༄༅།། གནས་མཆོག་མ་ཎི་རང་བྱོན་གྱི་ནང་བཅུད་ཡིད་ལྷུང་ལྷ་མཚོ།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-09


ཡིད་ལྷུང་ལྷ་མཚོ།
        ཡིད་ལྷུང་ལྷ་མཚོ་ནི་སྡེ་དགེ་སྤར་ཁང་ཆོས་མཛོད་ཆེན་མོ་ནས་ཤར་གྱི་ཕྱོགས་སྤྱི་ལེ་བརྒྱ་ཙམ་གྱི་མཚམས་ཁྲོ་ཟིལ་ཕྲམ་རྡོ་རྗེ་གཡུང་དྲུང་དང་། རྡོར་རྒྱལ་མུ་ནམ་མཆེད་བརྒྱད། རུ་དམ་གནས་སོགས་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་ཁྲོན་བོད་གཞུང་ལམ་གྱི་ཉེ་འགྲམ་ལ་ཡོད། དེང་སྡེ་དགེ་རྫོང་མ་ཎི་གད་མགོ་ཡུལ་ཤོག་ཁྲོ་པ་གྲོང་སྡེར་གཏོགས། མཚོ་ཁ་ལྷོ་བྱང་རྒྱ་ཆེ་ལ་ཤར་ནུབ་རྒྱ་ཆུང་། 
        རྒྱ་ཁྱོན་མུའུ་4080ལ་ཆ་སྙོམས་ཀྱིས་ཟབ་ཚད་སྤྱི་ཁྲི་10ལྷག་ཙམ་ཡོད་ཅིང་། རྒྱ་ཆེ་ཞིང་མཛེས་ཉམས་ལྡན་པ། མཚོ་ཆུ་དང་འཁྱག་ཀློང་། གངས་རི། ནགས་ཚལ། རྩྭ་ཐང་བཅས་མཛེས་ཉམས་ལྡན་པས་ཀུན་གྱིས་མཛེས་པའི་ལྷ་ཡུལ་རེད་ཅེས་བསྟོད་བསྔགས་བྱས།

        གནས་མཆོག་མ་ཎི་རང་བྱོན་གྱི་ཁ་བྱང་དཀར་ཆག་མཐོང་ཐོས་ཀུན་གྲོལ་ཞེས་བྱ་བ་ལས། རིག་འཛིན་རྒྱལ་ཀུན་འདུས་པ་གུ་རུ་རྗེ། །ཁ་བ་ཅན་དུ་གདུལ་བྱའི་དཔལ་དུ་ཤར། །དུས་གསུམ་སངས་རྒྱས་རྣམས་དང་བཀའ་བགྲོས་ནས། །འགྲོ་ལ་བརྩེ་བའི་ཐབས་མཁས་གང་འདུལ་གྱི། །གངས་ལྗོངས་མདོ་ཁམས་སྟོད་སྨད་ཞབས་ཀྱིས་བཅགས། །ཁྱད་པར་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་། སྦས་ཡུལ་རཀྨོ་རྫོང་དུ་བྱིན་གྱིས་བརླབས། །རུ་དམ་གངས་ཀྱི་ར་བ་སྒྲུབ་པར་མཛད། །ནང་བཅུད་གནས་མཆོག་མ་ཎི་རང་བྱོན་ལ། །འཕགས་པ་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས། །གསུང་མཆོག་རྣམ་གསུམ་ཡིག་དྲུག་རང་བྱོན་བཀྲ། །ཕྱག་རྒྱ་སྐུ་དང་ཐུགས་རྟགས་ཕྱག་མཚན་འཆར། །རབས་འབྱམས་དཀྱིལ་འཁོར་རྒྱ་མཚོ་ཞི་དང་ཁྲོ། །སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན། །ལྷ་དང་མིའི་དཔའ་བོ་མཁའ་འགྲོའི་ཚོགས། །གནས་