སྙིང་བོ་ཚེ་རིང་གླེང་དུས་མི་རྣམས་ཀྱི་ཡིད་ལ་ཐོག་མར་འཁོར་ཡོང་བ་ནི་གེ་སར་སྒྲུང་སྟེ། ཁོ་དངོས་སུ་མཐོང་མྱོང་མེད་རུང་སྒྲ་ཐག་བརྒྱུད་ནས་ཁོས་བཤད་པའི་གེ་སར་སྒྲུང་ལ་ཐེངས་མང་པོར་ཉན་མྱོང་བར་མ་ཟད། ཁོའི་སྙན་ཞིང་འཇེབས་པའི་སྐད་ངག་དང་གསལ་ལ་དག་པའི་ཚིག་འབྲུ་རེ་རེས་ཉན་མཁན་གྱི་ཡིད་ཀྱི་དང་བ་ཅིག་ཅར་དུ་ཕྲོགས་མྱོང་། རྗེས་སུ2005ལོར་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་དུ་ཁོས་བཤད་པའི་གེ་སར་སྒྲུང་གི་ལེ་ཚན་ཞིག་བཀོད་སྒྲིག་བྱས་པ་དང་། དེས་ཉན་མཁན་མང་ཚོགས་ཀྱི་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་ལ། ང་རང་ཉིད་ལའང་རྡོ་བརྐོས་རི་མོ་བཞིན་གྱི་བག་ཆགས་ཟབ་མོ་བཞག བག་ཆགས་དེའི་དབང་གིས། ལོ་འདི་འགར་སྙིང་བོ་ཚེ་རིང་གིས་གེ་སར་སྒྲུང་གི་སྐོར་ནས་ལས་ཅི་ཞིག་བགྱིས་པ་དང་འབྲས་བུ་ཅི་ཞིག་སྨིན་པར་གསར་འགོད་པས་མཐོང་ཐོས་མྱོང་གསུམ་བརྒྱུད་ནས་རྒྱུས་ལོན་བྱས།
སྙིང་བོ་ཚེ་རིང་ནི་ནམ་ཡང་གདོང་ལ་འཛུམ་གྱིས་ཁེངས་ཤིང་འདྲིས་སླ་བ། འཕྲད་མ་ཐག་ནས་ཀུ་རེ་རྩེད་མོ་ལ་དགའ་བའི་མི་སྣང་སྐྱིད་དེའི་རིགས་ཡིན་ཞིང་། 1974ལོར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འཁོར་གྱི་སྐྱིད་ཉིན་ལུང་ཞེས་པའི་འབྲོག་སྡེ་ཆེན་མོའི་ཡ་གྱལ་རྒྱ་ཡེ་སྡེ་བར་སྐྱེས་པ་དང་། ད་ལྟ་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་སའོ་ཀྲང་གཞོན་པའི་འགན་འཁུར་ཡོད། ཁོ་ནི་ཆུང་དུས་ནས་གླུ་ལེན་རྒྱུ་དང་སྒྲུང་བཤད་པར་སྤྲོ་བའི་མི་ཞིག་རེད། གསར་འགོད་པས་ཁོ་ལ་གླུ་དང་སྒྲུང་བཤད་པར་དེ་འདྲའི་སྤྲོ་བ་ཆེ་དོན་ནི་སུ་ཞིག་གི་སྐུལ་མ་བཏང་བའམ་ཡང་ན་ཤུགས་རྐྱེན་ཐེབས་པ་ཨེ་ཡིན་ཞེས་དྲིས་པར། ཁོས་ལོས་ཡིན། ཆུང་དུས་ཁོ་རང་གི་ཕ་ཡུལ་དུ་གླིང་སྒྲུང་བཤད་མཁན་གྱི་སྒྲུང་པ་ལྷ་ཆེན་རྒྱལ་ཟེར་བའི་ལོང་བ་ཞིག་ཡོད་ཅིང་། དེས་རྒྱུན་དུ་འབྲོག་པའི་རུ་ཁ་ཉུལ་ནས་གཅོད་འདོན་པ་སོགས་ཀྱི་རིམ་གྲོ་སྒྲུབ་པའི་ཞོར་དུ་མང་ཚོགས་ལ་གེ་སར་རྒྱལ་པོའི་སྒྲུང་ལས་འཇང་ཕྲུག་དང་ལྷ་གླིང་བཤད་པ་རེད། ད་དུང་ཨ་མ་ལྷ་རི་དང་སྙིང་ལྕགས་མཁར་ཟེར་བའི་མ་བུ་གཉིས་ཡོད་ཅིང་། དེ་མ་བུ་གཉིས་ཀྱིས་ཀྱང་ནུབ་ཚལ་འཐུང་རྗེས་རུ་སྐོར་ཁྱིམ་མཚེས་རྣམས་ལ་གླིང་སྒྲུང་བཤད་པའི་གོམས་སྲོལ་ཞིག་ཆགས་ཡོད། སྐབས་དེར་ནུབ་ཚལ་འཐུང་རྗེས་ཨ་མ་ལྷ་རི་ཚང་ལ་གེ་སར་སྒྲུང་ལ་ཉན་དུ་འགྲོ་རྒྱུར་རེ་བ་བྱས་བྱས་ཤིག་ཅི་ལའང་བྱས་མ་མྱོང་། རྗེས་སུ་ཨ་མ་ལྷ་རིས་ང་སྒྲུང་ལ་དགའ་བ་ཤེས་ནས«ཧོར་གླིང་གཡུལ་འགྱེད»ཀྱི་སྨད་ཆ་དང«སྟག་གཟིག་ནོར་རྫོང»གི་དཔེ་ཆ་ཞིག་ཀྱང་བྱིན་མྱོང་། དེའི་རྗེས་སུ་སྲིད་ཇུས་ཇེ་ལེགས་སུ་སོང་བར་བསྟུན་ཁྱིམ་ཚང་སོ་སོའི་དཔལ་འབྱོར་གྱི་ཆ་རྐྱེན་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་སོང་སྟེ། ཁྱིམ་ཚང་མང་ཆེ་བར་སྒྲ་སྡུད་འཕྲུལ་ཆས་རེ་ཡོད་པར་གྱུར་ཅིང་། སྒྲ་སྡུད་འཕྲུལ་ཆས་ལས་མདོ་སྨད་ན་མིང་དུ་གྲགས་པའི་སྒྲུང་པ་སྐལ་བཟང་གྲགས་པ་ལགས་ཀྱིས་བཤད་པའི«ཧོར་གླིང་གཡུལ་འགྱེད»གཏོང་བཞིན་ཡོད། སྐབས་དེར་སྒྲ་སྡུད་འཕྲུལ་ཆས་ནི་ང་རང་གི་རྩེད་རོགས་དང་འགྲོ་རོགས་ཁོ་ན་ཡིན་ལ། གེ་སར་སྒྲུང་ལ་ཉན་རྒྱུ་ནི་ངའི་སེམས་ནང་གི་ལོངས་སྤྱོད་ཅིག་ཡིན། ནམ་རྒྱུན་མཐོན་པོ་རྫ་དང་དམའ་མོ་སྤང་དུ་ནོར་ལུག་འཚོ་དུས་གེ་སར་སྒྲུང་དབྱངས་ལ་བཀུག་ནས་ཤེད་ཀྱིས་བླངས་མྱོང་། གཞན་དུས་ད་ལྟ་ཡང་ཡིད་ནས་བརྗེད་དུ་མེད་པ་ཞིག་ནི། ང་རང་ལོ་བཅུ་གཅིག་ལ་སོན་པའི་ལོ་དེའི་དགུན་ཁར་ངེད་ཚང་གི་བཟའ་མི་གང་བོ་སྟོད་ཉི་མ་ལྷ་སར་མཇལ་སྐོར་དུ་ཕྱིན་ལ། མེ་འཁོར་དུ་བསྡད་དེ་ན་གོར་མོར་བསྐྱོད་པའི་ལམ་བར་དུ་མི་མང་པོ་ཞིག་ལ་འདུག་སྟེགས་མེད་པར་ལངས་ནས་སྡོད་དགོས་པས། ང་ཚོ་བོད་མི་མང་པོ་ཞིག་འཁོར་སྒམ་གྱི་གྲུ་ཟུར་ཞིག་ཏུ་འཚོགས་ནས་བསྡད་པ་ཡིན། ཁ་དཔེར་ལམ་ཁ་ཐག་རིང་པོ་གཏམ་གྱིས་གཅོད་དགོས་ཟེར་བ་བཞིན་ང་ཚོས་གཏམ་སྣ་ཚོགས་ལབ་གླེང་བྱས་པ་ཡིན་ལ། བར་སྐབས་ཤིག་ཏུ་ལོ་བཞི་བཅུ་ཡས་མས་ལ་སོན་པའི་སྒྲུང་པ་ཞིག་གིས་སྙན་མོ་དབྱངས་ལ་བཀུག་ནས་སྒྲུང་བཤད་པ་ན། ང་ཚོ་ཚང་མ་དལ་ཅག་གེར་དེའི་མཐའ་རུ་བསྐོར་ཏེ་ཉན་བསྡད་པ་ཡིན། དེས་བཤད་པའི་སྒྲུང་ནི་ངེད་སྡེ་བའི་ཨ་ཁུ་ལྷ་ཆེན་རྒྱལ་དང་ཨ་མ་ལྷ་རི་སོགས་ལས་ཀྱང་སྙན་པོ་འདུག་ཨང་སྙམ་པའི་མོད་ལ། རང་ཉིད་ཀྱིས་ཀྱང་དུས་ནམ་ཞིག་ཆུ་བཞུར་བཞུར་གྱིས་སྒྲུང་བཤད་ཤེས་ན་ཅི་མ་རུང་སྙམ་པའི་སྨོན་པ་ཞིག་དབང་མེད་དུ་ཤོར་སོང་། ད་ལྟ་བསམས་ན། དེ་དག་ཡོད་ཚད་ཤེས་མེད་ཚོར་མེད་ཀྱིས་ངའི་སེམས་ཀྱི་ཟབ་སར་འཛུལ་ནས་དུས་ད་ལྟ་ཡང་ང་རང་གེ་སར་སྒྲུང་དབྱངས་ལ་འགུག་པ་དང་གེ་སར་སྒྲུང་ཡི་གེར་འགོད་པའི་ལས་འདིར་དགའ་བའི་རྒྱུ་རུ་གྱུར་པ་ཅི་ལ་མིན་ཨང་ཟེར། མི་ཞིག་གི་ཕུགས་བསམ་མངོན་འགྱུར་བྱེད་དགོས་ན་ཕྱི་ནང་གི་མཐུན་རྐྱེན་དང་རྩོལ་བ་གཉིས་ཀར་བརྟེན་དགོས་ལ། སྙིང་བོ་ཚེ་རིང་ལ་མཚོན་ནའང་དེ་ལས་མ་འདས། སྐབས་དེར་རོང་འབྲོག་ཁུལ་གང་ལ་མཚོན་ནའང་བྱིས་པ་སློབ་གྲྭར་སྐྱེལ་མཁན་གྱི་ཕ་མ་ཤིན་ཏུ་ཉུང་ཞིང་། ལྷག་ཏུ་འབྲོག་ཁུལ་ལ་མཚོན་ན་དེ་ལྟར་ཡིན།
ཡིན་ཡང་རྒྱ་ཡེ་ཕུན་ཚོགས་ལགས་ཀྱིས་སྙིང་བོ་ཚེ་རིང་གི་ཕ་མར་ཡང་ཡང་སློབ་གསོ་བཏང་མཐར། ཁོ་ལོ་ན་བཅུ་གཉིས་སུ་སོན་པའི་ལོ་དེར་ད་གཟོད་རྒྱ་ཡེ་མི་རིགས་བཅའ་སྡོད་སློབ་གྲྭར་འགྲིམ་པའི་སྐལ་བ་ལྡན་པ་དང་། དེ་ནས་རིམ་བཞིན་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དང་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་སོགས་འགྲིམས་ལ། སྐབས་དེ་དག་ཏུ་སློབ་གྲྭས་རིག་རྩལ་སྤྲོ་ཚོགས་ཀྱི་བྱ་འགུལ་ཅི་ཞིག་སྤེལ་ཀྱང་ཁོ་ལ་གེ་སར་སྒྲུང་བཤད་དུ་འཇུག་པའམ་ཡང་ན་གླུ་ལེན་དུ་འཇུག་རྒྱུ་ནི་རྒྱུན་སྲོལ་དུ་གྱུར་ཡོད། དེ་དང་བསྟུན་ནས་ཁོ་ལ་སྐད་ངག་སྙན་མོ་ཞིག་ཡོད་པ་ཡང་གཅིག་ཁ་བཅུ་དང་བཅུ་ཁ་བརྒྱ་ཡིས་ཁྱེར་ཏེ་ཡུལ་ལུང་ཀུན་ལ་ཁྱབ། 1992ལོ་སྟེ་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་འགྲིམ་པའི་ལོ་དེར་མཚོ་སྔོན་གེ་སར་སྒྲུང་ཞིབ་འཇུག་ཁང་དང་ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གཉིས་ཀྱིས་ཁོ་རང་བོས་ཏེ། «ཨ་སྟག་ལྷ་མོ»ཡི་སྒྲ་ཐག་པར་སྐྲུན་བྱས་པ་ལ་མང་ཚོགས་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་ཅིང་། དེ་ནི་ཁོ་རང་ལམ་འདིར་ཞུགས་པའི་ཐོག་མའི་སྟ་གོན་དུ་གྱུར།
