༄༅།། ངག་འཁོབ་པའི་ཚིག་ལ་རགས་ཙམ་དཔྱད་པ།

བན་དེ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-27


བན་དེ་ཚེ་རིང་།

        མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །ཞེས་གསུངས་པ་ལྟར། རྒྱུན་ལྡན་འཚོ་བའི་ཁྲོད་མཐོང་ཐོས་སུ་གོམས་པའི་བྱ་དངོས་མང་པོ་ཞིག་ང་ཚོ་དང་གཞི་གཅིག་ཏུ་སྦྲེལ་ཡོད་རུང་དེ་ལ་ཆ་རྒྱུས་གསལ་པོར་ཡོད་པའི་ངེས་པ་མེད། གསར་བྱུང་གི་དངོས་པོ་དག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕེལ་དུས། ང་ཚོས་དེ་དག་ལ་འོས་འཚམས་ཀྱི་མིང་རེ་མ་བཏགས་པར་བཞག་ན། མཐའ་མར་མིའི་རིགས་ཀྱི་བྱེད་སྒོ་དང་ཕན་ཚུན་བར་འབྲེལ་འདྲིས་བྱེད་པར་འགོག་རྐྱེན་བཟོ་ངེས་ཡིན། དཔེར་ན། དམངས་ཁྲོད་དུ་ཁྱབ་པའི་ངག་གི་རྩེད་རིགས་ནི་ནང་དོན་དང་རྣམ་པ་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པ་ཞིག་ཡིན་ཡང་། དེ་ལ་རིགས་དགར་དང་དབྱེ་ཞིབ། ཞིབ་འཇུག་བྱས་པའི་འབྲས་བུ་ཧ་ཅང་ཉག་ཕྲ་བའི་གནས་བབས་འདིར་དམིགས་ནས། འདིར་ངག་འཁོབ་པའི་ཚིག་ཅེས་པ་དམིགས་སུ་བཀར་ཏེ་དེའི་གོ་དོན་དང་། དབྱེ་བ། ཁྱད་ཆོས་བཅས་ལ་ངོས་འཛིན་དང་། ལྷག་པར་དེ་ནི་རྩེད་འཇོའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་རྒྱུ་ནི་གལ་ཆེ་བར་འདོད།

དང་པོ། ངག་འཁོབ་པའི་ཚིག་གི་གོ་དོན།
        ངག་འཁོབ་པའི་ཚིག་ནི་མི་རིགས་ག་གེ་མོའམ་སྐད་རིགས་ག་གེ་མོ་ཁྲོད་གནས་པ་ཙམ་མིན་པར་འཛམ་གླིང་གི་མི་རིགས་སོ་སོའི་སྐད་ཡིག་ཁྲོད་ཡོངས་ཁྱབ་དུ་གནས་ཡོད། དབྱིན་སྐད་དུ་ངག་འཁོབ་པའི་ཚིག་ལ་ “tongue twister” ཟེར་ཞིང་། རྒྱའི་སྐད་དུ་“绕口令”ཞེས་བཀོད་ཡོད། བོད་ཀྱི་དམངས་སྲོལ་དང་འབྲེལ་བའི་དཔེ་ཆའི་ནང་བྱིས་གླུ་ལྟ་བུའི་སྤྱི་མཚན་གྱི་མིང་ཙམ་ལས་ཆེད་དམིགས་ཀྱི་བརྡ་ཆད་ཅིག་བྱུང་མི་འདུག