། འབད་འཐབ་ཀྱི་ཁ་ཕྱོགས་ནི་འདོན་སྤྲོད་ཕྱོགས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ན། ནུས་མེད་ཀྱི་འདོན་སྤྲོད་ཇེ་ཉུང་དུ་གཏོང་བ་དང་ནུས་ལྡན་གྱི་འདོན་སྤྲོད་རྒྱ་བསྐྱེད་དུ་བཏང་ནས། འདོན་སྤྲོད་མ་ལག་ཧྲིལ་པོའི་སྤུས་ཚད་ཧུར་ཐག་གིས་མཐོར་འདེགས་སུ་བཏང་སྟེ། འདོན་སྤྲོད་ཀྱི་གྲུབ་ཚུལ་དེ་དགོས་མཁོའི་གྲུབ་ཚུལ་མཐུན་ཚད་ཇེ་མཐོར་གཏོང་དགོས། རྩ་བའི་ཐབས་ལམ་ནི་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་དེ་ཡིན་ན། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་དོ་དམ་སྒྲིག་གཞིའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སྒེར་སྡོམ་རྩ་གཏོར་བྱེད་པ་དང་རྒྱུ་ཆའི་ཁྲོམ་ར་འཐུས་ཚང་དུ་བཏང་ནས། རིན་གོང་རྐྱེན་སྲོལ་གྱིས་དངོས་སུ་ཐོན་ཁུངས་བཀོད་སྒྲིག་ལ་ཁྲིད་སྟོན་བྱེད་དུ་འཇུག་དགོས། སྐུལ་སློང་ལ་ཤུགས་སྣོན་པ་དང་གསར་གཏོད་ལ་སྐུལ་མ་བཏང་ནས། ཕྲ་མཐོང་གཙོ་གཞིའི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཁེ་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་བ། ངལ་རྩལ་ཐོན་སྐྱེད་བྱེད་ཤུགས་ཇེ་མཐོར་གཏོང་བ། རྒྱུ་ཆ་ཡོངས་རྫོགས་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་གཏོང་བ། ལྐོག་གྱུར་འཕར་སྣོན་འབྱུང་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས་པར་འདོད།
        ཚོགས་ཐོག་ཏུ་ད་ལོར་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཐོག་མའི་གྲུབ་འབྲས་བླངས། སང་ལོར་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས་ཏེ། དང་པོ། འདོར་གསུམ་འཕྲི་གཅིག་གསབ་གཅིག་གཏིང་ཟབ་ཏུ་སྤེལ་དགོས། ཐོན་ནུས་འདོར་སྒྱུར་བྱེད་པའི་ཐད་ནས་རྣོ་ལྕགས་དང་རྡོ་སོལ་ལས་རིགས་ཀྱི་ཐོན་ནུས་ལྷག་མ་མུ་མཐུད་དུ་ཇེ་ཉུང་དུ་གཏོང་དགོས་པ་དང་མཉམ་དུ། ཚོང་ར་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཐོན་ནུས་གཞན་པ་ལྷག་དྲགས་པའི་ལས་རིགས་ཀྱི་ཐོན་ནུས་འདོར་སྒྱུར་བྱ་བ་བཟང་བོར་བསྒྲུབ་དགོས། མཛོད་ཉར་འདོར་སྒྱུར་བྱེད་པའི་ཐད་ནས་རིགས་བཀར་ཏེ་སྙོམས་སྒྲིག་ཚོད་འཛིན་བྱེད་པ་དང་། གྲོང་ཁྱེར་དང་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྟགས་ཚད་གསུམ་པ་དང་བཞི་བའི་གྲོང་ཁྱེར་གྱི་ས་ཁང་ལྷག་མ་མང་དྲགས་པའི་གནད་དོན་གཙོ་བོར་བཟུང་སྟེ་ཐག་གཅོད་བྱ་དགོས། འཇའ་ཤིང་འདོར་སྒྱུར་བྱེད་པའི་ཐད་ནས་སྤྱིའི་འཇར་ཤིང་གི་ཚད་ལ་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁེ་ལས་ཀྱི་འཇའ་ཤིང་གི་ཚད་ཇེ་དམར་གཏོང་བའི་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བརྩི་དགོས། མ་རྩ་ཇེ་དམར་གཏོང་བའི་ཐད་ནས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་། འགྲོ་གྲོན་ཇེ་དམར་གཏོང་བ། རྒྱུ་རྐྱེན་དང་མ་རྩ་ཇེ་ཉུང་དུ་གཏོང་བ་བཅས་ཐད་ཀྱི་བྱ་བའི་ཤུགས་ཚད་ཇེ་ཆེར་གཏང་དགོས། ཞན་ཆ་ཁ་གསབ་བྱེད་པའི་ཐད་ནས་འཕེལ་རྒྱས་ཀྱི་ཞན་ཆ་དང་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱ་དགོས། སྔར་ལས་ནུས་ཤུགས་ཆེ་བ་དང་སྔར་ལས་ནན་ཏན་གྱི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་ཐར་གྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།
