༄༅།།སློབ་མའི་ཀུན་སྤྱོད་བཅའ་ཡིག་སུམ་ཅུ་བ།

མོ་རྒྱ་ཡེ་བཀྲ་བྷོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-26


སྐྱེ་འགྲོའི་ཕན་བདེའི་གསོས་སྨན་མཆོག།

ལྟ་སྤྱོད་མ་ནོར་ལེགས་སྟོན་པ།།

རྙེད་དཀའ་རིན་ཆེན་རིག་པའི་གཞུང་།།

རང་ལ་ཡོད་པ་ཤེས་པར་གྱིས།།


འཇིག་རྟེན་མི་ཆོས་ཚུལ་ལུགས་ཀྱི།།

སྤང་བླང་རྣམ་བཞག་མ་འཁྲུལ་བ།།

ཡབ་མེས་བཟང་བོ་ནས་བརྒྱུད་པའི།།

ཡ་རབས་སྲོལ་དུ་བརྒྱུག་པར་བྱ།།


སེམས་ཅན་ཀུན་ལ་གནོད་སེམས་སྤང་།།

མཐོ་ལ་བཀུར་དང་དམན་ལ་བྱམས།།

རང་སར་མི་བཞག་བསམ་བློ་གཏང་།།

མི་སར་རང་བཞག་བསམ་བློ་གཏང་།།


ཁྲེལ་ཡོད་ངོ་ཚ་ཤེས་པ་དང་།།

བག་ཡོད་མི་ཆོས་རྩ་བར་ཟུངས།།

གཞན་ལ་འོ་བརྒྱལ་མི་བཟོ་བ།།

སྒོ་གསུམ་སྤྱོད་པའི་འགག་སྒོར་ལྟོས།།


དམིགས་འབེན་གསལ་ཞིང་འཆར་བཀོད་ལེགས།།

དུས་དང་བློ་གྲོས་ཆུད་མི་གཟོན།།

རང་གིས་རང་ལ་གཉེར་ཚགས་ཀྱིས།།

སྒྲིམ་ཞིང་གནད་ལ་དབབ་པར་བྱ།།



ཚོགས་པར་དབྱུང་དུ་མི་རུང་བའི།།

གཏམ་དང་སྤྱོད་པར་གཟབ་གཟབ་ཀྱིས།།

མི་དང་དུད་འགྲོའི་ཁྱད་པར་ནི།།

གང་ཡིན་སེམས་ལ་ངེས་པར་བྱ།།


ཕ་མ་དགེ་རྒན་མཛའ་བཤེས་ཀྱི།།

དྲིན་ཤེས་དྲིན་དྲན་དྲིན་གཟོ་བྱ།།

སྤྱི་པའི་སྒྲིག་སྲོལ་ལེགས་པར་བརྩི།།

བཀུར་འོས་ཡར་ལང་ཐར་མོ་སྦྱར།།


སྙིང་རུས་ཆེ་ཞིང་དཀའ་སྤྱད་བཟོད།།

ནོར་ལ་སྤྱོད་ཤེས་རྒྱས་སྤྲོས་སྤང་།།

གཏམ་དང་སྤྱོད་པའི་འཛེམ་འཛི་ཤེས།།

འགྲོག་མཁས་གཤིབ་བདེ་འོང་བར་བྱ།།


སུ་ལ་འཕྲད་ཀྱང་འཛུམ་གྱིས་བསུ།།

ཨ་ཁུ་ཨ་ནེ་ཨ་ཅེ་སོགས།།

ཚིག་གིས་བསྟི་སྟང་བྱེད་པ་ལས།།

ཨ་རོག་ཝེ་ཡིས་འབོད་མི་བྱ།།


ཞོགས་པ་བདེ་ལེགས་མཚན་བདེ་ལེགས།།

ཉིན་མོ་བདེ་ལེགས་ཕེབས་པ་ལེགས།།

གང་ལ་ཕེབས་དང་ག་ལེར་ཕེབས།།

ལ་སོགས་ཚིག་གིས་དྲི་རྨེད་བྱ།།


སྨྲ་མཁས་ཚིག་ནི་ཞེ་སར་བཅས།།

གུས་ཞབས་ཤེས་ཤིང་ལྡང་བ་ཡང་།།