རྒྱ་བོད་ཚིག་མཛོད་ཆེན་མོ་རུ་“绕口令”དེ་ངག་འཁོབ་པའི་ཚིག་ཅེས་བསྒྱུར་འདུག་ཅིང་དེ་ཡང་འཁོབ་ཅེས་པ་ནི་ཚིག་ལ་རྐྱོང་སྐུམ་གྱི་ཆ་མེད་པར་རེངས་པོར་ཆགས་པའི་དོན་ལ་འཇུག འོ་ན་ཅི་ཞིག་ལ་ངག་འཁོབ་པའི་ཚིག་ཟེར་རམ་ཞེ་ན། དེ་ནི་ནོར་འཛོལ་འབྱུང་སླ་བའི་ཡིག་གཟུགས་དང་སྒྲ་གདངས་ཀྱིས་གྲུབ་པའི་ཚིག་དེ་ཉིད་ཡང་དང་བསྐྱར་དུ་ངག་ནས་ཟློ་བའམ་མྱུར་ཀློག་བྱས་ན་སྨྲ་ལྕེ་མི་བདེ་བ་དང་སྒྲ་ལོག་དོན་ལོག་བྱུང་ནས་གད་མོ་སློང་སྲིད། གོ་བདེ་བར་བཤད་ན་དེ་ནི་སྨྲ་ལྕེའི་མདུད་པ་གྲོལ་བར་བྱས་ཏེ་མཉེན་མོར་གཏོང་བར་ཕན་པའི་ཚིག་ཅིག་ཡིན།
གཉིས་པ། ངག་འཁོབ་པའི་ཚིག་དང་སྒྲ་རྒྱན་བར་གྱི་འབྲེལ་བ།
        ངག་འཁོབ་པའི་ཚིག་དང་སྒྲ་རྒྱན་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན། སྙན་ངག་མེ་ལོང་མར། རྗོད་བྱེད་ཚིག་གང་ཡིག་གཟུགས་དང་། སྒྲ་གདངས་མཚུངས་པར་སྦྱར་བ་ལས། ཚིག་སྦྱོར་མཛེས་ཤིང་བརྗོད་དོན་ཡང་། ལེགས་པར་སྟོན་ནུས་སྒྲ་ཡི་རྒྱན།།ཞེས་བཀོད་པ་བཞིན། ངག་འཁོབ་པའི་ཚིག་དང་སྒྲ་རྒྱན་གྱི་གོ་དོན་ཧ་ཅང་ཉེ་བར་མ་ཟད། སྒྲ་རྒྱན་གྱི་ནང་གསེས་བྱ་དཀའ་བའི་མཚན་གཞིའི་དཔེ་བརྗོད་མང་བོ་ཞིག་ངག་འཁོབ་པའི་ཚིག་གི་ཁྱད་ཆོས་ལྡན་ཡོད། དཔེར་ན། ལས་ལ་ལ་ལ་ལ་ལ་ལ་ལུང་ལ། །ལམ་ལམ་ལ་ལ་ལ་ལ་ལེ་ལོ་ལ། །ལིང་ལིང་ལ་ལ་ལ་ལ་ལང་ལོང་ལ། །ལ་ལ་ལབ་ལོབ་ལ་ལ་ལུ་ལུར་ལུས། །ལྟ་བུའོ། །འོན་ཀྱང་ངག་འཁོབ་པའི་ཚིག་དེ་སྒྲ་རྒྱན་གྱི་བྱེ་བྲག་དང་ཆ་ཤས་ཙམ་ལ་གོ་མི་རུང་བར་འདོད། རྒྱུ་མཚན་ནི་སྙན་ངག་མེ་ལོང་མ་བོད་དུ་དར་ནས་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད་ལ། ངག་འཁོབ་པའི་ཚིག་ནི་དམངས་ཁྲོད་ནས་བྱུང་ཞིང་ངག་ནས་ངག་བརྒྱུད་དེ་ད་བར་