གླེང་སློང་བའི་གཏམ།
ངའི་པིར་མིང་ལ་ཤར་ལུང་དཔལ་ཆེན་ཟེར། དགེ་རྒན་བརྩོན་འགྲུས་རྒྱ་མཚོ་ནི་ང་དང་སྡེ་བ་གཅིག་གི་མི་ཡིན་ལ། ཚོ་བ་གཅིག་གི་མི་ཡང་ཡིན། ཚོ་བ་གཅིག་ནང་སྐྱེས་པའི་དགེ་རྒན་འདིས་ང་ལ་ལོ་རིམ་དང་པོ་ནས་ལྔ་པའི་བར་བོད་ཡིག་ཁྲིད་མྱོང་བར་མ་ཟད། སློབ་ཆེན་དུ་ཞུགས་མ་ཐག་ཀྱང་ངའི་འཛིན་བདག་བྱས་མྱོང་།
ང་སློབ་ཆེན་མཐར་ཕྱིན་ཏེ་རང་ཞིང་གི་བོད་ཡིག་གསར་འགྱུར་ཁང་དུ་ལས་བགོ་བྱས་མཚམས་ནས། བདག་གིས་ང་ཚོ་ཤར་ལུང་ཚོ་དྲུག་སློབ་ཆུང་འགྲིམས་མྱོང་བའི་སློབ་མ་རྣམས་ཀྱི་སེམས་ནང་དུ། མར་མེ་ཚེ་འབར་བཞིན་དུས་ནམ་ཡང་གསལ་ལེར་མངོན་པའི་སློབ་གཙོ་གངས་ལྷ་མེ་ཏོག་གཙོར་བྱས། དགེ་རྒན་དག་གི་མཛད་བཟང་ནི་གསར་འགྱུར་རྒྱས་པ་ཞིག་གམ། ཡང་ན་དངོས་བྲིས་རྩོམ་རིག་གི་ལམ་ནས་འབྲི་འདོད་སྐྱེས་བྱུང་། སྒྲུབ་སྙིང་ཆེ་བའི་ལས་ཀ་དེ་འཐུས་ཚང་ཡོང་བར། ངས་སློབ་གཙོ་མོ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་སྣ་ཚོགས་འཚོལ་སྡུད་བྱས་ལ། ལྷག་པར་ཡིག་ཐོག་ཏུ་བཀོད་པའི་འཕྲིན་གསར་སོགས་ལ་དང་དོད་བྱས་མྱོང་། དགེ་རྒན་བརྩོན་འགྲུས་རྒྱ་མཚོའི་ངག་སྒྲོས་སུ། སྔོན་ཆད་ང་ཚོའི་ལས་ཁུངས་ཀྱི་གསར་འགོད་པ་འགའ་རེས་སློབ་ཆུང་འདི་དང་། སྒོས་སུ་སློབ་གཙོ་མོའི་མཛད་བཟང་དག་རྒྱ་ཡིག་གི་ལམ་ནས་བྲིས་ཏེ་ཚགས་པར་སྟེང་བཀོད་མྱོང་ཟེར་ཡང་། ཡིད་ཕངས་པ་ཞིག་ནི་བདག་གིས་དེ་རྣམས་ཇི་ལྟར་བཙལ་ཀྱང་ལག་སོན་མ་བྱུང་།
དགའ་འོས་པ་ཞིག་ནི། ང་ཕ་ཡུལ་དུ་འཁོར་ཞག་ལ་འགྲོ་ཐེངས་རེར། ཕ་མ་སྤུན་མཆེད་དང་འབྲེལ་ཡོད་དགེ་རྒན། དེའི་དུས་ཀྱི་རུ་ཁག་སོ་སོའི་རུ་གཙོ། དགའ་རབ་ར་མགོ་ཕ་བུ་སོགས་ལས་གཞན། ཨ་ཅེ་སྒྲོལ་མ་མ་བུ་དག ལྷག་དོན་ངེད་རུ་ཆེན་གྱི་ཧྲུའུ་ཅི་སངས་རྒྱས་སྐྱབས་བཟའ་མི་གང་བོ་བཅས་ཀྱི་ས་རུ། སློབ་གཙོ་གངས་ལྷ་མེ་ཏོག་སོགས་ཀྱི་གཏམ་རྒྱུད་སྣ་ཚོགས་གོ་འོངས། གཏམ་རྒྱུད་དེ་དག་ཐོ་གཏུགས་ས་འགྲོ་མིན་སྣ་ཚོགས་མཆིས་ཀྱང་། ང་ལ་མཚོན་ན་ཡོད་ཚད་ཟིན་བྲིས་སུ་བཀོད་པ་ཡིན། ཟིན་བྲིས་སུ་བཀོད་པའི་གོ་རིམ་ཁྲོད། ངས་རིན་ཐང་ཆེས་ཆེ་བའི་གསར་འགྱུར་གསར་བ་ཞིག་ཐོས་པ་ནི། སློབ་གཙོ་མོར་མཚོན་ན་ཉི་མ་རེ་རེར་ཉིན་ཐོ་འབྲི་བའི་ལུགས་སྲོལ་ཡོད་དེ། ཤར་ལུང་ཚོ་དྲུག་སློབ་ཆུང་དུ་ཡོང་རྗེས་ཀྱི་ལོ་བཅུར་ཉེ་བའི་རིང་ལ་ཉིན་ཐོ་རིང་ཐུང་ཅི་རིགས་བྲིས་ཡོད་ཟེར། ཉིན་ཐོ་དེ་དག་ད་ནི་ང་དང་ཚོ་བ་གཅིག་པའི་དགེ་རྒན་བརྩོན་འགྲུས་རྒྱ་མཚོས་ཉར་ཚགས་བྱས་ཡོད་པར་སྨྲ་སྟེ། འབྲི་དེབ་བརྒྱ་ཕྲག་ལྷག་ལོངས་པར་སྐད། རིན་ཐང་ཆེ་བའི་རྒྱུ་ཆ་དེ་དག་ལག་སོན་ཡོང་ཆེད། ང་ཆེད་དུ་དགེ་རྒན་བཀའ་དྲིན་ཅན་ཁོང་གི་དྲུང་དུ་རེབ་ཐེངས་འགའ་རེར་བཅར་ཏེ་རང་གི་འདོད་འདུན་དེ་དག་སྦ་གསང་མེད་པར་ཞུས་པ་ལ། ཁོང་གིས་གཟབ་ནན་ངང“མེད”ཅེས་ཟེར་ནས་ང་ནི་ཅི་བྱ་གཏོལ་བྲལ་དུ་གཏོང་བ་དང་། ཡང་སློབ་གཙོ་གངས་ལྷ་མེ་ཏོག་སོགས་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་དྲིས་པར། སྣང་དོགས་ཅི་ཡང་མེད་པར“མི་ཤེས”ཞེས་བརྗོད་དེ་ང་ནི་འདུག་བཟོད་མི་བདེ་བར་བཏང་བྱུང་།
དགེ་རྒན་བརྩོན་འགྲུས་རྒྱ་མཚོ་སྙན་ངག་འབྲི་བར་དགའ་བ་ནང་བཞིན། ང་ཡང་སྒྲུང་གཏམ་འབྲི་རྒྱུར་ཧ་ཅང་དགའ། དགའ་བའི་རྐྱེན་གྱིས་ང་ནི་གཞི་རིམ་ལ་གསར་འགྱུར་འགོད་དུ་འགྲོ་ཐེངས་རེར། སློབ་གཙོ་གངས་ལྷ་མེ་ཏོག་གཙོར་བྱས་དགེ་རྒན་སོ་སོའི་གཏམ་རྒྱུད་འཚོལ་བ་ཇི་བཞིན། རོང་འབྲོག་ཁུལ་གྱི་དུད་ཚང་དང་སྡེ་མི་སྣ་ཚོགས་བཙལ་ནས་ཁོ་ཚོའི་འཚོ་བར་རྒྱུས་ལོན་བྱས་པར་མ་ཟད། དེ་ཚོའི་གཏམ་རྒྱུད་རྒྱབ་ལྗོངས་སུ་བྱས་ནས་སྒྲུང་གཏམ་ཐུང་འབྲིང་ཅི་རིགས་བྲིས་མྱོང་། འཚོ་བ་དངོས་ལ་རྩ་བ་ཚུགས་པའི་རྩོམ་རིག་གི་མེ་ཏོག་ནི་ཀུན་པོའི་མིག་གི་དཔྱིད་དུ་འགྱུར་བར་ཡིད་གཉིས་དཔྱང་ཐག་ཅི་ཡང་འཛིན་མི་དགོས་ཏེ། ངས་བྲིས་པའི་སྒྲུང་གཏམ་དེ་དག་ལ་རྩོམ་སྒྲིག་པ་དང་ཀློག་པ་པོ་མང་བོས་དགའ་བསུ་ཐོབ་པའི་དུས་མཚུངས་སུ། དཔྱད་འདེམ་པ་དག་གིས་ཀྱང་གདེང་འཇོག་མཐོན་པོ་གནང་བ་བརྒྱུད། ན་ནིང་གི་དབྱར་གཞུང་སྟེ། བྱེ་བྲག་གི་ལོ་ཟླ་བརྗོད་ན1993ལོའི་ཟླ7པར་དེ་སྔོན་བྲིས་པའི་སྒྲུང་འབྲིང《མ་བུའི་བརྩེ་དུངས》ཞེས་པ་ལ། རང་ཞིང་གི་རྩོམ་རིག་དུས་དེབ་ཆེ་ཤོས《རྩྭ་ཐང》གི་སྐབས་དང་པོའི་རྩོམ་རིག་བྱ་དགའ་ཐོབ། བྱ་དགའ་ཐོབ་པའི་གནས་ཚུལ་དེ་ཚགས་པར་དང་རླུང་འཕྲིན་བཅས་བརྒྱུད་ནས་གང་སར་ཁྱབ་པར། ངའི་ཆུང་དུས་ཀྱི་ཁ་ཡ་ན་ཟླ་དང་། སློབ་གྲྭ་རིམ་པའི་སློབ་གྲོགས་དང་དགེ་རྒན། ལས་ཁུངས་གཅིག་པའི་ལས་གྲོགས་དང་སྤྱི་ཚོགས་འབྲེལ་འདྲིས་ཁྲོད་ཀྱི་གྲོགས་པོ་མི་ཉུང་བ་ཞིག་གིས་འཕྲིན་ཡིག་བསྐུར་པ་དང་ཁ་པར་གཏོང་བ་བཅས་བྱས་ནས་རྟེན་འབྲེལ་ཞུས་པར་མ་ཟད། འགའ་རེས་ད་དུང་ང་ཆེད་དུ་བཙལ་ཡོང་ནས་མགྲོན་བསུ་དང་སྙིང་གཏམ་སྣ་ཚོགས་གླེང་འོངས། ཟིང་ལོང་དེའི་ཁྲོད་དུ། ང་ལ་མཚོན་ན་རིན་ཐང་གཞལ་དུ་མེད་པའི་ལེགས་སྐྱེས་ཤིག་ཐོབ་པ་ནི། དགེ་རྒན་བརྩོན་འགྲུས་རྒྱ་མཚོས་རང་འགུལ་སྒོས་གོང་སྨྲས་ཉིན་ཐོ་ཡོད་ཚད་ཆད་ལྷག་མེད་པར་ངའི་སར་བསྐྱལ་ཡོང་བ་དེ་ཡིན། ཁོང་ནི་ཕུལ་བྱུང་སློབ་གཙོ་ཡི་དགའ་རྟགས་ཤིག་ཐོབ་པ་ལེན་ཆེད་འདི་ག་གྲོང་ཁྱེར་དུ་སླེབས་པ་སྟེ། ཉིན་དེ་དག་རིང་དགོང་མ་རེ་རེར་ངེད་ཚང་དུ་སླེབས་ནས། བདག་གི་སྒྲུང་འབྲིང་དེས་ཁོའི་སེམས་པར་གཡོ་སྐྱོམ་ག་འདྲ་ཐེབས་ཚུལ་དང་། ཉིན་ཐོ་འདི་དག་ཇི་ལྟར་བྱུང་བ་ནས་ཉར་ཚགས་གང་ལྟར་བྱས་པ། སློབ་གཙོ་གངས་ལྷ་མེ་ཏོག་རང་སྒེར་ལས་གཞན། ཁོ་གཉིས་དང་དེ་ལས་གཞན་པའི་བུ་མོ་ཞིག་གི་བར་གྱི་གཏམ་རྒྱུད། ད་དུང་ཤར་ལུང་ཚོ་དྲུག་སློབ་ཆུང་དང་། སྒོས་སུ་ཁོ་ཚང་གི་སྐབས་དེའི་གནས་ཚུལ་སོགས་འཛེམ་དོགས་དང་སྦ་གསང་ཅི་ཡང་མེད་པར་བཤད་བྱུང་ལ། བཤད་བཤད་པའི་མཇུག་གི་རེ་བ་ནི། ཁོ་ཚོའི་བར་གྱི་གཏམ་རྒྱུད་དེ《 མ་བུའི་བརྩེ་དུངས》ལས་ཀྱང་ལྷག་པ་ཞིག་བྲི་དགོས་ཚུལ་བརྗོད་བྱུང་བ་དེ་རེད།
དགེ་རྒན་ཁོང་ཉིད་ཕ་ཡུལ་ལ་ཕེབས་ཤུལ་དུ། ཁོང་གིས་གསུངས་པའི་གཏམ་རྒྱུད་དེ་དག་ནི་ངའི་ཕྲག་སྟེང་ལ་བཀལ་བའི་ཁུར་བོ་ཞིག་དང་འདྲ་བར། རང་གི་ལུས་སེམས་གཉིས་ཀར་ཐེག་པར་དཀའ་བའི་ལྗིད་ཤུགས་དེས་མནན་བྱུང་། ལྗིད་ཤུགས་དེའི་སྐུལ་འདེད་འོག་ཏུ། ང་ལ་ཁོམ་པ་ཅུང་ཙམ་ཡོད་ཚེ་ལྟ་འདོད་ཆེ་བའི་ཉིན་ཐོ་འབྲི་དེབ་མགོ་བཙེམས་མ་དེ་དག་ལ་སེམས་ཞིབ་མོས་བལྟས་པ་ཡིན། ཉིན་ཐོ་ནི་རིང་ཐུང་ཅི་རིགས་དང་དོན་སྙིང་ཆེ་ཆུང་སྣ་ཚོགས་པ་འདུག་སྟེ། མཚམས་མཚམས་སུ་རྣམ་དག་སེམས་ནས་བརྡོལ་པའི་ཡིག་འབྲུ་དེ་དག་གིས་རང་སེམས་དབང་མེད་དུ་འཕྱོ་བར་བྱས་ཏེ་འགྲོ་སྡོད་མི་ཤེས་པར་བཏང་འགྲོ། གང་ལྟར་ཆད་མ་མཐུད་དང་མགྱོགས་མ་དལ་བྱས་ནས་ཟླ་འགའི་དུས་ཡུན་སྤྱད་དེ་ཡོངས་སུ་བཀླགས་ཚར་པ་ལ། ལས་གནས་ཕལ་བ་ཞིག་གི་སྟེང་དུ་མི་ཚེ་ཡོད་ཚད་མར་མེ་ཚེ་འབར་ནང་བཞིན། གཞན་དོན་དུ་བསྔོས་པའི་སློབ་གཙོ་མོ་དང་དགེ་རྒན་སྐོར་ཞིག་གི་སྣང་བརྙན་དེ། སྔར་ལས་ལྷག་པར་ཁོ་བོའི་ཀུན་རྟོག་གི་གཞི་རུ་ལྷང་ངེར་མངོན་དུ་བཅུག
སྤྱིར་སྒྲུང་གཏམ་ནི་རྟོག་བཟོ་ཅི་རིགས་ལ་བརྟེན་ཏེ་འཚོ་བའི་ས་གཞི་ནས་སྒྱུ་རྩལ་གྱི་བང་རིམ་དུ་འཕར་བར་བྱ་དགོས་པ་ཞིག་ཡིན་ངེས་ཀྱང་། རྩོམ་མཁན་རང་ཉིད་ནི་ཞོལ་གྱི་གཏམ་རྒྱུད་ལས་འབྱུང་བའི་མི་སྣ་གཙོ་བོ་དག་ལ་ད་ནི་ཆ་རྒྱུས་ཡོད་དྲགས་པས། རྟོག་བཟོ་དང་རྟོག་འཆར་གྱི་རྒོད་པོའི་གཤོག་ཟུང་དེ་ཇི་ལྟར་མཁའ་ཀློང་དུ་བསྒྱུར་པར་བྱས་ཀྱང་། དངོས་སུ་བྱུང་བ་དང་བརྒྱུད་པའི་གྲིབ་གཟུགས་ནག་རིལ་བ་དེ་དག་ཤེས་དང་མ་ཤེས་པའི་མཚམས་སུ་འཚོ་བའི་ས་གཞིའི་སྟེང་བར་མེད་དུ་འཕོས་པར་འགྱུར་ངེས་ལ། ལྷག་དོན་འདྲེན་ཤུགས་ཡ་མེད་མངའ་བའི་སློབ་གཙོ་གངས་ལྷ་མེ་ཏོག་གི་སྨྱུག་འོག་ནས་ལུད་པའི་ཉིན་ཐོ་སྐོར་ཞིག་ནི། སྒྲུང་གཏམ་གྱི་དཀྱིལ་གཞུང་ཀུན་ཏུ་མ་བཅུག་ས་མ་སོང་བར་བརྟེན། ཀློག་མཁན་ཚོ་སྒྲུང་ནང་འཇུག་པའི་གོ་རིམ་ཁྲོད་དུ། ཉིན་ཐོ་དེ་དག་ནི་རྩོམ་གྱི་རྒྱན་ལས་གེགས་སུ་མི་འགྲོ་བའི་དགོངས་དག་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བའོ།།
1