བརྩོན་པའི་ས་བོན་ལ་འབྲས་བུའི་ལོ་ལེགས་སྨིན།
གེ་སར་སྒྲུང་གི་དབྱངས་རྟ་སྙན་མོ་ངག་ལ་བཀུག་ནས་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད། སྙིང་བོ་ཚེ་རིང་གིས་བསླབ་བྱ་སོ་སོར་ཡང་འབད་པ་ལྷུར་ལེན་བྱས་པས་སྦྱངས་འབྲས་མི་དམན་པ་ཐོབ། མཚོ་ལྷོ་མི་རིགས་དགེ་འོས་སློར་གྲྭ་འགྲིམ་དུས་གླིང་སྒྲུང་གི་སྐོར་ནས་དཔེ་ཆ་མང་དུ་བཀླགས་ཤིང་། གླིང་སྒྲུང་གི་གཏམ་རྒྱུད་རེ་རེ་དང་མི་སྣ་རེ་རེས་ཁོ་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཅི་རིགས་བྱིན་མྱོང་བས། ཁོས་སྔར་བཞིན་གླིང་སྒྲུང་བཤད་པའི་ཆེད་དུ་གླིང་སྒྲུང་བློར་འཛིན་པའི་སྦྱོར་བ་ཁོ་ན་མ་བརྩམས་པར། གཏམ་རྒྱུད་དེ་དག་གི་བྱུང་རིམ་དང་མི་སྣ་རེ་རེའི་ཁྱད་ཆོས་ཡང་ཡང་བསྡུར་མྱོང་བ་སོགས་ནི་ཁོ་ལ་རིམ་བཞིན་འགྱུར་ལྡོག་བྱུང་བའི་གོ་རིམ་ཡིན་ལ། དེ་སྔའི་གེ་སར་སྒྲུང་ལེན་རྐྱང་བྱེད་པའི་མི་ཞིག་ནས་གེ་སར་སྒྲུང་ལ་ཞིབ་འཇུག་གནང་མཁན་དུ་གྱུར་པའི་གོ་རིམ་ཡང་ཡིན།
གོ་སྐབས་ནི་གྲ་སྒྲིག་ཅན་ལ་དབང་ཞེས་པ་བཞིན། སྟབས་ལེགས་པ་ཞིག་ལ1996ལོར་ཁོ་རང་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་མཚོ་སྔོན་གེ་སར་ཞིབ་འཇུག་ཁང་ལ་ལས་བགོ་བྱས་པ་ནི་ཆར་བ་ཆུ་འཕྲད་དང་ཕྱར་བ་གྲུ་འདེགས་ཀྱི་དཔེ་རུ་སོང་ཞིང་། དེ་བས་ཀྱང་ཁོ་རང་ཉིད་ལས་དེར་སྤྲོ་བ་ཆེ་ཞིང་བརྩོན་སེམས་དྲག་པས། ལས་གཉེར་གྱི་ཞོར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རྒྱུགས་སྤྲད་དེ་མུ་མཐུད་དུ་སློབ་གཉེར་བྱེད་པའི་གོ་སྐབས་རེག་པ་ལ། ཁོས་རང་གི་ཆེད་ལས་ཤེས་བྱར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ། དགེ་རྒན་དམ་པའི་མཛུབ་སྟོན་འོག་གླིང་སྒྲུང་གི་སྐོར་ལ་སྔར་ལས་ཁྱབ་རྒྱ་ཆེ་བའི་སྒོ་ནས་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་མ་ཟད། ལོ་འདི་འགར་ཁོར་ཡང་གཞན་ལ་ངོམ་དུ་རུང་བའི་འབྲས་བུ་མི་དམན་པ་ཐོབ་ཡོད་དེ།«ཨ་སྟག་ལྷ་མོ»ཡི་སྒྲ་ཐག་པར་དུ་བསྐྲུན་པ་ནས་སྔ་གཞུག་ཏུ«འཇང་ཕྲུག»དང«དཔའ་གོང་བ་དགྲ་བཙན་ཐར་ཡག»«ཤན་འདན་ནང་འཁྲུག»«རྒྱ་ཕྲུག་ཐང་རྙེད»«ཨ་མ་འགོག་མོ»«སེང་ཆེན་མཆོད་སྤྲིན»སོགས་སྒྲ་ཐག་ཉི་ཤུ་ལྷག་པར་སྐྲུན་བྱས་པ་དང་། སྒྲུང་པ་གྲགས་ཅན་ཚེ་རིང་དབང་འདུས་ཀྱི་སྒྲུང་དཔེ«སྒ་སྡེ་ཤེས་རབ་ཁྲོ་རྫོང»དང«སེང་སྟག་དུང་དཀར་སྟག་རྫོང» གེ་སར་རྒྱལ་པོའི་སྒྲུང«བསྡུས་སྒྲུང་ནོར་བུའི་དོ་ཤལ»«དབུས་འཆི་བདག»སོགས་དཔེ་དེབ་མང་པོ་དག་སྒྲིག་བྱས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། ད་དུང«གླིང་སྒྲུང་ནང་གི་རྟའི་སྐོར་ལ་དཔྱད་པ»དང«གླིང་སྒྲུང་ལས་ལྷ་སྒྲུང་གི་གོ་དོན་ལ་རགས་ཙམ་དཔྱད་པ།» «གླིང་སྒྲུང་ལས་མདའ་འཕེན་རིག་གནས་ལ་རགས་ཙམ་དཔྱད་པ»«གླིང་སྒྲུང་ནང་གི་ལྷ་ཀླུ་གཉན་གསུམ་ལ་དཔྱད་པ»དང«གླིང་སྒྲུང་ལས་འཕྲོས་པའི་མདའ་གཞུའི་རིག་གནས་སྐོར་ལ་དཔྱད་པ»སོགས་དཔྱད་རྩོམ་ཉི་ཤུ་ལྷག«ཀྲུང་གོའི་བོད་ལྗོངས»དང«བོད་ལྗོངས་ཞིབ་འཇུག»སོགས་སུ་སྤེལ་ལ། གཞན་ཡང«གཅོད་པ་དོན་གྲུབ་དང་སྙིང་བོ་ཚེ་རིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས»དང«གླིང་གེ་སར་སྒྲུང་ལ་དཔྱད་པ་བློ་གསལ་ཡིད་ཀྱི་དགའ་སྟོན»སོགས་ཆེད་རྩོམ་དཔེ་དེབ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། གེ་སར་སྒྲུང་བྱིས་པའི་རྩོམ་རིག་དཔེ་ཚོགས«ལྷ་གླིང་གབ་ཙེ་དགུ་སྐོར»དང་གེ་སར་སྒྲུང་ཉིང་བསྡུས་དེབ«ཁ་ཆེ་གཡུ་རྫོང»«ཐོག་གླིང་གཡུལ་འགྱེད»སོགས་དཔེ་དེབ་མང་པོ་རྩོམ་སྒྲིག་བྱས་ལ། སྤྱི་ལོ1997ལོར་ཀྲུང་གོ་རིག་གནས་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། ཀྲུང་གོ་རིག་གནས་མཐུན་ཚོགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱིས་གླིང་སྒྲུང་ལ་བྱས་རྗེས་འཇོག་མཁན་གྱི་བྱ་དགའི་རྟགས་མ་གནང་བ་དང་། 1998ལོར་གེ་སར་སྒྲུང་བྱིས་པའི་རྩོམ་རིག་དཔེ་ཚོགས«ལྷ་གླིང་གབ་ཙེ་དགུ་སྐོར»ཞེས་པར “གཅིག་ཅན་ལྔ”ཡི་བཟོ་འགོད་བྱ་དགའ་དང་སྐབས་ལྔ་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ། 