དུ་འཕེལ་བའི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་ཕྱིར་སྙན་ངག་མེ་ལོང་མ་སོགས་ཕྱི་ཡོང་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པར་འདོད། ད་དུང་སྒྲ་རྒྱན་ཡིན་ན་ཚིག་སྦྱོར་མཛེས་ཤིང་རྣ་བར་སྙན་པར་མ་ཟད་བརྗོད་དོན་ཚང་དགོས་པ་དང་། ངག་འཁོབ་པའི་ཚིག་ཡིན་ན་བརྗོད་དོན་གཙོར་མི་འཛིན་པར་སྨྲ་ལྕེ་འཁོབ་པར་བྱེད་པ་དང་། སྒྲ་ལོག་དོན་ལོག་འབྱུང་བ། རྩེད་འཇོ་བྱེད་པ་དེ་དམིགས་ཡུལ་གཙོ་བོ་ཡིན། གཞན་ངག་འཁོབ་པའི་ཚིག་གི་རྩེད་འཇོ་ལ་རོལ་མཁན་བྱིས་པ་ཡིན་ཞིང་། བྱིས་པའི་འདོད་བློ་དང་ལོ་ཚོད་ལ་བརྟེན་ནས་བསྒྲིགས་པ་ཞིག་རེད། རྩོམ་ལུས་ཀྱི་ངོས་ཐད་ནས་བཤད་ན། ངག་འཁོབ་པའི་ཚིག་ཅུང་རང་དབང་ཆེ་བ་དང་། སྒྲ་རྒྱན་ཡིན་ན་ཚིག་རྒྱན་དང་སྡེབ་སྦྱོར་སོགས་སྙན་ངག་གི་རྩ་བའི་ཆོས་ཉིད་དང་བསྟུན་དགོས་པ་ཡིན། སྤྱིར་ན་བྱ་དཀའ་བའི་རྒྱན་ལ་སྨྲ་ལྕེ་ཇེ་བདེར་གཏོང་བའི་ཁྱད་ཆོས་ཡོད་རུང་རྩེད་འཇོའི་ཆ་དེ་ཅུང་ཙམ་ཞན་པ་སོགས་ཀྱི་ཁྱད་པར་དུ་མ་མཆིས་སོ། །
གསུམ་པ། ངག་འཁོབ་པའི་ཚིག་གི་དབྱེ་བ།
        སྨྲ་ལྕེ་འཁོབ་པར་བྱེད་པའི་ངག་ཚིག་ལ་མཚོན་ན། ཡུལ་ལུང་སོ་སོར་རང་རང་འཚོ་སྡོད་བྱེད་སའི་རང་བྱུང་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྟངས་རེ་ཡོད་པར་མ་ཟད། དེ་དང་འཚམས་པའི་རིག་གནས་མ་ལག་ཅིག་ཀྱང་གྲུབ་ཡོད་ཕྱིར། ངག་འཁོབ་པའི་ཚིག་ལས་ཀྱང་ཡུལ་དུས་ག་གེ་མོ་ཞིག་གི་སྤྱི་ཚོགས་འཚོ་བ་དེ་མཚོན་བཞིན་ཡོད། གཤམ་ནས་ངག་ཚིག་གི་ནང་དོན་ལྟར་རིགས་དགར་བྱ།
གཅིག འཚོ་བའི་ཁྲོད་ཀྱི་ངག་ཚིག
        འཚོ་བའི་ཁྲོད་ཀྱི་ངག་ཚིག་ནི་རྒྱུན་ལྡན་འཚོ་བའི་ཁྲོད་རང་བཞིན་གྱིས་བྱུང་བ་དང་། བརྗོད་བྱ་ཕལ་ཆེ་བ་ནི་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་དེ་ལས་མ་འདས། དཔེར་ན། ཙོང་ཀེའུ་གཉིས་ཀའི་ནང་ནས་གོང་གང་དཀའ། ཀེའུ་དཀའ། ལྟ་བུ། དེ་ཉིད་ཡང་དང་བསྐྱར་དུ་མྱུར་ཀློག་བྱས་ན་མཐའ་མར་ཙོང་དང་ཀེའུ་གཉིས་བར་དུ་ནོར་འཁྲུལ་བྱུང་སླ་བར་མ་ཟད་ཐ་ན་དགོད་ཁ་སློང་སྲིད། ཡང་དཔེར་ན། རྟ་ཀ་དཀར། རྔ་མ་ནག་ནག རྔ་མ་ནག་ནག རྟ་ཀ་དཀར། ཞེས་པ་ཡང་གོང་དང་འདྲ་བར་ཨ་མདོ་རེབ་གོང་ཡུལ་དུ་ཅུང་རྒྱུགས་ཆེ་བའི་ངག་ཚིག་ཅིག་ཡིན་ཞིང་། ངག་ནས་ཡང་ཡང་བཟློས་ན་དཀར་ནག་གི་བར་དུ་འཁྲུལ་སླའོ། ། ཁ་ཟས་དང་སྒོ་ཕྱུགས་ནི་ཉིན་རྒྱུན་གྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་ཅིང་ཚལ་རིགས་ཀྱི་རིན་གོང་སོགས་ལས་ས་དེར་སྔོ་ཚལ་གྱི་རིགས་ཅུང་དཀོན་པ་དང་། སྒོ་ཕྱུགས་ངོས་འཛིན་བྱེད་དུས་ཁ་དོག་གཞི་འཛིན་པ་སོགས་ས་དེའི་འཚོ་བའི་གནས་ཚུལ་ཟུར་ནས་རགས་ཙམ་མཐོང་ཐུབ།
གཉིས། གྲངས་འདྲེན་པའི་ངག་ཚིག
        གྲངས་འདྲེན་ངག་ཚིག་ནི་དངོས་པོའི་ཁ་གྲངས་གཞིར་བཟུང་ནས་བསྒྲིགས་ཤིང་། བྱིས་པའི་བློར་གྲངས་ཀ་རྩི་སྟངས་དང་ཤེས་བྱ་རྒྱུད་ལ་འཇགས་སླ་བའི་ཐབས་ལམ་བཟང་བོ་ཞིག་ཡིན། དཔེར་ན། ཨ་མདོ་ཅོ་ནེའི་ཡུལ་དུ་དར་བའི་ངག་རྩེད་དེ། ཨ་ཁུ་ཚང་གི་ལ་ཁ་ན། ར་བརྒྱད་རེའུ་བརྒྱད། ར་ལ་ལུ་རྭ་ཅོ་ཀླད་ལ་འཁོར། རེའུ་ལ་ལུ་རྭ་ཅོ་ཐུར་ར་འཁོར། ལྟ་བུ། ངག་ནས་མྱུར་ཀློག་མང་ཙམ་བྱས་ན་ར་དང་རེའུ། ཀླད་དང་ཐུར་སོགས་ནོར་འཛོལ་བྱུང་སླའོ། ཡང་དཔེར་ན། ཨ་མདོ་རེབ་གོང་ཡུལ་དུ་དར་ཆེ་བའི་ངག་རྩེད་དེ། གསེར་གྱི་ཀ་རྡོ་ར་གཅིག