ཡུལ་ལྷུན་ཆགས་བཀོད་པར་རང་བྱུང་རྫོགས། །དག་པའི་ཞིང་ཁམས་སྟོང་གསུམ་ཁྱོན་དུ་བརྡལ། །ཕྱག་དང་བསྐོར་བ་བཀུར་སྟིའི་ཕུ་དུད་བྱེད། །སྒྲུབ་པར་འབྲེལ་ཚད་བྱང་ཆུབ་ས་བོན་ཐེབས། །རབ་འབྲིང་ཐ་མའི་འཆི་བྲོད་གདེངས་ཚད་རྙེད། །ནད་གདོན་བར་ཆད་དགྲ་འདྲེའི་བདུད་ལས་རྒྱལ། །མར་འགྲིབ་བསྐལ་པའི་རྐྱེན་ངན་གསུམ་ལས་གྲོལ། གསོལ་བཏབ་སྨོན་ལམ་བསམ་པ་ཡིད་བཞིན་འགྲུབ། འགྲོ་རྣམས་འབྲེལ་ཚད་ཐབས་ཤེས་ཟུང་འཇུག་གིས། ཟབ་རྒྱའི་ཚོགས་བསགས་སྒྲིབ་སྦྱོང་མཆོད་པའི་ཞིང་། །འགྲོ་དོན་སྒོ་འཕར་སྟོང་གི་ལྡེ་མིག་བཀྲོལ། །ཕན་བདེའི་དཔལ་འབྱོར་ལེགས་ཚོགས་འཕེལ་བའི་གཞི། སྙིགས་མའི་མུན་སེལ་འོད་ཟེར་འབུམ་གྱི་གཟིའི། །དགའ་སྟོན་རོལ་པའི་ཉི་མ་འདི་ནས་འཆར། །འགྲོ་ཁམས་ལྷ་མི་ཀུན་གྱིས་སྤྲོ་བར་གྱིས། །ཞེས་པ་དང་། མདོ་སྨད་ལྗོངས་ཀྱི་དཀར་ཕྱོགས་སྐྱོང་བའི་ཟོ་དོར་རྒྱལ་པོ་ཁྲོ་ཟིལ་ཕྲམ་རྡོ་རྗེ་གཡུང་དྲུང་འཁོར་དང་བཅས་པའི་བསང་མཆོད་ཀྱི་ཆོ་ག་དགེ་ལེགས་ཆར་འབེབ་ཞེས་བྱ་བ་ལས། གཞན་ཡང་ཟིལ་ཕྲམ་གཉན་གྱི་བཀའ་འཁོར་དུ། །སྣ་ཚོགས་ལས་ཀྱི་གཙུག་ལག་དེ་དང་དེར། །རྣམ་པར་སྒྲིན་པོའི་བློ་དང་ནུས་པའི་མཐུ། །དཔའ་རྩལ་ཐོགས་མེད་འཁོར་ཚོགས་བགྲང་ཡས་རྣམས། །ལྗོངས་ཀྱི་ཐིགས་ལེའི་ཉེ་ཀོར་འཁོར་ཡུག་གི། འདོད་དགུ་འབྱུང་བའི་ཆུ་གཏེར་ཆུ་མིག་དང་། །གངས་རི་སྤང་རི་བྲག་རི་ནགས་ཚལ་ཀླུང་། །བརྟེན་པར་བཅས་པའི་ལྷ་ཀླུ་གཞི་བདག་བཅས། །རང་རང་ཆ་ལུགས་རྒྱན་སྤྲས་འཁོད་པར་འགྱུར། །ཡང་། ཀྱེེ། ཁྱེད་རྣམས་དགྱེས་པའི་མཐུན་རྫས་འབུལ་བ་ནི། །ཡིད་འོང་གཟུགས་མཆོག་སྙན་འཇེབས་རོལ་མོའི་སྒྲ། །ཞིམ་པའི་དྲི་བསུང་རོ་དྲུག་བཅུད་ཀྱི་ཟས། །སྣ་ཚོགས་དར་གོས་བརྒྱ་བྱིན་ཚོན་ལྟར་བཀྲ། །ཤིས་པའི་རྟགས་བརྒྱད་མི་དབང་རིན་ཆེན་བདུན། ཅི་འདོད་རེ་སྐོང་དཔག་བསམ་བུམ་པ་བཟང་། །སྤུ་སྡུག་གོམ་སྟབས་མཁས་པའི་རྟ་མཆོག་དང་། །གཡག་ལུག་ར་སྐྱེས་འདོད་འཇོ་བཞོན་མའི་རིགས། །རིགས་མཐུན་ཁྱུ་ནང་རྩེ་བའི་རི་དྭགས་རྣམས། །གཟུགས་མཛེས་མིག་གི་ཨུཏྤལ་ཕྱོགས་སུ་གཡོ། །འདབ་བཟང་དབང་པོ་ཁུ་བྱུག་བྱ་རྒོད་སོགས། །འཕུར་ལྡིང་མཁའ་ལ་བསྒྱུར་མཁས་དུ་མ་དང་། །གདོང་ལྔ་པ་དང་སྟག་གཟིག་དོམ་དྲེད་ཀྱིས། ཉེར་མཚོན་མཆེ་སྡེར་རྣོ་བའི་ཁེངས་ལྡན་རིགས། །འདོད་དགུ་འཛད་མེད་འབྱུང་བའི་གཏོར་མ་དང་། །དཀར་མངར་ཕྱེ་མར་རི་བོའི་སྤོ་དང་མཉམ། །ཇ་བཟང་ཆང་གི་བཏུང་བའི་ཆུ་གཏེར་འཁྱིལ། །ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་བའི། དབྱར་སྐྱེས་གཞོན་ནུ་སྤོས་དང་ལྷན་ཅིག་ཉིད། །བསྲེག་པའི་དུད་སྤྲིན་ཉེས་པ་ཀུན་སྦྱངས་ཤིང་། །འདོད་པའི་ཡོན་ཏན་རྟག་འཇོའི་མཆོད་སྤྲིན་འདིས། །དཀར་ཕྱོགས་སྐྱོང་བའི་ཟོ་དོར་ཡོངས་ཀྱི་རྗེ། །ཟིལ་ཕྲམ་རྡོ་རྗེ་གཡུང་དྲུང་བསང་ཞིང་མཆོད། །སྲས་དང་བཙུན་མོར་གཏོགས་པ་བསང་ཞིང་མཆོད། །མ་སྲིང་བཀའ་ཡི་འཕྲུལ་བློན་བསང་ཞིང་མཆོད། །བྲན་དང་ཡང་བྲན་བཅས་པ་བསང་ཞིང་མཆོད། །དེང་འདིར་མཆོད་པའི་མགྲོན་དུ་གཉེར་རོ་ཅོག ཅི་འདོད་འཛད་མེད་དཔལ་ལ་སྤྱོད་གྱུར་ཅིག

གཙང་ཆུའི་འགྲམ་གྱི་མ་ཎི་རྡོ་བརྐོས།
        ཅེས་སོགས་ཡིད་ལྷུང་ལྷ་མཚོའི་གཡས་གཡོན་མདུན་རྒྱབ་ཕྱོགས་སུ་སྤྱན་རས་གཟིགས་དང་སྒྲོལ་མ་དཀར་མོའི་སྐུ། རང་བྱོན་གཟུངས་སྔགས་མ་ཎི་ཡིག་དྲུག་དང་། ཨཱརྱ་ཏ་རེ། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། ནོར་བུ་ཆ་བདུན། བདེ་བྱེད་བརྩེགས་པ་སོགས་མཆོད་རྟེན་ཆེན་པོ་བརྒྱད་དང་ནོར་བུ་ཆ་བདུན། གཡུང་དྲུང་དགའ་འཁྱིལ་ལ་སོགས་པ་རི་བྲག་ས་རྡོ་ཀུན་ལ་སྐྱོ་འབུར་དུ་དོད་པའི་རང་བྱོན་བརྗོད་ལས་འདས་པ་གྲངས་མེད་པར་བཞུགས་པ་ལ་ཕྱི་གནས་ནང་གནས་བརྒྱ། སྦས་ཡུལ་སྦས་ལུང་བརྒྱ། སྒྲུབ་གནས་དང་སྒྲུབ་ཕུག་བརྒྱ། གནས་དང་གནས་ལག་སྟོང་དང་རྩ་གཉིས་སུ་བཞུགས་པར་གསུངས།