2005ལོར«གླིང་སྒྲུང་ནང་གི་རྟའི་སྐོར་ལ་དཔྱད་པ» ཞེས་པར་སྐབས་ལྔ་པའི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ། 2014ལོར«གླིང་གེ་སར་སྒྲུང་ལ་དཔྱད་པ་བློ་གསལ་ཡིད་ཀྱི་དགའ་སྟོན»ཞེས་པར་སྐབས་བདུན་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པ་སོགས་སྔ་གཞུག་ཏུ་གླིང་སྒྲུང་གི་སྐོར་ནས་བྱ་དགའ་བཅུ་གྲངས་ལྷག་ཐོབ་མྱོང་།
འབྲས་བུ་དེ་དག་ཀུན་གྱི་མིག་སྔར་བསྟར་བའི་ཞོར་དུ་ཁོས་སྔར་བཞིན་ལྟ་མཁན་དང་ཉན་མཁན་ཀུན་ལ་ངག་སྙན་མོ་དབྱངས་ལ་དྲངས་ནས་གེ་སར་སྒྲུང་བཤད་རྒྱུ་དེ་བརྗེད་མེད་དེ། སྒྲ་ཐག་མང་པོ་པར་སྐྲུན་བྱས་པའི་ཞོར་ལ། 2005ལོར་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་ལེ་ཚན་དུ་ཁོས་བཤད་པའི«འཇང་ཕྲུག»དང«དམྱལ་གླིང་མུན་པ་རང་གསལ»སོགས་བཏང་མྱོང་བ་དང་། མཚོ་སྔོན་བོད་སྐད་རྒྱང་སྒྲོག་ཁང་ནས«ཨ་སྟག་ལྷ་མོ»དང«སྒ་སྡེ་ཤེས་རབ་ཁྲོ་རྫོང»«ཤན་འདན་ནང་འཁྲུག»སོགས་བསྡོམས་པས་ཆུ་ཚོད100ལྷག་ལ་བཏང་མྱོང་།
ཁུར་དུ་ལྕི་བའི་འབྲས་བུ་དེ་ནི་སྙིང་བོ་ཚེ་རིང་གིས་རང་ཉིད་གེ་སར་སྒྲུང་ལ་ཉན་རྒྱུར་ཧ་ཅང་དགའ་བའི་བྱིས་དུས་ནས་རིམ་གྱིས་སྟོར་བའི་ས་བོན་ལ་སྨིན་པའི་འབྲས་བཟང་ཡིན་ལ། དེ་ནི་ཁོས་བཤད་པའི“གེ་སར་སྒྲུང་ནི་ངའི་རྒྱགས་ཕྱེ་ལྟ་བུ་ཡིན་ལ། གེ་སར་སྒྲུང་ཡོད་པས་ང་ལ་དེ་རིང་གི་འཚོ་སྟོབས་འདི་རྒྱས་ཤིང་། གེ་སར་སྒྲུང་ཡོད་པས་ངའི་འཚོ་བར་དོན་སྙིང་གིས་ཁེངས་ཡོད། ངས་གེ་སར་སྒྲུང་གླུ་རུ་བླངས་ནས་མི་གཅིག་ལ་སྤྲོ་བ་དང་དུངས་པ་སྟེར་ཐུབ་པ་དེ་ཡང་རང་གི་བདེ་སྐྱིད་དུ་བསྒོམས་ཡོད” ཅེས་པ་ནང་བཞིན། ང་ཚོ་སུ་ཡིན་ཡང་འཇིག་རྟེན་གྱི་བྱ་གཞག་མ་ལུས་རང་གཅིག་པུས་ཁུར་དུ་ལེན་པ་ནི་མི་སྲིད་མོད། འོན་ཀྱང་རང་གི་དགའ་ཁ་འཁྱེར་སོར་བསྟུན་ནས་སྣེ་གཅིག་ལ་ཤ་ཐང་རུས་ཐང་གིས་འབད་ན་ནམ་ཞིག་ཁྱེད་ལ་རྒྱལ་ཁ་དང་བདེ་སྐྱིད་ཐོབ་ངེས་ཡིན།
གླུ་ཨ་ལ་ལ་མོ་ངག་ལ་འགུག་བཞིན་མདུན་དུ་སྐྱོད་པ།