དིང་གླིང་འབུད་པའི་སྒྲ་མཐོ་ཞིང་དྭངས་ལ་སྙན་འཇེབས་ལྡན་པ་ཞིག སྒོར་ཐང་སྡེ་བའི་སྨད་འགྲམ་དུ་མངོན་པར་འཕགས་པའི་རི་སྒང་དེའི་གདོང་སྣ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་མཆེད་བྱུང་སྟེ། རླུང་བསེར་བུའི་རྒྱུ་ཕྱོགས་དང་བསྟུན་ནས་འགྱུར་ཁུགས་སྟོང་ལྡན་གྱི་སྒྲ་དེ། སྡེ་ཆེན་པོ་གཡུང་དྲུང་གི་རི་མོ་བྲིས་འདྲ་དེའི་ཞིང་རྣང་མའི་བར་དང་ཤིང་ལྗོན་པའི་རྩེ་སོགས་བརྒྱུད་ནས། དེ་རིང་སྔ་དྲོ་སོས་དལ་བག་ཡངས་སུ་སྡོད་པའི་སྡེ་མི་རྒན་གཞོན་དག་གི་རྣ་སྒོར་གསལ་ལ་མི་གསལ་བའི་ངང་དུ་འཛུལ་ཡོང་། གསར་བུ་ཉམས་མྱོང་ཅན་དག་གིས་ཉན་ཚེ་དེ་ནི་ཁ་བྱང་ལག་བྱང་དུ་སོང་ཡོད་པར་མི་སྙམ་ནའང་། སྦྱངས་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཟིན་པ་ནི་སེམས་སུ་ཁས་མི་ལེན་རང་ལེན་ཡིན། དིང་གླིང་འབུད་མཁན་གྱི་གཞོན་ནུ་དེ་ནི་སྒོར་ཐང་རུ་ཆེན་གྱི་ཧྲུའུ་ཅི་སངས་རྒྱས་སྐྱབས་ཀྱི་བུ་ཆུང་བ་ཡིན་ཞིང་། མིང་ལ་བརྩོན་འགྲུས་རྒྱ་མཚོ་རུ་འབོད། ད་ལོ་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ཏག་ཏག་ལ་བུད་འདུག ད་ལྟ་རི་སྒང་དེའི་གདོང་སྣ་རུ་རང་བྱུང་དུ་སུམ་ཆའི་གཅིག་ལྷག་སའི་གཏིང་ལ་ཟུག་པའི་རྡོ་ཕ་བོང་ཁྲི་འདྲ་བ་ཞིག་གི་སྟེང་སྐྱིལ་མོ་ཀྲུང་དུ་ཙོག་ཅིང་། ཁ་ནུབ་བྱང་ཕྱོགས་སུ་འཁོར་ནས་བག་ལྷོད་པའི་ངང་བྱ་རྒོད་ཀྱི་དིང་རུ་ལས་བཟོས་པའི་དིང་གླིང་ཕྲ་མོ་དེ་འབུད་ཀྱིན་མཆི། ལུས་སུ་བོད་ལྭ་ཁམ་ནག་རྙིང་བ་འདབས་ཀ་ཕྲུག་ཁྲས་བརྒྱན་པ་ཞིག་ལ་སྐ་རགས་དམར་སྨུག་མདོག་ཡལ་བ་ཞིག་བཅིངས་ཡོད་ལ། རྐང་མགོར་དམག་ལྷམ་སེར་པོ་སྣ་མགོ་དང་གཞོགས་སུ་བུ་ག་བརྡོལ་ནས་རྐང་བའི་ཤ་རྗེན་མངོན་པ་ཞིག་གོན་འདུག ཉིན་དེར་སྡེ་བའི་ར་མ་འཚོ་བའི་འགན་ཕྲག་ཏུ་བླངས་ཡོད་པས། དམག་ལྷམ་སེར་པོའི་ངོས་སུ་ས་འདམ་ཀར་ཀོར་གྱིས་སྦགས་ཤིང་རློན་པར་བཏང་ནས་ཡོད། ཁོའི་མགོ་སྐྲ་འཇིལ་ལིར་ཆགས་ཤིང་ངོ་གདོང་སྨུག་ཐོག་ནག་ལ་ཁ་རིས་ངོ་ཚུགས་བཞུན་མོ་ཞིག་ཡོད་པར་བརྟེན། གཞོན་ནུ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སྣང་། ལྷག་པར་གནག་ཅིང་སྣུམ་པའི་སྨིན་མ་ཟུང་གི་འོག་ཏུ་མངོན་པའི་དཀར་ནག་གི་དབྱེས་གསལ་བའི་ཁྲ་ཆུང་མིག་ཟུང་ནི་ཧ་ཅང་དྭངས་པ་ལ། མི་སེམས་སུ་དབང་མེད་དུ་ཅི་འདྲའི་གཞོན་ནུ་བློ་རིག་བཀྲ་བ་ཞིག་འདུག་ཨང་སྙམ་པའི་སྣང་བ་སྦྱིན་འོངས། ཁོས་དིང་གླིང་འབུད་པའི་ཚེ་ན་འགྲམ་ཤ་སྲབ་མོ་དེ་ལན་རེར་སྦོས་ཤིང་ལན་རེར་རྐོ་རུ་ལྷུང་བ་དང་། ཡང་ལག་པ་ཟུང་ལས་དཀྱིལ་གྱི་མཛུབ་མོ་གསུམ་པོ་དིང་གླིང་གི་ངོས་སུ་བཏོད་ཡོད་པའི་བུ་ག་དག་གི་སྟེང་དུ་བར་མཚམས་མེད་པར་ལྡེམ་པོར་བསྒྱུར་པའི་ཚུལ་ནི། ནུབ་ཀྱི་མཁའ་ལ་ཕྱོགས་པའི་ཉི་ཟེར་གྱི་ཀློང་དུ་ཧ་ཅང་མཛེས།
མཛེས་སྡུག་གིས་ཁྱོགས་པའི་ཉིན་མོ་དེ་ནི1975ལོའི་སྟོན་མཇུག་གི་དུས་ཤིག་ཡིན། ཞོགས་པའི་དུས་ནས་ཆར་བ་ཟིམ་ཟིམ་དུ་བབས་པ་དེ་དྲོས་ཇའི་མཚམས་སུ་གཞི་ནས་ཆད་ལ། ཆར་བ་ཆད་པ་དང་བསྟུན་ནས་ཉི་མ་གཞོན་ནུ་སྤྲིན་པ་ལ་མ་ལིང་གི་གསེབ་ནས་ཕྱིར་བུད་པ་དང་། འོད་ཀྱི་ཟེར་མ་ས་གཞིའི་རྒྱན་དུ་སྤྲོས་པས། སྒོར་ཐང་སྡེ་བའི་མི་སྐོར་ཞིག་ཕྱི་དྲོའི་དུས་སུ་རིམ་བཞིན་སྒོར་བུད་དེ་གཞུང་གི་གཡུལ་ཁའི་ནང་འདུས་བྱུང་ལ། དེ་ལས་གསར་བུ་འགའ་ཚར་མའི①སྟེང་དུ་འགོས་ཏེ་གྲོ་ཤོག་རློན་པ་རྣམས་ཐང་ལ་འཕངས་ནས་སྐེམ་པ་སོགས་བྱེད།
ཕྱི་དྲོ་དེར་བརྩོན་འགྲུས་རྒྱ་མཚོས་ལྟ་ཕྱོགས་ཤིག་གིས་མི་དེ་དག་མཐོང་བས་དིང་གླིང་འབུད་མཚམས་བཞག་པ་དང་། རྡོ་ཕ་བོང་ལས་བབས་ནས་དིང་གླིང་སྐ་རགས་ཀྱི་བར་དུ་གསེབ་པ་དང་འབྲེལ། རྐེད་ཀྱི་འུར་ཆ་བླངས་ཏེ་རི་སྒང་གི་ཀླད་དུ་འགོས། གནས་དེ་གར་སྒོར་ཐང་སྡེ་བའི་ཁོར་ཡུག་ཧྲིལ་པོ་ནི་ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་བཞིན་གསལ་བོར་མཐོང་ཐུབ་སྟེ། སྡེ་བ་དེ་ནི་སྔོན་ཆད་རང་གིས་མཐོང་བ་ནང་བཞིན་འགྱུར་བ་ཆེར་མི་འདུག མཐོ་རྒྱུ་མེད་ལ་ཆེ་རྒྱུ་ཡང་མེད་པའི་གཞིས་ཀ་སྐྱ་བོ་རེ་རེ་ས་འདི་གའི་སྟོད་ཀྱི་ཆར་འཚངས་འདུག་ལ། གཞིས་ཀའི་ཁོར་ཡུག་དང་རྐ་འགྲམ་ཀུན་ཏུ་མ་གལ་དང་ལྕང་སྡོང་སོགས་ལྗོན་པའི་རིགས་ཚང་ཚིང་དུ་སྐྱེས་ནས་ཡོད། དྲང་རྒྱུ་མེད་ལ་འཁྱོག་རྒྱུའང་མེད་པའི་གཞུང་ལམ་སྐྱ་རིལ་བ་དེ་ནི་སྡེ་བའི་བར་གསེང་བརྒྱུད་ནས་སྨད་ཕྱོགས་ཀྱི་རྨ་གཞུང་རྫོང་མཁར་ཆགས་པའི་ཕྱོགས་སུ་དར་སྐུད་བཞིན་འཐེན་འདུག གཞུང་ལམ་འགྲམ་གྱི་གཞོགས་གཉིས་ནི་ཞིང་ས་སྟེ། དེ་ལ་གྲུ་བཞི་དང་གྲུ་བཞི་ནར་མོ། ཟུར་གསུམ་དང་ཟླུམ་གོར་ཕྱེད་མ་ཡི་དབྱིབས་སྣ་ཚོགས་སུ་སྣང་ལ། སྤྱིར་བཏང་དུ་སྟོད་ཕྱོགས་ཅུང་མཐོ་ཞིང་སྨད་ཕྱོགས་ཅུང་དམའ་བས་མཎྜལ་ཕུལ་པའི་ཚུལ་དུ་བདོག ད་ལྟ་ཡུལ་མི་དག་གིས་བཙས་མ་ཡོངས་སུ་བརྔས་ཚར་འདུག་པས། སོག་མ་མང་བོ་ནི་ཞིང་ཁུགས་སུ་སྐྱ་ཤང་ངེར་ཡོད་ཅིང་། རྣང་མའི་བར་དག་ཏུ་སྔོ་རྩྭ་ཅུང་ཙམ་རིག་རྒྱུ་ཡོད་ཀྱང་། ཕལ་ཆེར་ར་ལུག་དང་རྟ་བོང་། བ་ཕྱུགས་སོགས་ཀྱིས་ཟོས་ཚར་ལ་ཉེ་བར་བརྟེན། ད་ནི་ཕྱུགས་རིགས་ཆེ་བ་དེ་དག་ཞིང་རྣང་མའི་བར་དུ་ཡོད་པ་མ་གཏོགས། ཁོས་འཚོ་བཞིན་པའི་ར་མ་དག་ནི་སྡེ་བའི་གཡས་ཕྱོགས་དང་སྨད་ཕྱོགས་ཀྱི་རི་ངོས་སུ་གཟས་ལ་གྲམ་འདུག