སོར་མོ་ལྔ་ཡིས་བསྟན་བྱ་ཞིང་།།

གདོང་ལ་མཛུབ་མོ་ཀེར་མི་བྱ།།


རྩིས་ཅན་དམན་སར་གཞག་མི་བྱ།།

སྨེ་བ་མཐོ་སར་འཇོག་པ་སྤང་།།

མགོ་རྐང་མཐོ་དམན་གཙང་བཙོག་གི།

གོ་རིམ་འཆོལ་བར་མི་བྱའོ།།


ཁ་བཏགས་མགུལ་ལ་མི་གཞག་ཅིང་།།

ཇ་ནི་ལག་པ་གཉིས་ཀྱིས་འདྲེན།།

གླེགས་བམ་ཟས་གོས་ཉེར་སྤྱད་དང་།།

ལུས་དང་ཡན་ལག་བགོམ་མི་བྱ།།


རྩིས་འཁོར་ལག་འཁྱེར་ལ་སོགས་པ།།

རལ་གྲི་སོ་གཉིས་ཡིན་ཤེས་ནས།།

གནང་བཀག་མཚམས་ལས་མི་འདའ་བར།།

ཚུལ་དང་མཐུན་པར་དྲ་བར་གཞུག།


རྩི་ཤིང་མེ་ཏོག་གཅོད་པ་དང་།།

ཆུ་བོར་མི་གཙང་འབོ་བ་དང་།།

ས་རྐོ་རྡོ་སློག་བྱེད་པ་དང་།།

རི་དྭགས་བྱ་བྱེའུ་གསོད་པ་སྤང་།།


རྩིག་པ་སྒོ་དང་དྲ་མིག་དང་།།

ཅོག་ཙེ་རྐུབ་སྟེགས་མལ་ཁྲི་སོགས།།

རང་དང་སྤྱི་པའི་སྤྱད་ཆས་ལ།།

གཟབ་ཅིང་གཅེས་སྤྲས་ནན་ཏན་བྱ།།




ཁང་ཁྱིམ་འཇུག་དང་སྒོ་ལ་འཛུལ།།

གདན་ལ་འཁོད་དང་གྲལ་དུ་སྒྲིག།

རླངས་འཁོར་སྡོད་དང་ལམ་ལ་འགྲོ།།

རང་གཞན་སྔོན་རྗེས་མ་ནོར་བྱ།།


ཁང་པ་ལེགས་པར་འཕྱག་པ་དང་།།

ཡོ་བྱད་ལེགས་པར་འབྱིད་པ་དང་།།

ཆས་གོས་ལེགས་པར་སྒྲིག་པ་དང་།།

མཁའ་རླུང་གཙང་མ་རྒྱུ་བར་བྱ།།


ཟས་སྐོམ་སྐལ་བ་བླང་བའི་ཚེ།།

སྔ་ཕྱིའི་གྲལ་གྱི་རིམ་པ་བརྩི།།

སྒྲ་མེད་ཅག་གེར་བཟའ་བཏུང་བྱ།།

འབྲུ་རྡོག་གཅིག་ཀྱང་བརླག་པ་སྤང་།།


ཆང་རག་དུ་བ་ཟས་སྙིགས་དང་།།

བཏུང་བ་དུག་ཅན་གཏན་སྤང་ཞིང་།།

སྣུམ་ཅན་མངར་ཅན་ཚྭ་ཅན་དང་།།

ཤ་དང་ཁྲག་ལ་སྲེད་པ་སྤང་།།



མང་བར་བཟའ་བ་མང་བར་བཏུང་།།

རྔམ་བཟའ་རྔམ་བཏུང་སྤང་བྱ་ཞིང་།།

སྨན་གྱི་འདུ་ཤེས་བཞག་བྱས་ནས།།

ཟས་ཚོད་རན་པར་བཟའ་བར་བྱ།།


ཞྭ་གོས་ལེགས་པར་གྱོན་བྱ་ཞིང་།།

ལྷམ་སྒྲོག་ལེགས་པར་སྡོམ་པ་དང་།།

སྐ་རག་མགུལ་ཆིངས་ལེགས་པར་འཆིང་།།

ཕུ་དུང་འདྲུད་པ་གཏན་ནས་སྤང་།།



ལུས་པོར་རྟག་ཏུ་ཁྲུས་བྱ་ཞིང་།།

ལག་པ་ནམ་རྒྱུན་འཁྲུད་པ་དང་།།