གཉིས་པ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ལྗང་མདོག་དང་སྤུས་ལེགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏང་རྒྱུ་དེ་གོ་གནས་གཙོ་བོར་བཞག་སྟེ། ཞིང་ལས་ཐོན་རྫས་ཚད་ལྡན་ཅན་དུ་སྒྱུར་བ་དང་། ཐོན་རྫས་གྲགས་ཅན་གསར་གཏོད་བྱེད་པ། སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་དགོས། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པར་སྲུང་སྐྱོབ་དང་ཇེ་ཆེར་བཏང་སྟེ། ཞིང་བའི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཕྱུག་སྒྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དགོས།
གསུམ་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དངོས་ཕུང་དཔལ་འབྱོར་དར་རྒྱས་སུ་གཏང་དགོས། རྒྱུ་སྤུས་དང་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏང་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཀྱི་རྒྱ་བསྐྱེད་དགོས། སྤུས་ཚད་གཙོ་བོ་ཡིན་པའི་འདུ་ཤེས་དྲག་པོ་བཅངས་ཏེ། སྤུས་ཚད་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་སྤེལ་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ལ། ལག་རྩལ་གསར་བ་དང་ལས་རིགས་གསར་བར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཁྱོན་ཡོངས་ནས་སྒྱུར་བཀོད་དང་ཇེ་ལེགས་སུ་གཏང་དགོས།
བཞི་བ། ས་ཁང་ཐོན་ལས་ཚོང་ར་བརྟན་འཇགས་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏང་དགོས། ཁང་པ་ནི་སྡོད་ཁང་ཡིན་པ་ལས་སྒྱུར་ཚོང་བྱེད་སྤྱད་མིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། དངུལ་ལོར་དང་ས་ཞིང་། ནོར་སྲིད་དཔྱ་ཁྲལ། དངུལ་གཏོང་། ཁྲིམས་འཛུགས་བཅས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་། ཚོང་རའི་ཆོས་ཉིད་དང་འཚམ་པའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་དང་ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་མྱུར་དུ་ཞིབ་འཇུག་བྱས་ནས་འཛུགས་དགོས། ཆེ་ཕྱོགས་ནས་དངུལ་ལོར་ལ་དོ་དམ་བཟང་བོ་བྱས་ཏེ། མི་དང་ས་གནས་བར་འབྲེལ་འདྲིས་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། སྡོད་ཁང་གླ་བའི་ཚོང་རའི་ཁྲིམས་འཛུགས་བྱ་བ་མྱུར་དུ་བསྒྲུབ་སྟེ། སྡོད་ཁང་ཚོང་རའི་ལྟ་སྐུལ་དོ་དམ་དང་དག་ཐེར་བྱ་བར་གཙིགས་འཛིན་བྱ་དགོས།
        གྲོས་ཚོགས་ཐོག་ཏུ་གཅིག་གྱུར་གྱིས་སྐུལ་སྤེལ་དང་གནད་ས་ཐོལ་བརྒལ་བྱེད་པའི་བླང་བྱ་ལྟར་བཅོས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། བཅོས་སྒྱུར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བཟང་པོ་བྱ་དགོས། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ནུས་ལྡན་ཚོད་འཛིན་གྱི་ཀུང་ཟིའི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་དང་། ལྷོད་ཡངས་འབྲས་ལེགས་ཀྱི་ཁྲོམ་ར་ཅན་གྱི་ཚོང་གཉེར་རྐྱེན་སྲོལ་མྱུར་དུ་གྲུབ་པར་བྱ་དགོས། མཉམ་འདྲེས་དབང་བའི་ལམ་ལུགས་ཀྱི་བཅོས་སྒྱུར་ནི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་བརྒལ་གཏོར་བྱེད་ས་གལ་ཆེན་ཡིན་པས། བཅོས་སྐྱོང་འཐུས་ཚང་བྱེད་པ་དང་སྐུལ་མ་ཆེན་པོ་གཏོང་བ། ལས་སྒོ་གཙོ་བོར་འབུར་དུ་ཐོན་པར་བྱེད་པ། ཕན་འབྲས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་བླང་བྱ་ལྟར། གློག་ཤུགས་དང་རྡོ་སྣུམ། རང་བྱུང་སོལ་རླངས། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། གློག་འཕྲིན། དམག་དཔུང་བཟོ་ལས་སོགས་ཁྱབ་ཁོངས་ནས་ངོ་བོ་རང་བཞིན་གྱི་གོམ་སྟབས་སྤོ་དགོས། རྒྱལ་དབང་རྒྱུ་ནོར་གྱི་དངུལ་གཏོང་དང་འཁོར་ཚོང་ཀུང་ཟིའི་བཅོས་སྒྱུར་ཚོད་ལྟ་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