གསེར་གྱི་ཀ་རྡོ་ར་གཉིས། གསེར་གྱི་ཀ་རྡོ་ར་གསུམ། གསེར་གྱི་ཀ་རྡོ་ར་བཞི། གསེར་གྱི་ཀ་རྡོ་ར་ལྔ་ཞེས་བཅོ་ལྔའི་བར་དུ་ཡང་ཡང་བརྩི་སྲོལ་ཡོད། དེ་ནི་བྱིས་པ་གཉིས་ཀྱིས་འགྲན་བསྡུར་གྱི་ཚུལ་དུ་ཀློག་འདོན་བྱེད་པ་དང་། སུས་སྒྲ་དག་ཅིང་འགྲོས་མྱུར་བའི་སྒོ་ནས་བཀླགས་ཚར་ན་དེ་ནི་རྒྱལ་བ་ཡིན་ནོ། ངག་རྩེད་འདིའི་རིགས་རྒྱུན་དུ་སྦྱངས་ན་བྱིས་པའི་དབུགས་ཐག་རྐྱོང་བ་དང་སྐད་ཆའི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བར་ཕན་པར་འདོད།
གསུམ་པ། ངོ་གནོངས་པའི་ངག་ཚིག
        ངག་ཚིག་འདིའི་རིགས་ལོ་ཆུང་བྱིས་པའི་ཁྲོད་དུ་ཧ་ཅང་རྒྱུགས་ཆེ། ལྷག་པར་དུ་བྱིས་པ་ཕོ་རྣམས་རྩེ་བར་ཧ་ཅང་དགའ། འདིའི་དམིགས་ཡུལ་གཙོ་བོ་ནི་ཕ་རོལ་ནོར་འཁྲུལ་གྱི་ལམ་དུ་འཁྲིད་ནས་མཐའ་མར་ཕ་རོལ་བ་ངོ་ཚ་གཏོད་པའམ་ཡང་ན་དེར་ཡོད་ཀྱི་མི་ཚང་མ་དགོད་ཁ་སློང་རྒྱུ་དེ་ཡིན། གལ་ཏེ་ནོར་འཛོལ་མ་བྱུང་བར་སྒྲ་ཡང་དག་པར་ཐོན་ཚེ་རྩེད་འཇོའི་ནུས་པ་རང་བཞིན་གྱིས་ཡལ་འགྲོ དཔེར་ན། ཨ་མདོ་རེབ་གོང་ཡུལ་དུ་དར་ཆེ་བའི་ངག་རྩེད་དེ། ཁྱི་ཀའི་ཁྱིགས་བདག་གིས་ཁྱི་གདུག་འབྲེག་གོ་གི་ལྟ་བུ། ཡང་དཔེར་ན། ཨ་ཁུ་རྒྱལ་བོ་ཚང་གི་མནའ་མའི་ནུ་མའི་གཉེར་མའི་གཉའ་ན་སྨེ་ཞིག་ལྟ་བུའོ། སྔོན་མ་ལྟ་བུ་ལ་མཚོན་ན་ཁྱི་དང་ཁྱིགས། བདག་དང་གདུག་ནོར་ནས་ལྕེ་འཁོབ་པར་བྱེད་པ་དང་། རྗེས་མ་ལ་མཚོན་ན་ནུ་མ་སོགས་འཛེམ་བྱ་ཡང་མཆིས་པས་སེམས་རྩེ་གཅིག་ཏུ་མ་གཏད་ན་སྒྲ་ལོག་དོན་ལོག་ཏུ་སོང་ནས་ངོ་ཚ་གཏོད་པ་དང་བག་མི་བདེ་བར་བཟོ་ངེས་ཡིན། གྲུབ་སྟངས་ཀྱི་ངོས་ཐད་ནས་བལྟས་ན་གཙོ་བོ་སྔོན་རྗེས་འཇུག་གི་ཁྱད་པར་དང་། དབྱངས་གསལ་ཡོད་མེད་ཀྱི་ཁྱད་པར། སྒྲ་འདོན་དབང་བོའི་ཁྱད་པར་སོགས་ལས་ངག་འཁོབ་པའམ་རྩེད་འཇོའི་ཆ་དེ་གྲུབ་ཡོད་པར་འདོད།
བཞི་བ། ངག་འཁོབ་པའི་ཚིག་གི་ཁྱད་ཆོས།
གཅིག ངག་འཁོབ་པའི་ཚིག་གི་ཡུལ་ཕྱོགས་རང་བཞིན།