བརྩོན་འགྲུས་རྒྱ་མཚོ་ར་མ་དག་གཟས་ལ་གྲམ་སའི་རི་སྒང་དེའི་མཐོ་སར་འགོས་པ་ལ། སྡེ་བའི་ལུག་རྫིར་ཡོང་བའི་ཨ་ཅེ་སྒྲོལ་མ་ཡང་དེ་གར་ཐོ་ཡོར་ཞིག་དང་འདྲ་བར་ནག་རོག་གེར་རྐོམ་ཚུགས་སུ་བསྡད་ནས་ཡོད། མོས་ཤུར་མ་ནག་པོའི་རས་ལྭ་རྙིང་བ་ཞིག་གོན་འདུག་ཅིང་། རྐེད་པར་སྐ་རགས་དཀར་པོ་ཚིལ་སྟུག་ལ་སོང་བ་ཞིག་བཅིངས་ཡོད་པས། ལོ་གསར་སྔོན་དུ་མོའི་ཁྱོ་ག་འདས་སོང་བ་དེར་འདུན②བྱས་ཡོད་པ་རེད། ཉེ་ལོགས་སུ་རས་ཁུག་ཅིག་བཞག་འདུག་ཅིང་། ནང་དུ་དམ་བེ་གཉིས་བཅུག་སྣང་སྟེ། དམ་བེ་ཡི་རིང་ཚད་མཐོ་བས་འོ་མ་འདྲ་བའི་གཤེར་ཁུ་རིགས་ཤིག་བླུགས་ཡོད་པ་དེའི་རྐེད་པ་ནས་མཐོང་ཐུབ། བརྩོན་འགྲུས་རྒྱ་མཚོས་དེ་འཕྲལ་ངག་འཇམ་པོས“ཨ་ཅེ་སྒྲོལ་མ། ཁྱོད་དེ་རིང་ལུག་རྫི་ཡིན་ནམ། ད་ཅི་བར་ལ་རིག་རྒྱུ་མེད་པས་གང་ཞིག་ཏུ་སོང་བ་ཡིན”ཞེས་དྲིས།
མོས་འདུག་སྟངས་ཇེ་དྲང་ལ་གཏོང་ཙམ་བྱས་རྗེས“དེ་རིང་ཨ་རྒྱ③ཚང་ལ་ལུག་རྫིར་འགྲོ་མཁན་མེད་པས་ང་ཡོང་བ་ཡིན། ལུག་རྣམས་ལྷས་ནས་ཕུད་སྔ་བས་ཆུ་བཟང་སྐེའི④སྡེ་འདབས་བར་དུ་ཤོར་འདུག དེ་ནས་ཁ་བླངས་ཏེ་ཟོར་རའི་བར་ལུང་ཕྱོགས་སུ་བརྒྱབ་རྗེས། དེ་ན་ཡོད་པའི་ཨ་ཅེ་ཚང་ལ་དྲོས་ཇ་འཐུང་དུ་སོང་། ད་ལོ་མོ་ཚང་སྡེ་བའི་ཟོག་རྫིར་བབས་པས་བཟང་འདུག དར་བ་ལྷག་མ་ཡོད་པར་བརྟེན། ང་ལ་དམ་བེ་གཉིས་བྱིན་པ་ཡིན། འདི་རེད”ཟེར་ཞོར་དབྱུག་པས་རས་ཁུག་སྟོན་ཙམ་བྱས་རྗེས། འཛེམ་དོགས་འདྲེས་མའི་མིག་གིས་ཁོ་ལ་ལྟ་ཞོར་ལན་རེར་རང་དབང་མེད་པར་ཁ་མུར་མུར་གྱིས་ཅི་ཞིག་ཟློ་བར་བྱེད།
ཡུད་ཙམ་འགོར་རྗེས་མོས་ཅི་ཞིག་དྲན་པ་ལྟར“ཝེ། བརྩོན་འགྲུས་རྒྱ་མཚོ། ཁྱོད་ཚོའི་སློབ་གྲྭ་ད་རུང་མ་ཚོགས་སམ། ནམ་ཚོགས་རྒྱུ་རེད། ངེད་ཚང་གི་བུ་མོ་ལྷ་མོ་ཐར་སློབ་ཆུང་མཐར་ཕྱིན་ལ་ཉེ་བས། ད་ཐེངས་ཀྱི་སློབ་སྐབས་ནས་བཟུང་སློབ་གྲྭར་མ་སོང་ན་ཨེ་ཆོག་གམ”ཞེས་དྲིས་བྱུང་།
“ད་ཕལ་ཆེར་ཚོགས་ལ་ཉེ། ཉི་མ་འགའ་ལས་མེད། སློབ་གཙོ་གསར་བ་ཞིག་ཡོང་རྒྱུ་རེད་ཟེར་བས། སྒྲིག་ལམ་ཇེ་བཙན་ལ་གཏོང་ངེས། ལོ་འདི་དག་ནང་དགེ་རྒན་རྣམས་ཀྱིས་འགྲོ་ཐབས་འདུག་ཐབས་བྱས་པས། སློབ་མ་ཚོས་ཅི་ཡང་ཤེས་ཀྱིན་མི་འདུག ཨ་ཅེ། བྱིས་པ་སློབ་གྲྭར་བཅུག་ན་བཟང་ལས་ངན་མེད་ཡ། ཡིག་ངོ་རེ་ཆོད་ཚེ་རྗེས་སུ་ཁྱོད་ལ་ཕྱོགས་གང་ཐད་ནས་གོ་ཆོད་འགྲོ།”
“དེ་རེད། དེ་རེད། ཡིན་ནའང་ཡུལ་ན་ལས་ཀ་ལས་མཁན་མེད་པས་ང་ལ་དཀའ་ཁག་ཅུང་ཆེ། འོ། ད་དེ་ཚོ་བཤད་ནས་ཅི་བྱེད། གོ་ཐོས་ཡིན་ན་ཁྱོད་ཀྱིས་རང་ཚང་གི་ཨ་ཁུའི་རྩིབ་ཏུ་ནམ་རྒྱུན་ཡི་གེ་སྦྱོང་བཞིན་འདུག་ཟེར། ཁྱོད་འདི་ངེད་ཚང་གི་ཨ་ཁུའི་རྣམ་ཤེས་ཡིན་ཞེས་བྱིས་པ་ཡིན་དུས་རང་གིས་ཐེངས་མང་བཤད་སོང་བ་ཅུང་ཙམ་ཡང་འཆུགས་མི་འདུག ཆུང་དུས་ནས་བག་ཆགས་སད་ཡོད་པ་རེད། རྗེས་སུ་གྲྭ་པ་བྱེད་ན་ཨེ་འདོད་དམ། ཨ་ཅེས་འདྲི་རྒྱུ་ཞིག་ལ། ཁྱོད་ཀྱིས་དགོན་པ་སླར་གསོ་བྱེད་ཐུབ་མིན་ཨེ་ཤེས། 《 སྒྲོལ་མ》བཏོན་ན་ཆོག་མིན་མ་གོའམ།”
ཨ་ཅེ་སྒྲོལ་མས་ཅི་ཞིག་ཤེས་འདོད་ཀྱི་མིག་གིས་བརྩོན་འགྲུས་རྒྱ་མཚོའི་ངོ་ལ་ཧུར་རེར་ལྟ་བཞིན་དེ་ལྟར་དྲིས།
བརྩོན་འགྲུས་རྒྱ་མཚོས་མགོ་བོ་གཡུག་གཡུག་འགའ་བྱས་རྗེས“དེ་ཚོ་ངས་ཀྱང་གསལ་བོར་མ་གོ ང་ལ་གྲྭ་པ་བྱེད་འདོད་མེད། ཡིན་ནའང་དགེ་རྒན་བཟང་བོ་རེ་བྱེད་ཨེ་ཐུབ་འདོད་ནས་ཨ་ཁུའི་དྲུང་དུ་བོད་ཡིག་སྦྱངས་པ་ཡིན། དགེ་རྒན་ལི་ཆིན་ཧོ་ཡི་མདུན་དུ་རྒྱ་ཡིག་དང་རྩིས་རིག་ཀྱང་སྦྱོང་བཞིན་ཡོད། ང་ཚོའི་ས་ཆ་འདིར་དགེ་རྒན་བཟང་བོ་དགོས། ང་ཚོ་ལ་ཡི་གེ་ཤེས་མཁན་མང་བོ་དགོས”ཞེས་སྨྲས།
“ཁྱོད་དགེ་རྒན་བྱས་ནས་ལོ་དུ་འགོར་ཡོད། ལི་ཆིན་ཧོ་ཟེར་བ་ནི་ནམ་རྒྱུན་ལྕགས་རྟ་དེད་ནས་འགྲོ་བའི་རྒྱ་རིགས་དགེ་རྒན་སྐེམ་གྱོང་མིག་ཤེལ་གོན་པ་དེ་ཨེ་རེད། དགེ་རྒན་བྱས་ནའང་དཀའ་མོ་རེད། ཁོ་ལ་ནམ་རྒྱུན་རྔུལ་ཆུ་བཞུར་བཞིན་འདུག ང་ཚོ་ཞིང་པ་རྣམས་དང་ལས་དབང་འདྲ་བ་ཡིན།”
ཨ་ཅེ་སྒྲོལ་མས་དེ་སྐད་སྨྲ་བཞིན་ངོ་ལ་སྡུག་གཉེར་ཞིག་བཏོད་སོང་ལ། དེ་ནས་སྔར་བཞིན་རང་དབང་མེད་པར་ཁ་མུར་མུར་གྱིས་ཅི་ཞིག་བཟླས་སོང་།
བརྩོན་འགྲུས་རྒྱ་མཚོས་ལན་ཇི་ལྟར་འདེབས་དགོས་པ་མ་ཤེས་པར། ངག་ནས“རེད་རེད་རེད། ཕ་ཡུལ་རྨ་ཤར་ཀུང་ཧྲེའི་འདབས་འབྲེལ་གྱི་རྒྱ་སྡེ་དེ་ནས་ཡིན་པའི་དགེ་རྒན་ཁོ་རེད། ཁོ་ནི་སྡུག་འདག་ཐུབ་མཁན་ཞིག་ཡིན། ང་ཚོས་སློབ་སྦྱོང་བྱས་ན་འགྲིག ང་ནི་དམངས་སྒྲུབ་དགེ་རྒན་བྱས་ནས་ལོ་གཉིས་མ་གཏོགས་འགོར་མེད། དགེ་རྒན་གྱི་ལས་ཀར་མི་དགའ་རྒྱུ་མེད་ཀི”ཞེས་བཤད་བྱུང་ལ། ཡང་ཨ་ཅེས་མུ་མཐུད་དུ་ཁ་མུར་མུར་གྱིས་ཅི་ཞིག་ཟློ་བར་ཡིད་འཇོག་བྱུང་བས“ཨ་ཅེ། ཁྱོད་ཀྱིས་ནམ་རྒྱུན་ཅི་ཞིག་འདོན་བཞིན་ཡོད་དམ། མཚམས་མེད་དུ་འདི་ལྟར་བཏོན་ནས་ཐང་མི་ཆད་དམ”ཞེས་དྲིས།
ཨ་ཅེ་སྒྲོལ་མས་ཡར་ལྟ་མར་ལྟ་ཞིག་བྱས་རྗེས། སྐད་མགོ་ཇེ་དམའ་རུ་བཏང་ནས“ཁྱོད་ལ་གསང་དགོས་དོན་མི་འདུག ཁྱོད་ནི་རིག་ཡག་རྒྱུད་བཟང་བརྩོན་པ་ཅན་ཞིག་རེད་ཅེས་སྡེ་བའི་ཁ་རྒན་གཞོན་ཀུན་གྱིས་བཤད་ཀྱིན་འདུག དོན་ངོ་མར་ཨ་ཅེས《སྒྲོལ་མ》འདོན་བཞིན་ཡོད། 《 སྒྲོལ་མ》བཏོན་ན་བསམ་དོན་ཡོད་ཚད་འགྲུབ་ངེས་ཞེས་ཨ་ཁུ་དྲིན་ཆེན་པོ་དེས་ང་ལ་སྔོན་ཆད་རྒྱུན་དུ་གསུངས་མྱོང་། དོན་དངོས་སུ་ཡང་དེ་ལྟར་ཡིན་པས། ངས་ནམ་རྒྱུན་ཁ་རོག་གེར་བཏོན་པ་ཡིན། གཞུང་ལས་ལ་སོང་ན་མི་མང་བས་འདོན་ས་མི་འགྲོ། དེ་བས་ལུག་རྫིར་སྡེབ་བརྗེས་ནས་འདོན་བཞིན་ཡོད། ཁྱོད་ཀྱང་རྗེ་བཙུན་སྒྲོལ་མས་སྐྱབས་འོག་ནས་མི་འདོར་བར་ཤོག ཁྱོད་ཀྱི་བསམ་དོན་མཐའ་དག་མྱུར་འགྲུབ་ཡོང་བར་སྨོན”ཞེས་སྨྲ་ཞོར་དབྱུག་པ་བྲང་ཁར་གཏད་ཅིང་། ལག་ཟུང་ཐོད་པར་སྦྱར་ནས་གསོལ་འདེབས་ཤིག་ཀྱང་བྱས་སོང་།
བརྩོན་འགྲུས་རྒྱ་མཚོའི་སེམས་ནང་སྤྲོ་བ་ཞིག་འཕེལ་བས། མྱུར་དུ“ཨ་ཅེ། ཁྱོད་ཀྱིས་ད་བར་ང་ལ་གཅེས་སྐྱོང་གང་མང་བྱས་པ་ངའི་ཡིད་ན་ཡོད། དེ་རིང་ཡང་འདི་ལྟར་སྨོན་ལམ་བཏབ་པར་བཀའ་དྲིན་ཆེ། ད་ནི་ངའི་ར་མ་ཚོ་བྲག་ལ་འགོ་རྩིས་འདུག་པས་འགྲོ་རན་སོང”ཟེར་བཞིན་མོ་དང་གྱེས། དེ་འཕྲལ་ཨ་ཅེ་སྒྲོལ་མས“བརྩོན་འགྲུས་རྒྱ་མཚོ། ད་ཅི་དིང་གླིང་འབུད་མཁན་དེ་ཁྱོད་ཡིན་ནམ”ཞེས་དྲིས་འོངས། ཁོས་ཁ་ཕྱིར་འཁོར་ནས་འཛུམ་དམུལ་ཙམ་བྱས་རྗེས“ང་ཡིན། འབུད་མི་ཤེས་པས་སྦྱོང་བཞིན་ཡོད”ཟེར་བར། མོས“ངོ་མ་ཡག་པོ་འབུད་ཤེས་འདུག ཁྱོད་ཀྱི་ཨ་ཕས་བུས་པ་དང་ཨ་ན་མ་ན་རེད”ཅེས་ལབ་འོངས།
སྐད་ཆ་དེ་གོ་བས་ཁོ་ལ་དགོད་རྒྱུ་ཞིག་བུད་ཡོང་སྟེ། ཡོང་དོན་ནི་ཨ་ཅེ་སྒྲོལ་མ་ཡང་རང་གི་ཨ་ཕའི་དིང་གླིང་ལ་ཉན་ནས་ནར་སོན་པའི་བུད་མེད་གྲས་ཀྱི་གཅིག་རེད་སྙམ་སོང་ལ། ཡང་སེམས་སུ་རང་གིས་ད་ལྟ་འབུད་བཞིན་པའི་དིང་གླིང་ལ་ཉན་མཁན་གྱི་ན་ཆུང་བུ་མོ་སྡེ་བ་འདིའི་ནང་ག་ཙམ་ཡོད་དམ་ཡང་སྙམ་བྱུང་། དེ་ལྟར་སྙམ་པས་ཁོ་ལ་རང་ཉིད་གློ་བུར་གསར་བུར་གྱུར་འདྲའི་སེམས་འགྱུ་ཞིག་ཡོད་ཟིན་ཏེ། རང་ཉིད་རང་གི་ལང་ཚོ་ལ་སྙེམས་པའི་བློ་ཞིག་ཀྱང་དབང་མེད་དུ་སྐྱེས། ཡིན་ནའང་རྐང་མགོའི་དམག་ལྷམ་སེར་པོའི་སྣ་མགོ་དང་གཞོགས་སུ་བུ་ག་བརྡོལ་པ་དེ་མཐོང་བས་སེམས་ཅུང་ཁོང་དུ་ཆུད་ཅིང་།
རང་ཉིད་ཀྱི་ཟླ་ཕོགས་ཀྱང་ཅུང་ཙམ་འཕར་རྒྱུ་ཡོད་ན་ཅི་མ་རུང་སྙམ། དངོས་གནས་མི་སེམས་གྲུ་གུ་ཟེར་བ་ནི་བདེན་པར་འདུག་སྟེ། དུས་གཏན་དུ་དགའ་ན་དགའ་ཐོག་གཅིག་དང་། སྡུག་ན་སྡུག་ཐོག་གཅིག་ཏུ་ཡོ་མེད་བརྟན་པོར་གནས་ན་ཅིས་མི་ཆོག་ཀྱང་སྙམ། ཁོས་དེ་ལྟར་སྙམ་བཞིན་ཕར་རི་ཟུར་དུ་བུད་ནས་བལྟས་པ་ལ། ར་མ་དག་ནི་ཁོའི་ཞོལ་དུ་རྩྭ་ཟ་བཞིན་ཡར་ལ་ཡོང་སྟེ་བྲག་ཐོ་ཞིག་ཡོད་སར་འགྲོ་བཞིན་པ་མཐོང་བས། ནུབ་རིར་བཞུད་ལ་ཐག་ཚད་གཅིག་གཉིས་ལས་མེད་པའི་ཉི་མར་ལན་གཅིག་བལྟས་པ་དང་། དེ་ནས་འུར་ཆའི་ནང་རྡོ་ནར་མོ་ཕུར་བུའི་དབྱིབས་འདྲ་བ་ཞིག་བཞག་སྟེ་འུར་སྒྲ་དང་བཅས་འཕངས་པར། ར་མ་དག་ནི་མར་ཞོགས་ཏེ། ཁོ་དེ་སྔོན་སྡོད་སའི་ཕ་བོང་དེའི་ཕྱོགས་སུ་ཁ་ལོ་བསྒྱུར།
