ཀ་མེད་ཚེ་སྲོག་ཕྲ་མོར་མྱུ་གུ་ཙམ་འབུས་ནས།།
ཁ་ནས་ལྡབ་ལྡིབ་ཚིག་གི་སྙིང་བོ་ལ་བརྩོན་བཞིན།།
ག་ས་གང་དུ་འགྲོ་བའི་མ་འོངས་པའི་ལམ་ཁར།།
ང་འདྲའི་ཉམ་ཆུང་ཞིག་གིས་རྐང་རྗེས་ཤིག་བཞག་ཡོད།།
ཅ་ཅོའི་གཏམ་དང་ཁྲ་རིག་སྤྱི་ཚོགས་ཀྱི་འདུ་འཛི།།
ཆ་ཙམ་རྗེས་མངའ་མེད་ཀྱང་ཚེ་སྲོག་གི་འཁོར་ལོ།།
ཇ་མདོང་སྲུང་ལ་མི་སྤྲོ་འཇིག་རྟེན་གྱི་ལྟད་མོར།།
ཉ་མོ་ཆུ་ལ་འཁྱུག་ལྟར་གོམ་ཁ་རང་བསྒྱུར་འདོད།།
ཏ་ཀུ་ལག་རྟེན་རང་གི་སྡོངས་གྲོགས་སུ་གྱུར་དུས།།
ཐ་མར་སུན་ནས་ཐར་འདོད་ལམ་སྣ་ཞིག་བཙལ་ཡང་།།
ད་ལྟའི་མི་སེམས་བྲལ་བའི་མི་ཡུལ་གྱི་ཁམས་འདིར།།
ན་གཞོན་དར་མ་ཡིན་ཡང་རང་མོས་ཤིག་དཀའ་འདུག།
པ་ཏྲའི་རི་མོ་འདྲ་བའི་མ་འོངས་ཀྱི་བགྲོད་ལམ།།
ཕ་བཟང་བུ་ཁྱོད་ད་ནས་འབད་པ་ཞིག་མེད་ཚེ།།
བ་གླང་འོ་མ་ཁོ་ནས་རོ་བཅུད་ཀྱིས་བཟི་ན།།
མ་ལོའི་སེམས་པ་སླར་ཡང་ཁྱེད་དོན་དུ་སྐྱོ་དགོས།།
ཙ་རི་དབུས་གཙང་སྐོར་བའི་ཚ་གྲང་གི་མྱོང་བ།།
ཚ་ཚ་ཐུགས་རྟེན་ཞིག་གིས་སེལ་བ་དེ་དཀའ་མོད།།
ཛ་ཏིའི་ལོ་མ་བཞིན་དུ་དད་འདུན་དེ་སྐྱོངས་དང་།།
ཝ་ལེར་ཤར་བའི་ལམ་ཞིག་ང་ཅག་ཚོས་ལོས་རྙེད།།
ཞ་བོ་ཞ་ར་མིན་པའི་དེ་རིང་གི་ང་ཚོ།།
ཟ་ཟ་ཨ་མའི་སྙིང་གི་གཅེས་ཕྲུག་དང་རེ་བ།།
འ་ཅག་ཕུགས་རེ་ཅན་ལ་རེ་བ་ཞིག་བཅོལ་ན།།
ཡ་ཆུང་སེམས་པའི་སྟེང་ན་མནོ་བསམ་ཞིག་མེད་དམ།།
ར་རོ་བཟི་བོའི་གཏམ་འདྲའི་གོང་བརྗོད་ཀྱི་ཚིག་དག།
ལ་ལས་བལྟས་ན་ཚིག་གི་སྙིང་བོ་ཞིག་དབེན་ཡང་།།
ཤ་ཉེས་བལྟས་ན་སྙིང་བོ་ཨེན་ཙམ་ཞིག་ཡོད་འདྲ།།
གསལ་བོ་ཚིག་གི་སྙིང་བོ་མདུན་སྐྱོད་ཀྱི་འབོད་སྒྲ།
ཧ་ལེ་ཧོ་ལེའི་གཏམ་འདི་སེམས་པ་དང་འདྲེས་ནས།།
ཨ་མའི་བུ་མོ་ང་ཡིས་སྨྱུག་རྩེ་ནས་ཤོར་དུས།།
ཧ་ཧ་ཧོ་ཧོ་ཟེར་ནས་འཕྱ་བ་ནི་མ་བྱེད།།
ཨ་མའི་མ་ལོའི་སྙིང་གི་དྲི་མེད་ཀྱི་གཏམ་ཡིན།།