བཤད་མི་ཚར་གེ་སར་སྒྲུང་ལྟ་བུ་ཞེས་པ་བཞིན་གེ་སར་སྒྲུང་ལ་འཇུག་པ་ནི་བོད་རང་གི་མཚོན་བྱེད་དུ་གྲུབ་པའི་རིག་གནས་ཀྱི་རྫོང་མཐུག་པོ་ཞིག་ལ་འཇུག་པ་ཡིན་པས། དེ་ནི་བཤད་ནས་ཚར་རྒྱུ་ཞིག་དང་བྲིས་ནས་རྫོགས་རྒྱུ་ཡོད་པ་ཞིག་ཡིན་མི་སྲིད། དེ་བཞིན་སྙིང་བོ་ཚེ་རིང་ལ་མཚོན་ནའང་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་པ་ནི་ཁོའི་ཕྲག་ཏུ་བབས་པའི་བྱ་བའི་ལས་འགན་ཙམ་མིན་པར། ཁོས་ནམ་ཡང་ཤ་ཐང་རུས་ཐང་གིས་འབད་པའི་ཞིབ་འཇུག་གི་ཁ་ཕྱོགས་ཤིག་རེད། ཁོས་ནམ་ཡང་སྐད་སྙན་མོ་དབྱངས་ལ་བཀུག་ནས་ཉན་མཁན་དང་ལྟ་མཁན་ལ་གེ་སར་སྒྲུང་བཤད་ཀྱིན་གེ་སར་ཞིབ་འཇུག་གི་ལམ་དུ་འབད་འབུངས་ཀྱིས་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
བཅར་འདྲིའི་མཇུག་ཏུ་ཁོ་ལ་ཉེ་ཆར་ཁྱོད་ལ་གེ་སར་ཞིབ་འཇུག་གི་ཐད་ནས་འཆར་གཞི་ཅི་ཞིག་ཡོད་ཅེས་དྲིས་པར། “རྗེས་ཕྱོགས་སྟབས་འགྲིག་ན་གེ་སར་སྒྲུང་གི་དབྱངས་རྟའི་ཕྱོགས་ལ་ཞིབ་འཇུག་གནང་རྒྱུའི་འཆར་གཞི་རྟ་རྔ་ཙམ་ཞིག་སེམས་སུ་ཉར་ཡོད་ལ། དེའི་ཕྱོགས་ནས་ཐོད་བརྒལ་རེ་ཨེ་ཡོང་ལ་འབད་པ་བྱ་རྩིས་ཡོད། གེ་སར་ཞིབ་འཇུག་གི་སྐོར་ནས་སྟོང་ཆ་ཅི་ཞིག་བསྐངས་སོང་དང་བསྐང་རྒྱུ་ཞེས་ཁ་ཕོ་ཅི་ཡང་བསྒྲགས་མི་སྤོབས་མོད། འོན་ཀྱང་དེར་ལྷོད་མེད་དུ་འཇུག་རྒྱུ་ཡིན”ཞེས་ཁེངས་སྐྱུང་ངང་ལབ་བྱུང་།
རེད་དེ། སྙིང་བོ་ཚེ་རིང་ལྟ་བུས་སྐྱེས་བུ་གང་མང་ཞིག་གིས་དེ་ལྟར་གེ་སར་སྒྲུང་ལ་ཞིབ་འཇུག་གནང་ནས་གེ་སར་རིག་གནས་འཐུས་ཇེ་ཚང་དུ་གཏོང་བར་འབད་པ་བྱས་དང་བྱེད་མུས་སུ་ཡོད་ལ། སྒོས་སུ་སྙིང་བོ་ཚེ་རིང་གིས་སྒྲུང་སྙན་མོ་དབྱངས་ལ་བཀུག་ཅིང་ཚིག་བདེ་མོ་ངག་ལ་བརྒྱུས་ནས་ཉན་མཁན་མང་པོར་ཡིད་འགུལ་ཐེབས་སུ་བཅུག་མྱོང་ལ། རྗེས་ཕྱོགས་ཀྱང་ཁོས་དེའི་ཐད་ལ་དང་བ་དང་བརྩོན་པ་མ་ལྷོད་པར་སྔར་ལས་གྲུབ་འབྲས་མང་པོ་བླངས་ནས་གླིང་སྒྲུང་ཞིབ་འཇུག་གི་ལས་དོན་ལ་བྱས་རྗེས་མི་དམན་པ་འཇོག་པའི་རེ་འདུན་སྙིང་ནས་ཞུ་ཞེས་གནས་ཚུལ་ཐུང་ངུ་འདི་བྲིས་ནས་རྫོགས་ལ་ཉེ་དུས་ཁོའི་སྒྲུང་གླུ་སྙན་མོ་དག་ཡང་བསྐྱར་རྣ་ལམ་དུ་འཁོར་འོངས།
(རྩོམ་ཡིག་འདི་མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས་པ་ཡིན།)