        སྐད་རིགས་མི་འདྲ་བར་རང་རང་ལ་དབང་བའི་ངག་འཁོབ་པའི་ཚིག་རེ་ཡོད་པ་དང་། སྐད་རིགས་གཅིག་གི་ནང་གསེས་སུའང་ངག་འཁོབ་པའི་ཚིག་མི་འདྲ་བ་རེ་ཡོད། ཨ་མདོའི་ཡུལ་དུ་དར་ཆེ་བའི་ངག་ཚིག་དེ་དབུས་གཙང་བའི་ངག་ནས་ཐོན་ན་སྨྲ་ལྕེ་འཁོབ་པའི་སྣང་ཚུལ་འབྱུང་བའི་ངེས་པ་མེད། དེ་ནི་དབུས་དང་ཨ་མདོ་གཉིས་ཀྱི་སྒྲ་འདོན་དབང་པོ་ལ་ཁྱད་པར་ཡོད་དེ། དབུས་གཙང་བ་ཡིན་ན་སྒྲའི་ང་རོ་དམིགས་སུ་འཛིན་པ་དང་ཨ་མདོ་བ་ཡིན་ན་སྔོན་རྗེས་འཇུག་གི་སྒྲ་གསལ་པོར་འདོན་པར་དམིགས་བཞིན་ཡོད། ཐ་ན་བར་ཐག་སྤྱི་ལེ་བཅུ་ཙམ་མ་གཏོགས་མེད་པའི་སྡེ་པ་གཉིས་ཀྱི་བར་དུའང་ཁྱད་པར་ཧ་ཅང་ཆེ་བར་འདོད། གཞན་ས་ཆ་སོ་སོའི་རང་བྱུང་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྟངས། ཡུལ་སྲོལ་གོམས་གཤིས་སོགས་མི་འདྲ་བའི་རྐྱེན་ངག་འཁོབ་པའི་ཚིག་གི་ནང་དོན་ཡང་ས་གནས་ག་གེ་མོ་ཞིག་ལས་ཡུལ་ཕྱོགས་སྤྱི་ལ་འཚམས་པའི་ངེས་པ་མེད། དཔེར་ན། ཙོང་དང་ཀེའུ་ཡི་ངག་ཚིག་དེ་ལ་མཚོན་ན། ས་བབ་ཅུང་ཙམ་དམའ་བའི་རོང་ཁུལ་དུ་དར་ཁྱབ་ཆེ་བ་ལས་འབྲོག་ཁུལ་དུ་ཁྱབ་མེད་དོ། །
གཉིས། ངག་འཁོབ་པའི་ཚིག་གི་རྩེད་འཇོའི་རང་བཞིན།
        མིའི་བག་ཆགས་ཀྱི་རྒྱུད་ན་རང་གི་མོས་པ་དང་མཐུན་ཞིང་སྤྲོ་སྣང་ལ་ཕྱོགས་པའི་ཆ་ཞིག་ཡོད་པ་དང་། ལྷག་པར་དུ་བྱིས་པ་ལ་མཚོན་ན། བྱིས་དུས་ཀྱི་བློ་ནི་གངས་དཀར་པོ་ཇི་བཞིན་ལྷད་མེད་པ་ཞིག་ཡིན། བྱིས་པ་ཚོ་ལྷན་གཅིག་ཏུ་འཛོམས་ནས་རྩེད་མོ་སྣ་ཚོགས་རོལ་རྒྱུར་དགའ་ཞིང་། ངག་འཁོབ་པའི་ཚིག་ནི་བྱིས་པ་ཚོའི་དགོད་སྒྲ་དང་འབྲལ་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། བྱིས་པ་ཚོ་ངག་འཁོབ་པའི་ཚིག་ལ་སྤྲོ་བ་ཡོད་པ་ནི་སྨྲ་ལྕེ་སྦྱོང་བརྡར་བྱེད་ཆེད་མིན་པར་སྒྲ་ལོག་དོན་ལོག་ལས་བྱུང་བའི་དགོད་སྒྲའམ་རྩེད་འཇོའི་ཆ་དེ་ཡིན། རྩེད་འཇོའི་བརྒྱུད་རིམ་ཁྲོད་ནས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཤེས་བྱ་མང་པོ་ཞིག་རང་བཞིན་གྱིས་རྒྱུད་ལ་འཇགས་བཞིན་ཡོད།