བརྩོན་འགྲུས་རྒྱ་མཚོ་ཁ་ཕྱིར་འཁོར་ནས་ཨ་ཅེ་སྒྲོལ་མ་ཡོད་སར་བལྟས་ཙ་ན། མོ་ཡང་དེ་སྔར་གྱི་སྡོད་གནས་སུ་མེད་པར་རི་སྒང་དེའི་ཕར་རྒྱབ་ཏུ་འགྲོ་བཞིན་འདུག ཕྲག་ཏུ་རས་ཁུག་དེ་ཁུར་ཡོད་ཅིང་། དབྱུག་པ་མཆན་དུ་བཙིར་ནས་འགྲོ་བཞིན་མཆི།
གར་ཡོང་མི་ཤེས་པའི་ཁ་ལ་ཡུག⑤ཁྱུ་ཞིག་བར་དེར་ཁོའི་མགོ་ཐོག་གི་ནམ་མཁའ་རུ་ཡར་འཕུར་མར་འཕུར་དང་ཕར་འཕུར་ཚུར་འཕུར་བྱས་བྱུང་བས། ཁོས་འདབ་ཆགས་ཆུང་ངུ་དེ་དག་གི་འཕུར་སྟངས་ལ་ཡུད་ཙམ་ལྟད་མོར་བལྟས། དེ་ཚོའི་འཕུར་ཚད་ནི་ཧ་ཅང་མྱུར་ཏེ། གཤོག་པ་བར་མེད་དུ་རྡེབ་བཞིན་འཕུར་དུས་མིག་གིས་ཟིན་དཀའ་ལ། ཡང་འཕུར་ཕྱོགས་གློ་བུར་སྒྱུར་སྐབས་ཕན་ཚུན་གདོང་ཐུག་རྒྱག་ལ་ཁད་བྱེད་ཀྱང་། ཕན་ཚུན་གཅིག་ཀྱང་གདོང་ཐུག་བརྒྱབ་མ་བྱུང་སྟེ། མགོ་ནག་མི་དག་གི་མིག་འཕྲུལ་བར་བྱེད་པའི་ཟློས་གར་དེ་མུ་མཐུད་དུ་བསྒྱུར་འགྲོ། དེ་འདྲའི་གནས་སྐབས་སུ་ཁོའི་སེམས་ནང་ཆུང་དུས་ཀྱི་བྱིས་གླུ་དེ་ཤར་བྱུང་། བྱིས་གླུ་དེ་ད་ལྟའི་ཁོའི་ལོ་ཚོད་དང་ཁྱོན་ནས་མི་འཛའ་ནའང་། ཁོའི་ངག་ནས“ཁ་ལ་ཡུག་ཡུག ཁ་ཆུ་ཐིགས་ཐིགས……”ཞེས་བར་མེད་སྒྲོག་པ་ལ། འདབ་ཆགས་ཆུང་ངུ་དེ་དག་ལ་ངར་ཤུགས་བླ་ལྷག་ཅིག་བྱིན་སོང་བ་དང་འདྲ་སྟེ། འཕུར་སྟངས་ཇེ་མགྱོགས་དང་འཕུར་ཚད་ཇེ་དམའ་རུ་བཏང་བྱུང་བས། ལན་རེར་ཁོའི་ཉེ་གམ་དུ་ཡོང་བར་བྱེད་ལ། མཚམས་རེར་རི་ངོས་སུ་ཐུག་ལ་ཁད་བྱས་ནས་འཕུར་འགྲོ་བར། ལྟད་མོ་སྔར་ལས་ཛ་དྲག་གི་གནས་སུ་འཕེལ། ཚུལ་དེ་མཐོང་བས་ཁོའི་སེམས་སུ་དེ་ལས་རེ་གཉིས་ཤིག་གདོང་ཐུག་ཕོག་ནས་ཐང་ལ་ལྷུང་ཚེ་ཅི་འདྲའི་བཟང་ཨང་སྙམ་ལ། ཡང་ཐང་ལ་ལྷུང་བ་གང་ཞིག་རང་གིས་འཛིན་ཐུབ་པ་བྱུང་བ་དང་། དེ་ནས་རང་ཁྱིམ་དུ་ཁྱེར་སོང་ནས་གཟེབ་དྲ་ཆུང་ཆུང་ཞིག་བཟོས་ཏེ། རྫོང་མཁར་དུ་ཡོད་པའི་ཨ་ཕའི་བཟང་ས་ལས་བྱེད་ཐོབ་ཐང་ཅན་འགའ་རེས་གསོས་པའི་བྱ་རྣམས་དང་འདྲ་བར་གསོ་ཐུབ་ན་ཅི་འདྲའི་བཟང་ཨང་སྙམ།
འདོད་པ་ནི་སེམས་ཀྱི་གྲུ་ཟུར་དུ་ནམ་ཡང་བག་ལ་ཉལ་བའི་དྲན་རིག་ཅིག་སྟེ། མི་སུ་ཡིན་ཡང་ཁོམ་པའི་ཚེ་ན་དེ་བག་ཡངས་སུ་བཏང་ནས་སེམས་ཀྱི་འདོད་འདུན་སྐོང་ངེས། ཡུད་ཙམ་ནས་ཁོས་རང་གི་འདོད་འདུན་དེ་ལམ་སང་མི་འགྲུབ་པ་ཤེས་པས། གང་བྱུང་དུ་ཐང་ནས་རྡོ་ཞིག་བླངས་ཏེ་འུར་ཆའི་ནང་བཞག་རྗེས། ཁ་ལ་ཡུག་གི་ཁྱུ་ཚོགས་སུ་གཏད་ནས་འཕངས་པར། འུར་རྡོ་ནི་བྱ་ཚོགས་ཀྱི་བར་བརྟོལ་ནས་མཁའ་ལམ་དུ་ཤོར་ལ། ཤོར་ནས་འདེགས་ཤུགས་མེད་པའི་མཚམས་སུ་མར་ལྷུང་ནས་ཕར་ཕྱོགས་སུ་ཁ་ལོ་འགའ་འགྲིལ་རྗེས་ཁ་མལ་དུ་བསྡད་སོང་།
བརྩོན་འགྲུས་རྒྱ་མཚོ་ཡང་ཨ་ཅེ་སྒྲོལ་མ་རིའི་ཕར་ནང་དུ་མར་བབས་པ་ནང་བཞིན། ཁོ་དེ་སྔོན་རིའི་སྟེང་དུ་འགོས་ཡོང་སའི་ཕྱི་ལམ་དེ་བསྙེགས་ཤིང་། རྡོ་ཕ་བོང་ཁྲི་འདྲ་བ་གང་དམིགས་ནས་རིའི་གདོང་སྣ་བརྒྱུད་དེ་མར་བབས། སྔར་ལྟར་ཕ་བོང་དེའི་སྟེང་སྐྱིལ་མོ་ཀྲུང་དུ་ཙོག་རྗེས། འུར་ཆ་སྐ་རགས་བར་དུ་གསེབ་པ་དང་། སྐ་རགས་བར་གྱི་དིང་གླིང་བླངས་ཏེ་འབུད་མགོ་བརྩམས། དིང་གླིང་གི་སྒྲ་དབྱངས་ནི་དངོས་གནས་སྨྱུག་གླིང་སོགས་དང་མི་འདྲ་སྟེ། སྐད་ཕྲ་ཞིང་དྭངས་ལ་གཙང་མར་བདོག་པས།རྒྱང་འབུད་ཀྱི་དབྱངས་རྟར་བཀུགས་ཚེ་མིའི་སེམས་ཀྱི་ག་ཤེད་དུ་དྲན་གདུང་གི་མེ་རོ་དབང་མེད་དུ་གསོ་བ་སྟེ། ཨ་མདོའི་ལ་གཞས་ནང་དུ“ངས་དྲན་པ་ཤིང་ལ་བཀུགས་ན། །ཤིང་ལོ་མར་མདུད་པ་ཕོག་འགྲོ”ཟེར་བའི་ཚད་ལ་གཏུགས་འགྲོ། ལྷག་དོན་ལ་གཞས་སོགས་དམངས་ཁྲོད་རིག་གནས་ལ་ཞེ་དྲག་དགའ་བཞིན་པའི་བརྩོན་འགྲུས་རྒྱ་མཚོར་མཚོན་ན། འཇིག་རྟེན་གྱི་བརྩེ་བ་ནི་ཤེས་ལ་མ་ཤེས་དང་འདོད་ལ་མ་འདོད་ཀྱི་སོ་ན་གནས་པས། རང་སེམས་ཀྱི་ཚོར་བ་མག་མོག་གང་ཞིག་ཨ་ཕ་དང་གསར་བུ་འགའ་རེའི་སར་བསླབས་པའི་རྒྱང་འབུད་ཀྱི་ནང་དུ་འཇུག་ཅི་ཐུབ་ལ་འབད་བཞིན་ཡོད།