སྣབས་དང་མིག་སྐྱག་ལེགས་ཕྱིས་ཏེ།།

ལུས་ནི་དྲི་ཞིམ་མདངས་ལྡན་བྱ།།


སྐྲ་དང་ཁ་སྤུ་སེན་མོ་སོགས།།

རིང་མིན་མྱུར་དུ་འབྲེག་པ་དང་།།

སྐྲ་ནི་ལེགས་པར་ཤད་པ་དང་།།

སོ་ནི་ལེགས་པར་འབྲད་པར་བྱ།།



སྐྲ་ཡི་ཁ་མདོག་མི་བསྒྱུར་ཞིང་།།

ལུས་ལ་རི་མོ་དབབ་མི་བྱ།།

རྐང་བས་འདར་ཡོམ་སྣ་ཁུང་སློག།

ལག་གིས་གང་སར་བྲི་བ་སྤང་།།


ཞྭ་ལྷམ་ཤ་གོས་རྐང་འབོལ་དང་།།

དཀར་ཡོལ་ཇ་ཕོར་ཐུར་མ་དང་།།

སོ་འཁྲུད་ཁ་སྤུ་འབྲེག་ཆས་སོགས།།

མཉམ་དུ་སྤྱོད་དམ་བརྗེ་མི་བྱ།།



སྒྲེགས་པ་གླལ་བ་ཕྱེན་གཏོང་དང་།།

ཀུ་ཅོ་འུར་རྒྱག་ཧ་ཧར་དགོད།།

བདའ་བ་འཇུ་བ་འཐམ་པ་དང་།།

ལྡིར་སྒྲ་ཏུག་ཆོམ་ཅལ་སྒྲ་སྤང་།།



མཆིལ་མ་ཁ་ལུད་སྣབས་ལུད་དང་།།

ཇ་སྙིགས་དྲི་ཆུ་ཤོག་ཧྲུལ་དང་།།

འགྱིག་ཤོག་སྣོད་སྤྱད་ཆག་གྲུམ་སོགས།།

གང་སར་འདོར་བར་མི་བྱའོ།།


བཤང་གཅི་གནས་སུ་འདོར་བ་དང་།།

ཆུ་ཡིས་ལེགས་པར་བཤལ་བར་བྱ།།

གཙང་ཤོག་གང་དགར་མི་འཕེན་ཞིང་།།

གད་སྙིགས་ཅི་དགར་འདོར་སྲེག་སྤང་།།


སྤང་བླང་རྣམ་བཞག་ཕྲ་མོ་དག།

ཆུང་བའི་དུས་ནས་གོམས་བྱས་ན།།

ཡ་རབས་མི་ཡི་གྲལ་དུ་ཚུད།།

ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས།།
        ཞེས་པ་འདི་ནི་སློབ་མ་རྣམས་ཀྱི་ནར་མའི་ཀུན་དུ་སྤྱོད་པ་ལེགས་པའི་ལམ་དུ་བསྐུལ་བ་ལ་དམིགས་ནས། འཛམ་གླིང་སྤྱིའི་ལུགས་ཀྱི་ཡ་རབས་ཀུན་སྤྱོད་ཀྱིས་གཞུང་བསྲངས་ཤིང་། རང་རེའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་མི་ཆོས་ཀྱི་བསམ་བློ་དང་ཡ་རབས་ལུགས་སྲོལ་དུ་མས་ཟུར་བརྒྱན་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ལའང་འཚམས་པའི་ཀུན་སྤྱོད་བཅའ་ཡིག་ཏུ་མཚོ་ཁ་པ་རྒྱ་ཡེ་བཀྲ་བྷོ་རུ་འབོད་པས་སྤྱི་ལོ༢༠༡༦ལོའི་ཧོར་ཟླ༤ཚེས༡༥བཟང་པོར་ཚིག་བཅད་དུ་བསྡེབས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1