ཐོན་དབང་སྲུང་སྐྱོབ་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དམངས་དོན་ཁྲིམས་གཞུང་མྱུར་དུ་རྩོམ་སྒྲིག་བྱས་ཏེ། དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་སྣ་ཚོགས་དང་སྤྱི་དམངས་སོ་སོའི་རྒྱུ་ནོར་དབང་ཆའི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁེ་ལས་ཀྱི་ཐོན་དབང་ལ་གནོད་སྐྱེལ་བའི་ནོར་འཁྲུལ་གྱི་གྱོད་གཞི་དང་མ་ཉེས་ཁ་གཡོག་གི་གྱོད་དོན་དག་ཞིབ་འབྱེད་ཡོ་བསྲང་བྱེད་དགོས། ཁེ་ལས་པའི་སྙིང་སྟོབས་ལ་སྲུང་སྐྱོབ་བྱས་ཏེ་ཁེ་ལས་པས་བློ་རྩེ་གཅིག་སྒྲིམ་གྱིས་གསར་གཏོད་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ནོར་ཁྲལ་དང་དངུལ་རྩའི་རྐྱེན་སྲོལ་གྱི་བཅོས་སྒྱུར་བརྟན་བརླིང་ངང་སྤེལ་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་དབང་ཆ་དང་འགྲོ་སོང་འགན་འཁྲིའི་ལས་བགོས་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་སྒོ་བགོ་བའི་སྤྱིའི་ཇུས་གཞི་མྱུར་དུ་གཏན་འབེབས་བྱས་ཏེ། ས་གནས་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་བའི་ཇུས་གཞི་མྱུར་དུ་འདོན་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་གྱི་བཅོས་སྒྱུར་ལ་ཞིབ་འཇུག་ཟབ་མོ་བྱེད་པ་མ་ཟད་བརྟན་བརླིང་སྒོས་སྤེལ་ནས། རིམ་པ་མང་བའི་མ་རྩའི་ཁྲོམ་རའི་མ་ལག་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། རྒྱལ་དབང་ཚོང་ལས་དངུལ་ཁང་གི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་བཏང་སྟེ། དམངས་གཉེར་དངུལ་ཁང་གི་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་བཅོས་སྒྱུར་ཇུས་གཞི་མྱུར་དུ་འདོན་དགོས། གཙོ་གནད་ཡོད་པའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ཏེ། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན། ཚོང་ལས་རང་བཞིན་བཅས་ཀྱི་དངུལ་རྩའི་ནུས་པ་འདོན་སྤེལ་བཟང་པོ་བྱ་དགོས། སྡེ་ཁག་བརྒལ་བའི་གཅིག་གྱུར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ནོར་ཁྲལ་དང་དངུལ་རྩ། ས་ཞིང་། མཁར་གྲོང་ཅན། སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་དཔལ་ཡོན་སོགས་རྨང་གཞི་རང་བཞིན་གྱི་བཅོས་སྒྱུར་གལ་ཆེན་སྤེལ་བར་ཤུགས་བསྣན་ཏེ། ཇུས་གཞི་གཏན་འབེབས་བཟོ་དགོས་པ་མ་ཟད་དངོས་འབེབས་ལ་ཡང་སྐུལ་འདེད་གཏང་དགོས། བཅོས་སྒྱུར་གལ་ཆེན་གྱི་མཐོ་རིམ་ཇུས་འགོད་དམ་འཛིན་བཟང་པོ་བྱེད་དགོས་པ་དང་། ས་གནས་དང་གཞི་རིམ་གྱིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བརྩོན་སེམས་དང་རང་འགུལ་རང་བཞིན་ཡང་སྐུལ་སློང་གང་ལེགས་བྱ་དགོས་ཞེས་བསྟན། 
        གྲོས་ཚོགས་ཐོག་ཏུ་ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོའི་ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་པ་དང་། ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བའི་མཉམ་ཤུགས་གྲུབ་པར་བྱས་ནས། བྱ་བ་སྣ་ཚོགས་གཟབ་ནན་སྒོས་བཟང་པོར་བསྒྲུབ་དགོས། ཆེ་ཕྱོགས་སྙོམ་སྒྲིག་ཚོད་འཛིན་གསར་གཏོད་བྱེད་པ་དང་འཐུས་ཚང་དུ་བཏང་ནས། སྲིད་ཇུས་ཀྱི་མཐུན་སྦྱོར་ཆ་སྡེབས་སྐུལ་སྤེལ་བྱེད་པ་དང་། སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་མཐོར་འདེགས་སུ་གཏོང་བ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱེད་པ། ཁྱབ་ཁོངས་གལ་ཆེན་གྱི་ཉེན་ཁར་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དམ་འཛིན་བཟང་པོ་བྱེད་པ་བཅས་བྱ་དགོས། སྲིད་བསྡུ་དབང་གཏོང་དང་གཏོང་འཛིན་ཟུང་སྦྲེལ། ཞབས་ཞུ་ལེགས་སྒྱུར་བཅས་བྱས་ཏེ་ནོར་ཁྲལ་དངུལ་རྩ་དང་རྒྱལ་དབང་ཁེ་ལས་སོགས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་གོ་རིམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། འདོན་མཁོའི་གྲུབ་ཚུལ་ནུས་ལྡན་གྱིས་མཉམ་འགྲིག་ཡོང་བ་དང་། འཛད་སྤྱོད་རིམ་སྤོར་དང་ནུས་ལྡན་དངུལ་གཏོང་གཉིས་འཁོར་སྐྱོད་བཟང་པོ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་ནས། རྒྱལ་ནང་གི་དགོས་མཁོའི་སྦས་ཤུགས་སྔར་ལས་འདོན་སྤེལ་བྱེད་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ཡོངས་ཁྱབ་ཏུ་སྤེལ་ནས། སྒུལ་ནུས་གསར་བ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་སྲོལ་རྒྱུན་སྒུལ་ནུས་ལ་གསོན་ཤུགས་འབར་བར་ཡར་སྐུལ་བྱ་དགོས། དེང་རབས་ཞིང་ལས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བ་དང་ཞི་པའི་ཡོང་སྒོ་བསྟུད་མར་འཕར་བར་ཡར་སྐུལ་བྱ་དགོས། རིམ་པ་སྔར་ལས་ཟབ་པ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་གཉིས་སྒོ་འབྱེད་སྐུལ་སྤེལ་བྱས་ཏེ། རྒྱལ་ནང་གི་འཕེལ་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ལེན་དགོས། ནུས་གྲོན་ཁོར་སྲུང་དང་སྐྱེ་ཁམས་འཛུགས་སྐྲུན་ལ་བསྟུད་མར་ཤུགས་བསྣན་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་ལེན་དགོས། དམངས་ཚིས་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་གྱི་བཀོད་སྒྲིག་སྔར་ལས་བཟང་པོ་བྱས་ཏེ། དམངས་ཚིས་འགན་སྲུང་གི་དྲ་བ་སྔར་ལས་བརྟན་པོ་འཛུགས་དགོས་ཞེས་བསྟན། 
        གྲོས་ཚོགས་ཐོག་ཏུ་དཔལ་འབྱོར་བྱ་བ་བཟང་པོར་བསྒྲུབ་དགོས་ན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དངོས་འབེབས་མཐའ་འཁྱོལ་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དེ་ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པའི་ཁྲོད་དུ་མངོན་མཚོན་བྱ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་ཀྲུང་དབྱང་གི་དཔལ་འབྱོར་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ཏེ། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཐབས་ཇུས་སྲིད་ཇུས་ངེས་པར་དུ་ལག་བསྟར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་བཅོས་སྒྱུར་ཇུས་གཞི་ངེས་པར་དུ་དངོས་འབེབས་བྱ་དགོས། རྟོག་ཞིབ་ཟབ་མོ་བྱེད་པ་དང་སློབ་སྦྱོང་ལ་ཤུགས་སྣོན་པ། ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ་གཏན་འབེབས་བྱས་པའི་སྲིད་ཇུས་དོན་དངོས་དང་སྔར་ལས་མཐུན་པར་བྱ་དགོས། དོན་དག་བསྒྲུབ་འདོད་པ་དང་དོན་དག་སྒྲུབ་ཕོད་པའི་གནད་འགག་འདི་གཉིས་དམ་དུ་བཟུང་ནས། དྲང་ཕྱོགས་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་བྱེད་པའི་གསར་གཏོད་རང་བཞིན་གྱིས་བྱ་བ་སྒྲུབ་པར་ཡར་སྐུལ་བྱ་དགོས། ཏང་ཡོངས་ཀྱིས་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་གདོང་གིས་བསུས་ཏེ་བློ་གཅིག་སེམས་གཅིག་གིས་དཔལ་འབྱོར་བྱ་བ་བཟང་པོར་བསྒྲུབ་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་འགན་འཛིན་པ།ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས།
        ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ཟུར་བཀོད་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་རྩའི་ལས་ཁུངས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1