ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-28


        

           སྤྱི་ཟླ12པའི་ཚེས26ཉིན་ནས་ཚེས27ཉིན་གྱི་སྔ་དྲོའི་བར། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཁྲེན་ཏུའུ་ནས་འཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་2016ལོའི་དཔལ་འབྱོར་ལས་ཀར་སྤྱི་བསྡོམས་དང་།  མིག་སྔར་གྱི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ། 2017ལོའི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་གྲོས་ཚོགས་ལ་ཞུགས།

           ཝང་ཏུང་མིང་གིས་ཚོགས་ཐོག་ཏུ་གསུངས་བཤད་གལ་ཆེན་གནང་བ་སྟེ། ད་ལོའི་དཔལ་འབྱོར་བྱ་བར་སྤྱི་བསྡོམས་དང་མིག་སྔར་གྱི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། སང་ལོའི་ཞིང་ཆེན་གྱི་དཔལ་འབྱོར་ལས་ཀའི་བསམ་ལམ་དང་སྤྱིའི་རེ་བ། སྔོན་དཔག་གི་དམིགས་འབེན་བཅས་གསལ་བོར་བྱས་ཏེ། དཔལ་འབྱོར་ལས་ཀའི་ལས་འགན་གལ་ཆེན་ལ་བཀོད་སྒྲིག་དང་། གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་དུ་བླང་བྱ་བཏོན།  དབྱིན་ལི་ཡིས་གསུངས་བཤད་ཁྲོད་དུ་སང་ལོའི་དཔལ་འབྱོར་བྱ་བར་སྤྱིའི་བཀོད་སྒྲིག་གནང་།
           ཚོགས་ཐོག་ཏུ་སང་ལོའི་དཔལ་འབྱོར་ལས་ཀའི་ལས་འགན་གལ་ཆེན་ཐད་དུ་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་སྟེ། གཅིག་ནི་ལོ་ཧྲིལ་བོའི་རྣམ་གྲངས་སོ་སོའི་ལས་ཀ་ཁག་དམ་འཛིན་ནན་མོ་བྱས་ནས། ནུས་ལྡན་གྱིས་མ་འཇོག་བྱས་ཏེ་བརྟན་བརླིང་ངང་འཕེལ་རྒྱས་དང་སྒྲིག་གཞི་སྙོམས་སྒྲིག་བྱེད་པའི་ཐད་དུ་ནུས་པ་འདོན་དགོས། གཉིས་ནི་མཛད་སྤྱོད་རྒྱ་བསྐྱེད་བྱེད་པའི་ལས་དོན་དམ་འཛིན་བྱས་ནས། དོན་དངོས་ཐོག་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཐད་དུ་སྐུལ་ཁྲིད་ཀྱི་ནུས་པ་འདོན་དགོས། གསུམ་ནི་དེང་རབས་ཐོན་ལས་རྩེ་གྲས་ཁག་འཕེལ་རྒྱས་གཏོང་བ་དམ་འཛིན་བྱས་ནས། ཐོན་ལས་གཞན་སྒྱུར་རིམ་འཕར་ཡོང་བའི་གོམ་སྟབས་མགྱོགས་སུ་གཏང་དགོས། བཞི་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟ་དམ་འཛིན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྣེ་ཁྲིད་བྱ་དགོས། ལྔ་ནི་ནུབ་རྒྱུད་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་གྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱ་དགོས། དྲུག་ནི་གསར་དར་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། བདུན་ནི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དམ་འཛིན་བྱས་ཏེ། ཧུར་ཐག་གིས་སྔར་ལས་མང་བའི་བསྒྱུར་བཅོས་ཀྱི་ཕན་པ་མཐོ་རུ་གཏང་དགོས། བརྒྱད་ནི་ཕྱི་ཕྱོགས་སྒོ་འབྱེད་དང་མཉམ་ལས་བྱེད་པ་དམ་འཛིན་བྱས་ནས། མུ་མཐུད་དུ་སྒོ་འབྱེད་རང་བཞིན་ལྡན་པའི་དཔལ་འབྱོར་གྱི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། དགུ་ནི་དབུལ་སེལ་འགག་སྒྲོལ་ཡོང་བར་དམ་འཛིན་བྱས་ནས། ཧུར་ཐག་གིས་མང་འཚོ་ལེགས་བཅོས་དང་འགན་ལེན་བྱེད་པར་ནུས་ཤུགས་འདོན་དགོས། བཅུ་ནི་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ་དམ་འཛིན་བྱས་ནས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ནུས་ཤུགས་འདོན་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1