        དེའང་ཡིད་ལྷུང་མ་ཎི་གད་མགོ་དང་ཡིད་ལྷུང་ལྷ་མཚོ་ཞེས་པའི་མིང་དོན་ནི། མ་ཎི་ཞེས་པའི་སྒྲ་ཐད་ཀར་བསྒྱུར་ན་ནོར་བུ་ཞེས་བྱའོ། །ས་ཆ་འདིར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རི་བྲག་ས་རྡོ་ཀུན་ལ་སྐྱོ་འབུར་དུ་དོད་པའི་རང་བྱོན་བརྗོད་ལས་འདས་པ་ཡོད་པའི་ཆ་ནས་མ་ཎི་གད་མགོ་ཞེས་ཐོག ཡིད་ལྷུང་ཞེས་པ་ནི་སྤྱིར་ཡིད་ནི་ཡུལ་ཤེས་པའི་ཆ་ནས་བཞག་པའི་རྣམ་ཤེས་ཏེ། སེམས་དང་བློ་དང་སྙིང་དང་ཡིད་ཞེ་རྣམས་དོན་གཅིག ལྷུང་ནི་ལྷུང་པ། ལྷུང་བ། ཟག་པ་བཅས་ཀྱི་དོན་ཏེ། འདིར་སེམས་ཆགས་པའམ་ཡིད་ལྷུང་བའི་དོན་ཡིན། དེའང་སུ་གང་ལ་ཡིད་ཆགས་པ་རེད་ཟེར་ན། སྔོན་སྐྱ་ལོ་སེང་ལྕམ་འབྲུག་མོ་སེང་འབྲུག་སྟག་རྩེར་བཞུགས་སྐབས། གནས་མཆོག་མ་ཎི་རང་བྱོན་ལ་ཕེབས་ཏེ། གནས་དེ་ཡི་འཁོར་གྱི་རི་ཚོགས་ལ་བདུད་རྩི་བསང་གི་མཆོད་པ་འབུལ། གནས་འདི་ནས་ལྟ་བའི་མཚོ་ཆེན་པོ་ཤེལ་དཀར་པོའི་མེ་ལོང་བཞེང་འདྲའི་ནང་དུ་སྐྲ་ཉག་མ་རེ་རེ་གཉིས་གཉིས་མཐོར་ཤོར་བ་དེ་ནི་འབྲུག་མོ་ང་མཚོ་ལ་ཞེ་ཆགས་པ་དང་། ང་ཡི་བླ་མཚོར་གྱུར་ལ་མཚོ་བདག་རྗེ་བཙུན་སྒྲོལ་མ་ཡིན་གསུངས། སྔོན་ཁྲོ་མཚོ་ཟེར་བའི་མིང་དེ་ནས་བཟུང་ཡིད་ལྷུང་བླ་མཚོ་ཟེར་བའི་སྲོལ་དང་བླ་ཞེས་པའི་སྒྲ་ཟུར་ཆགས་པས་ལྷ་ཞེས་འབོད་སྲོལ་ཆགས། ཞེས་ཡུལ་མི་དག་གི་ངག་རྒྱུན་དུའོ། །དེ་མིན་ཡུལ་ལུང་འདིར་འབྲུག་མོའི་མཚེར་ཤུལ་དང་ཨ་ཁུ་ཁྲོ་ཐུང་གི་མཁར་ཤུལ་ངོ་མཚར་ཅན་སོགས་དེང་དུས་ཀྱི་ས་མིང་དུ་ཆགས་པ་མང་པོ་ཡོད།

        དེ་ལྟར་ཡིད་ལྷུང་མ་ཎི་གད་མགོ་དང་། ཡིད་ལྷུང་ལྷ་མཚོ། ཁྲོ་ལ་གསུམ་གཅིག་ལ་གཅིག་འབྲེལ་དུ་གནའ་ནས་ད་བར་ཁྲོན་བོད་མཐོ་སྒང་དུ་ཆགས་ཤིང་། དེ་ཕྱོགས་ཀྱི་ཡུལ་མཛེས་ཤིང་ཡིད་དུ་འོང་བའི་རི་བྲག་ས་རྡོ་ཁྱད་མཚར་ཅན་རྣམས་སངས་རྒྱས་ཆོས་ལུགས་རྒྱབ་ལྗོངས་སུ་བྱས་ནས་སྔོན་བྱོན་མཁས་གྲུབ་མང་པོ་ཞབས་ཀྱིས་བཅགས་ཏེ་གནས་སྒོ་ཕྱེས་ཤིང་བྱིན་གྱིས་བརླབས་ཏེ། མིའི་ནུས་པས་རང་བྱུང་ཁམས་འདུལ་མི་ཐུབ་ཀྱང་། ཆོས་ལ་དད་པའི་བསམ་བློས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ནུས་པས་ཡུལ་དེའི་ཁོར་ཡུག་དང་སྐྱེ་དངོས་སྣ་ཚོགས་སྲུང་སྐྱོབ་བྱས་ཏེ་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱས།

ཡིད་ལྷུང་ས་ཆའི་འབྲུག་མོའི་ཆང་དོང་།

        དེའང་གནའ་སྔ་མོ་བྱང་གི་ས་ཕྱོགས་སུ་ཨ་དཀར་བྱང་བ་ཞེས་པའི་མི་དཔའ་རྩལ་སྟོབས་ཤུགས་ཅན་ཞིག་ཡོད་པ་དེ་སྒ་སྐྱ་ལོ་ཕྱོགས་ཆེན་བཅོ་བརྒྱད་ཅེས་པའི་ཡུལ་ཚོ་ཆེན་ཞིག་ལ་ཐོན། ཡུལ་དེའི་སྡེ་པས་མི་དེ་སྡེ་དཔོན་དུ་མངའ་གསོལ། གནས་སྟོད་རྡོ་རྒྱལ་ཚང་གི་བུ་མོ་མེ་ཏོག་སྒྲོན་ཟེར་བ་དེ་བཙུན་མོར་བསུས། དེ་ལ་སྲས་གསུམ་བྱུང་བ་ལས། ཆེ་བ་ལ་སྐྱ་ལོ་བསྟན་པ་རྒྱལ་མཚན་དང་། འབྲིང་བ་ལ་སྔོ་ལོ་དཔལ་བསྟན་འབུམ་དགའ། ཆུང་བ་ལ་གྲོ་ལོ་ཚེ་རིང་དབང་འབུམ་ཞེས་གྲགས། དེ་ནས་དཔོན་མི་དྲག་ཨ་དཀར་བྱང་བ་ཟེར་བའི་སྙན་གྲགས་དེ་ཤར་རྨ་ཡུལ་གླིང་དཀར་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་ཐོས། དེ་དུས་ཁོང་ལ་ལྷ་ཡིས་ལུང་བསྟན་བྱུང་སྟེ། ཨ་དཀར་བྱང་བ་ཟེར་བའི་སྐྱ་ལོ་སྡེ་པ་དང་གླིང་དཀར་གཉིས་ཉེ་འབྲེལ་གྲ་སྡེ་བྱེད་དགོས་ཡོད། དེ་བས་འདུན་མ་དར་གྱི་གཏམ་པ་ཞོག མ་འོངས་སྐལ་པ་དུས་ཀྱི་ཁུག་སོ་ལ་འཛམ་གླིང་བདེ་ལ་བཀོད་པའི་དུས་ཤིག ལྷ་ཡི་སྲས་ཞིག་བཀའ་ལྟར་གླིང་ལ་འཁྲུངས་རྒྱུ་ཡོད། དེ་དུས་ཉེ་འབྲེལ་སྐྱ་ལོ་མ་གཏོགས་མེད་ཐབས་མེད། ཅེས་སོགས་གསུངས། དེ་ནས་ལོ་ཞིག་ལ་ལྷོ་ཡི་རྒྱལ་པོ་བསྲན་འཛིན་རྡོ་རྗེ་ཡི་དམག་དཔུང་ཤར་གླིང་དཀར་སྟོད་ལ་བབས་ནས། གཡུལ་འཁྲུགས་དྲག་པོ་བྱས་མཐར་ཨ་དཀར་བྱང་ཁོང་ལྷོ་བློན་མི་ཁྲི་ཆུང་བཟང་གིས་བཀྲོངས། དེ་ནས་ཕ་རྒྱུད་བུ་ཡིས་འཛིན་པ་ལ་བུ་གསུམ་གྱི་ནང་ནས་སྐྱ་ལོ་བསྟན་པ་རྒྱལ་མཚན་ཁོང་དཔའ་རྩལ་སྟོབས་ཤུགས་དང་། ཐབས་དང་ཤེས་རབ་གང་གི་ཐད་ནས་ཀྱང་ཕུལ་དུ་བྱུང་བས་སྐྱ་ལོ་སྡེ་དཔོན་ལ་མངའ་གསོལ་ནས་མི་རིང་བར་འོག་དུང་སྐྱོང་ཀླུ་ཡི་སྲས་མོ། ལྷ་ནོར