མཚམས་ཤིག སྡེ་འདབས་ནས་རྫོང་མཁར་ཕྱོགས་སུ་འཐེན་པའི་ལམ་སྣེ་སྟེ། གཞུང་ལམ་དེ་རི་འབུར་སབ་སོབ་མང་བོའི་ནང་ཟུག་པའི་བར་མཚམས་ནས་མི་ཞིག་གི་གཟུགས་བརྙན་མངོན་ཡོང་ལ། དེ་ཉིད་ཅང་མ་འགོར་བར་མ་གལ་སྡོང་རྒན་ཞིག་ཡོད་པའི་མཚམས་སུ་སླེབས་སོང་། མི་དེའི་གོམ་པ་ལེན་སྟངས་ཧ་ཅང་ཡང་བས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལོ་གཞོན་ཞིག་ཡིན་པ་ཤེས་ཐུབ་ལ། ཡང་ཁོག་སྟོད་དུ་རྒྱ་ལྭ་གློ་སྐྱ་ཞིག་གོན་ཡོད་པས་བུ་མོ་ཞིག་ཡིན་པའང་རྟོགས་ནུས། མོས་རྒྱབ་ཏུ་རྡོག་ཁྲེས་ཤིག་འཁུར་འདུག་ཐོག ལག་ཏུ་དངོས་པོ་ཞིག་ཀྱང་བཟུང་ཡོད་པར་བརྟེན། གཡས་ལུང་ཕྱོགས་ཀྱི་དུད་ཚང་གང་རུང་ཞིག་གི་འགྲུལ་པ་ཡིན་སྲིད། བརྩོན་འགྲུས་རྒྱ་མཚོའི་མིག་གི་རྒྱང་མཐོང་ནུས་པ་ཧ་ཅང་མཐོ་བར་བརྟེན། ཁོས་བུ་མོ་དེ་མིག་གི་ཀྱོ་བའི་སྣེ་ལ་ཉ་མོ་ཟིན་པ་ལྟར་ཡེ་ནས་མ་བཏང་། མ་བཏང་བ་ལ་རྐྱེན་བྱས་ཏེ་ཁོའི་རིག་པར་དང་ལྷོད་ཤོར་པས། དིང་གླིང་འབུད་ཚུལ་ནི་ད་ཅི་ལས་ལྡབ་འགྱུར་གྱིས་ཇེ་ཞན་ལ་བུད་སོང་། བུ་མོ་དེ་ཁོ་སྡོད་སའི་རི་སྒང་དེའི་དྲང་ཐད་དུ་བསླེབ་ལ་ཉེ་དུས། ཁོས་གཞི་ནས་དིང་གླིང་འབུད་མཚམས་བཞག་ཅིང་། རྡོ་ཕ་བོང་ཁྲི་འདྲ་བ་ལས་ཡར་ལངས་ཏེ་སར་བབས་འཕྲལ། གོམ་པ་བཅུ་ཕྲག་འགའི་མན་གྱི་རི་ཟུར་དེར་ཕྱིན་པ་དང་། ལག་པ་ཐོད་པར་ཁྱེར་ནས་ཞིབ་ལྟ་ཞིག་བྱས་རྗེས་གློ་བུར་ཀི་རིང་ཞིག་བཏབ། ཕ་རོལ་པོས་ཚུར་བལྟས་ཙམ་བྱས་རྗེས། མ་གོ་བ་ནང་བཞིན་མུ་མཐུད་དུ་རང་ལམ་བསྙེགས་ནས་མདུན་དུ་སྐྱོད་པ་ལ། བརྩོན་འགྲུས་རྒྱ་མཚོས་སྐད་ཤུགས་ཆེན་པོས“ཨ་རོག་བུ་མོ། བོད་མོ་ཡིན་ནམ་རྒྱ་མོ་ཡིན། བོད་མོ་ཡིན་ན་འདིར་ཤོག རྒྱ་མོ་ཡིན་ན་ཕྱིར་སོང”ཞེས་ལབ་པར། བུ་མོ་དེས་ཡང་ཚུར་བལྟས་ཙམ་བྱས་རྗེས་ཅི་ཡང་མི་ཟེར་བར་རྒྱ་ལམ་དེད་ནས་གོམ་འགྲོས་ཡང་མོར་མདུན་དུ་སྐྱོད། བརྩོན་འགྲུས་རྒྱ་མཚོ“ཧ་ཧ་ཧ”ཞེས་དགོད་ཙམ་བྱས་རྗེས། སྐད་མགོ་སྔར་ལས་ཇེ་མཐོར་བཏང་ནས“ཨ་ལ་ཞི་མོ། ཨ་ཅེ་ཝར་མའི⑥ལྟེ་བའི་མར་ཞོལ་ན། ས་ས་སེའུ⑦ཡི་སྡོང་བོ་ཡོད་ཀི ཡར་གྱིས་བཏོག་གི་མར་གྱིས་བཏོག་གི ངས་གཅིག་བཏོག་ན་ཨེ་ཆོག་གི”ཞེས་ལོ་འགའི་སྔོན་ལ་སྡེ་བའི་ཨ་རྒྱ་འཆལ་པོ་ཚོས་བསླབ་པའི་བཙོག་གཏམ་དེ་བཤད། ད་རེབ་བུ་མོ་དེས་ཚུར་བལྟས་ཙམ་ཡང་མི་བྱེད་པས། ཁོས་སྐད་འགྲགས་དང་བཅས“གཏམ་ལ་ལན་པོ་མེད་ན་ལྐུགས་པ་ཡིན་ཟེར་བ་ཨེ་གོ ཁྱོད་འོན་པ་ཡིན་ནམ་ལྐུགས་པ་ཡིན། འོན་ལྐུགས་ཡིན་པའི་བུ་མོ་ཞིག ང་ཚོའི་ཡུལ་འདིར་ཡོང་ས་མེད”ཅེས་ཨ་ཁུས་ཁྱིམ་ནང་གསང་སྟབས་ཀྱིས་བཤད་མྱོང་བའི《 གེ་སར་སྒྲུང》ནང་གི་ཚིག་འདྲ་བ་འགའ་སྨྲས་རྗེས། དིང་གླིང་སྐ་རགས་ཀྱི་བར་ལ་གསེབ་པ་དང། སྐ་རགས་བར་དུ་མར་བསྣར་ཡོད་པའི་འུར་ཆ་དེ་བླངས་ནས། འུར་རྡོ་བྱ་སྒོང་ལས་ཆེ་ཙམ་ཡོད་པ་འགའ་རེ་བཏུས་ནས་འུར་ཆའི་ནང་བཞག་རྗེས་བུ་མོ་དེའི་ཕྱོགས་སུ་འུར་སྒྲ་དང་བཅས་འཕངས། རི་ཟུར་ནས་རྒྱ་ལམ་བར་མདའ་རྒྱང་གཉིས་ལས་བརྒལ་པ་ཙམ་གྱི་བར་ཐག་ཡོད་པས། འུར་རྡོ་དེ་དག་སྐར་མདའ་ཆད་པ་ལྟར་སོང་ནས་ཞིང་ཁུགས་སམ་ཡང་ན་རྣང་མའི་བར་ལ་ཕོག་འགྲོ་བར། མོས་དེར་སྣང་དོགས་ཅུང་ཙམ་ཡང་མི་བྱེད་པར། དེ་སྔོན་གྱི་གོམ་འགྲོས་ཡང་མོ་དེ་ལེན་ཞོར་རླུང་བུ་ཇི་བཞིན་མདུན་ནས་མདུན་དུ་སྐྱོད།
བརྩོན་འགྲུས་རྒྱ་མཚོར་མཚོན་ན་ས་དེ་རུ“གྲོ་མ་བརྐོ་རྒྱུ”ཅང་མ་རྙེད་པས། ཡང་བསྐྱར་རྡོ་ཕ་བོང་གི་ཕྱོགས་སུ་འགོས། དེའི་དུས་དགོང་ཁའི་ཉི་མ་ནི་ནུབ་རིའི་ཕང་བར་ལྷུང་བའི་མཚམས་སྤྲིན་དམར་པོ་མཚལ་གྱི་མདོག་ཅན་ཞིག་གི་ཕག་ཏུ་ཡིབ་པ་མཐོང་བས། ཨ་ཕས་རྒྱུན་དུ“ནུབ་མཐའ་དམར་པོར་འགྱུར་བ་ནི་ནམ་ཟླ་བཟང་བོ་ཡོད་པའི་རྟགས་ཡིན”ཞེས་བརྗོད་པ་དྲན་པས། ཕྱི་ཉིན་གནམ་དྭངས་ཉི་གསལ་གྱི་ཉིན་མོ་ཞིག་འབྱུང་ངེས་པར་སོམ་ཉི་འཆང་མི་དགོས་སྙམ་པ་བྱུང་ལ། ཡང་དུས་ཡུན་རིང་བོ་མི་འགོར་བར་ས་གཞིས་མུན་པའི་ལྭ་བ་སྟུག་པོ་དེ་གོན་ངེས་པར་འདོད་པས། ཡིད་ངོར་ད་ནི་རང་ཁྱིམ་དུ་ལྡོག་རན་པར་བསམས་སོང་། ད་ལྟ་ར་མ་དག་གིས་རྡོ་ཕ་བོང་ཡོད་སའི་མར་ཞོལ་དུ་འབའ་སྒྲ་སྒྲོག་པ་གོ་བས། ཁོ་ཕར་ཕྱིན་ཏེ་ངག་ནས“རྒྱུད་ཆད་རྒྱུ་ཚོ”ཞེས་དམོད་ཞོར་ལག་ཏུ་རྡོ་བ་གང་ཆུད་བླངས་ནས་བརྒྱབ་པར། དུད་འགྲོ་དེ་དག་གིས་ཀྱང་རྫི་པོའི་སེམས་དོན་རྟོགས་པ་ལྟར་རི་འདབས་བསྙེགས་ལ། དེ་ནས་ཞིང་རྣང་མ་བརྒྱུད་ནས་གཞུང་ལམ་གྱི་ཕྱོགས་སུ་དལ་བ་དལ་བུར་ཐལ་ལོ།།
2
དུས་ཕྱིས་སུ། དུས་ཚིགས་ངེས་མེད་ནང་སློབ་གཙོ་གངས་ལྷ་མེ་ཏོག་གིས་སློབ་མ་པྲ་ཆལ་ཚོ་དབྱར་དུས་ཉིན་དང་དགུན་དུས་སྲིབ་ཕྱོགས་སུ་སློང⑧ཐེངས་རེར། བརྩོན་འགྲུས་རྒྱ་མཚོའི་ཡིད་ལའང་རང་དབང་མེད་པར་གསར་དུ་ཡོང་བའི་སློབ་གཙོ་དེས། རང་ལ་ཆུང་དུས་རྩེད་རོགས་བྱས་མྱོང་བའི་སློབ་གཙོ་དེས། རང་ལས་ཟླ་བ་གསུམ་གྱིས་ཆུང་བའི་སློབ་གཙོ་དེས། རང་ཉིད་ཀྱང་སློབ་བུ་དེ་དག་དང་འདྲ་བར་བསླངས་མྱོང་བ་ཡིད་ལ་ཤར་འོངས།