གསུམ། ངག་འཁོབ་པའི་ཚིག་གི་རང་མོས་ཀྱི་ཆ།
        བྱིས་པ་ནི་རང་དབང་ཆེ་ཞིང་ཆོས་ཉིད་དམ་སྒྲིག་ལམ་མང་པོ་ཞིག་ལ་བསྟུན་མི་ཤེས་པ་ཇི་བཞིན། ངག་འཁོབ་པའི་ཚིག་ལ་མཚོན་ནའང་ཚིག་གི་ཆ་ཡ་སྡེབ་སྟངས་དང་། ཚེག་བར་མང་ཉུང་དང་བརྗོད་དོན་སོགས་ངེས་གཏན་མེད་པར་ཅུང་རང་དབང་ཆེ་ཞིང་། ཚིག་གི་སྡེབ་སྦྱོར་གཙོར་མི་འཛིན་པར་སྨྲ་ལྕེ་འཁོབ་མིན་དེ་གཙོར་འཛིན་བཞིན་ཡོད། འདི་སྲོལ་རྒྱུན་རྩོམ་རིག་གམ་དམངས་ཁྲོད་རྩོམ་རིག་གཞན་དང་མི་འདྲ་བའི་ཆ་དེ་ཡིན་པར་འདོད།
ལྔ་བ། མཇུག་བསྡུ་བ།
        དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ་གཞི་རིམ་དམངས་ཁྲོད་དུ་ངག་འཁོབ་པའི་ཚིག་བཀོལ་སྤྱོད་བྱེད་མཁན་ཡོད་རུང་། མིག་སྔར་དེ་བཀོལ་སྤྱོད་བྱེད་མཁན་གྱི་བྱིས་པ་ཧ་ཅང་ཉུང་ངུ་རེད། དེ་ནི་གཅིག་ནས་ད་ལྟའི་བྱིས་པ་ཚོའི་སློབ་སྦྱོང་གི་གནོན་ཤུགས་ལྕི་བ་དང་རྩེད་མོར་རོལ་བའི་ཁོམ་ལོང་མེད་པ། གཉིས་ནས་ཁྱིམ་དུ་བརྙན་འཕྲིན་སོགས་རྩེད་འཇོའི་རྣམ་གྲངས་མང་པོ་དར་བས་སྒོ་ཕྱི་ལ་རྩེད་རུ་འགྲོ་འདོད་མེད་པ། བཞི་ནས་ད་ལྟའི་བྱིས་པའི་བློ་དང་འཚམས་པའི་ངག་ཚིག་གསར་རྩོམ་བྱེད་མ་ཐུབ་པ་སོགས་རྐྱེན་གང་མང་ལ་འཕྲད་ཡོད། འདིར་བཀོད་ཡོད་པའི་དཔེར་བརྗོད་དག་ནི་ཨ་མདོ་རོང་ཁུལ་དུ་དར་ཆེ་བའི་ངག་ཚིག་འགའ་ཡིན་པ་དང་། བོད་ཁམས་ནི་ས་རྒྱ་ཆེ་ཞིང་། རོང་དང་འབྲོག རོང་མ་འབྲོག་སོགས་ས་ཆ་སོ་སོ་ན་དེ་འདྲའི་དཔེ་བརྗོད་མང་པོ་ཡོད་སྲིད་པས་མ་ཉམས་སྔོན་ལ་དེ་ཉིད་འཚོལ་སྡུད་དང་སྔོག་འདོན་བྱ་རྒྱུ་གལ་ཆེ་བར་འདོད། །
        2016ལོའི་《ཁ་བཏགས་དཀར་པོ།》དེབ་6པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1