་རྒྱུན་མ་ཡི་རྣམ་སྤྲུལ། ཀླུ་མོ་རྨ་བྱ་མཛེས་ལྡན་བཙུན་མོར་བསུས། དེ་ནས་ཤིང་མོ་ལུག་གི་གནམ་ལོ། དགུན་ལོ་གསར་ཚེས་པ་གསུམ་གྱི་ནངས་མོ། མཁར་རྩེ་ཉི་མ་ཤར་བ་དང་ལྷན་དུ། མ་ཡུམ་ཆེན་རྨ་བྱ་མཛེས་ལྡན་ལ་བུ་མོ་དུང་གི་མེ་ཏོག་འདྲ་བ་ཞིག་སྐུ་འཁྲུངས། ལྷ་ཨོ་རྒྱན་པདྨའི་སྐུ་མདུན་མ་རྗེ་བཙུན་སྒྲོལ་མས་ཁས་བླངས་ཏེ་མི་ཡུལ་ལ་འཁྲུངས་པའི་སེང་ལྕམ་འབྲུག་མོ་དེ་ཡིན་ནོ། །ཞེས་སོགས་འཁྲུངས་པའི་རྟེན་འབྲེལ་དང་ལུང་བསྟན་མང་པོ་གསུངས། དེ་ནས་སྐྱ་ལོ་སེང་ལྕམ་འབྲུག་མོ་དགུང་ལོ་ཉེར་ལྔའི་དུས་སུ་བབས་པ་ཡར་ངོའི་ཚེས་བཟང་གི་དུས་ལ། གླིང་དཀར་སྟོད་ཀྱི་ས་ཆ་ཕོ་བྲང་སེང་འབྲུག་སྟག་རྩེར་འཛམ་གླིང་གེ་སར་རྒྱལ་པོའི་བག་མར་ཕེབས། དེ་ནས་མོས་འཛམ་གླིང་གེ་སར་རྒྱལ་པོ་དང་མཉམ་དུ་རྟ་རྒྱུགས་དང་རྒྱལ་སྟོན་སོགས་མཛད་པ་མཐར་ཕྱིན་ཏེ། ཤར་མདོ་ཁམས་གླིང་དུ་རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་ཞེ་བཞི། རྫོང་ཕྲན་ང་བཞི། རྫོང་འབྲིང་སོ་དགུ། གཡུལ་འགྱེད་གྲངས་མང་རྒྱལ་ཁ་བླངས། མཐར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ལུང་བསྟན་ལྟར་དགུང་ལོ་བདུན་བཅུ་དོན་བརྒྱད་དགུན་ཟླ་དང་པོའི་ཚེས་ལྔ་ཡི་སྔ་མོ་ནམ་མཁའ་ལངས་པའི་སྐབས་དེར། གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། མ་རྗེ་བཙུན་སྒྲོལ་མའི་དཀར་མོ་ཡི་རྣམ་སྤྲུལ། སྐྱ་ལོ་སེང་ལྕམ་འབྲུག་མོའི་སྐུའི་འགྲོ་དོན་རྫོགས་ནས། འཇའ་ལམ་དར་ཐག་གི་བརྒྱུད་ནས་སྟེང་ལྷ་ཡུལ་དུ་ཕེབས་སོ། །གེ་སར་ནོར་བུ་དགྲ་འདུལ་དེ་ཤར་རྨ་རྒྱལ་ཕོ་ལྷ་གནམ་རྫོང་ལ་གུ་རུ་དྲག་པོའི་འཚམས་བཞུགས་སོ། །ཞེས་བཅས་སྐྱ་ལོའི་རྣམ་ཐར་སོགས་ལས་རྒྱས་པ་ཤེས་པར་བྱའོ། །  

        2017ལོའི་《གངས་ལྗོངས་ཉི་གཞོན།》དེབ་དང་པོ་ལས་བཤུས། 

ཡིད་ལྷུང་ལྷ་མཚོའི་འགྲམ་གྱི་མ་ཎི་རྡོ་བརྐོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1