དོན་ངོ་མར། སྟོན་དུས་ཀྱི་ཕྱི་དྲོ་དེར། ཁོས་ཕ་བོང་ཁྲི་འདྲ་བ་དེའི་ཞོལ་དུ་ཀི་བཏབ་མྱོང་ལ་བཙོག་གཏམ་སྨྲས་པར་མ་ཟད། འུར་རྡོ་ཡང་འཕངས་མྱོང་བའི་ལམ་འགྲོ་བུ་མོ་རྒྱ་ལྭ་གློ་སྐྱ་གོན་མཁན་དེ་ནི་གཞན་མ་ཡིན་པར། ཤར་ལུང་ཚོ་དྲུག་སློབ་ཆུང་ལ་གསར་དུ་བགོས་ཡོང་བའི་སློབ་གཙོ་སྟེ། མིང་ལ་གངས་ལྷ་མེ་ཏོག་ཏུ་འབོད་པ་དེ་ཡིན་འདུག
སྲོད་དུས་དེར། བརྩོན་འགྲུས་རྒྱ་མཚོས་ར་མ་རྣམས་གྲངས་ཀ་བླངས་ཏེ་ཕྱིའི་ར་བ་མཐོན་པོའི་སྟོད་ཀྱི་ཆ་དེར་གྲུ་བཞི་ནར་མོར་དོང་དུ་ཕབ་པའི་གྱང་ངོས་སུ།“མའོ་ཀྲུའུ་ཞི་ཁྲི་ལོར་ཤོག གུང་ཁྲན་ཏང་ཁྲི་ལོར་ཤོག”ཅེས་དཀར་རྩིའི་ཐོག་ལ་ཡི་གེ་དམར་པོ་ཆེ་ཞིང་གསལ་བ་བྲིས་འདུག་པའི་སྡེ་བའི་ཟོག་རའི་ནང་བཅུག་པ་དང་། མཐུད་ནས་ཤིང་སྒོ་ཐོར་ལ་ཉེ་བ་དེར་བོད་ཟྭ་རྙིང་བ་དེ་བརྒྱབ་འཕྲལ་དྲང་མོར་རང་ཁྱིམ་དུ་ལོག ལམ་བར་དུ་ཁོས་ད་ཅིའི་བུ་མོ་དེ་སུ་ཚང་གི་འགྲུལ་པ་ཡིན་ངེས་སམ་འདོད་ལ། ཡང་ཚུལ་དེ་རང་དང་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་པས་གློ་བུར་ཁོང་དགོད་ཅིག་ཤོར། ཚོར་ལ་མ་ཚོར་བའི་ངང་དུ་རང་ཁྱིམ་གྱི་ལྷས་དཀྱིལ་ལ་སླེབས་པར། མེ་ཁང་ནང་དཀར་མེ་གསལ་བ་ལས་ཁྱིམ་ནང་གྲགས་འགུལ་ཆེན་པོ་མི་འདུག་པས། ནང་སྒོ་དལ་བུར་ཕྱེ་ནས་ནང་དུ་ཕྱིན། རང་གི་གསར་གཏོད་དུ་སྨྲར་རུང་བའི་དཀར་མེ་དེ་ནམ་རྒྱུན་ལྟར་སླ་ངའི་དྲང་ཐད་ཀྱི་ཁ་རྡང་གི་ཀླད་དུ་ལྕགས་སྐུད་ཕྲ་མོས་མར་དཔྱངས་པའི་སྣེ་རུ་འོད་ཀྱམ་མེར་ཡོད་ལ། ཨ་ཁུ་ཚངས་དབྱངས་དང་ཕུ་བོ་སྐལ་བཟང་འབུམ་གཉིས་ཀས་སྐྱེས་པ་དག་གི་དབང་ཐང་ངོམ་པའི་ཚུལ་དུ་ཚ་ཐབ་ཐོག་ཕན་ཚུན་ཁ་སྤྲོད་དུ་ཙོག་ནས་གྲགས་མེད་དུ་འདུག་སྟེ། ཨ་མ་ལྷ་མོ་བྱམས་གཅིག་པུས་ཐབ་མདོ་རུ་མགོ་བོ་སྒུར་ནས་དུས་ཡུན་རིང་བོར་བཅོས་མ་མྱོང་བའི་ཀེའུ་རྐྱང་གི་ཆུ་མོག་དེ་བཅའ་བཞིན་མཆི། རང་ཉིད་བཟའ་རྒྱུར་ཆེས་དགའ་བའི་ཀེའུ་ཡི་དྲི་མ་ཞིམ་པོ་དེ་བསྣམས་པས་སེམས་ནང་སྤྲོ་བ་རབ་ཅིག་འཕེལ་ཏེ། འུར་ཆ་དང་དིང་གླིང་རྐེད་ནས་བླངས་པ་དང་། མཐུད་དེ་དམག་ལྷམ་སེར་པོ་དེ་ཚ་ཐབ་སྟེང་འགྲོ་སའི་ཐེམ་ཞོལ་དུ་ཕུད་རྗེས། རྐང་དྲི་དང་བཅས་ཁོ་གཉིས་ཀྱི་གམ་དུ་ཕྱིན་ནས་ཙོག
“ཨ་ཕ་མ་ཡོང་ངམ། གང་དུ་བུད་སོང་བ་རེད།”
ཡུད་ཙམ་ནས་ཁོས་རང་དང་མཉམ་པོར་བལ་གདན་ནག་པོ་རྙིང་བ་ཞིག་གི་སྟེང་ཙོག་འདུག་པའི་ཕུ་བོ་སྐལ་བཟང་འབུམ་སྣ་འབིག་ལ་དེ་ལྟར་དྲིས།
“ཨ་མས་བཤད་པ་ལྟར་ན། སློབ་གྲྭའི་ནང་བུད་སོང་ཟེར། ཁྱོད་ཚོར་སློབ་གཙོ་གསར་བ་ཞིག་ཡོང་བ་བསྐྱལ་ནས་བུད་ཐལ་ཟེར།”
ཕུ་བོས་དལ་ལྷོད་ལྷོད་ངང་དེ་ལྟར་ལན་བཏབ་འོངས།
བར་དེར་ཨ་མ་ལྷ་མོ་བྱམས་ནི་གཉིད་ལས་སད་པ་ལྟར་མགོ་བོ་ཡར་དགྱེ་སྟེ“བརྩོན་འགྲུས་རྒྱ་མཚོ། ཁྱོད་བུད་ཡོང་ངམ། ཁྱོད་ཀྱིས་སློབ་གཙོ་གསར་བ་དེ་སུ་ཡིན་པ་ཨེ་ཤེས”ཞེས་འདྲི་ཙམ་བྱས་པ་དང་། ཡང་དགའ་བ་ཁོང་དུ་མི་ཆུད་པའི་བཟོ་ལྟ་འདྲ་སྟོན་བཞིན། རང་གི་དྲི་བར་རང་གིས་ལན་འདེབས་པའི་ཚུལ་དུ“མོ་དགེ་རྒན་འཇིགས་མེད་རབ་བརྟན་གྱི་བུ་མོ་གངས་ལྷ་མེ་ཏོག་རེད། དུས་ཡུན་རིང་བོར་མ་རིག་པས་གསར་མོ་ཆགས་འདུག འུ་ཚང་གི་ནང་མི་ཡོངས་ལ་ཀ་ར་དབྱང་ཐང(洋糖)སོགས་བཟའ་རྒྱུ་སྐོར་ཞིག་ཉོས་ནས་ཡོང་ཡོད”ཅེས་སྨྲས་སོང་ལ། ཡང་ཁ་སྣོན་གྱི་ཚུལ་དུ“དོ་དགོང་སློབ་གྲྭར་འགྲོ་དགོས་ཟེར་བས། ཁྱོད་ཀྱི་ཨ་ཕས་བསྐྱལ་ནས་བུད་ཐལ”ཟེར།
ཨ་མའི་སྐད་ཆ་ལ་ཉན་བཞིན་དུ་ཁོའི་མགོ་བོ་ཇེ་དམའ་ནས་ཇེ་དམའ་རུ་སོང་བར་བརྟེན། ཨ་ཁུ་ཚངས་དབྱངས་ཀྱིས་སྤྱི་ཐེར་མངོན་པའི་རང་གི་མགོ་བོར་འཕུར་འཕུར་བྱེད་ཞོར“བརྩོན་འགྲུས་རྒྱ་མཚོ། ཁྱོད་གཉིད་ལྕོག་རྒྱག་བཞིན་པ་མིན་ནམ། ཐང་ཆད་ན་གཞོགས་ཁང་དུ་ཕྱིན་ནས་ཅུང་ཙམ་ངལ་གསོ་བྱོས། ར་རྫི་ལུག་རྫིར་འགྲོ་དུས་དཔེ་ཆ་རེ་བཟུང་ནས་སོང་ན་བཟང་། ངས་བལྟས་ན་ཁྱོད་ཀྱི་དིང་གླིང་དེ་སློབ་སྦྱོང་གི་དགྲ་རུ་འགྱུར་བཞིན་ཡོད་ཀི ཤེས་མི་དགོས་པའི་སྐོར་དེ་མ་སྦྱངས་ཀྱང་ཆོག་པ་ཡིན”ཟེར།
ཁོས་དངན་པ་རིང་བོ་ཞིག་ཕྱུང་རྗེས“ང་འདི་གར་ཅུང་ཙམ་ཉལ་བས་ཆོག”ཟེར་བཞིན་སྒྱིད་ལུག་པའི་ངང་ཡར་ལངས་པ་དང་། བོད་ལྭའི་སྐ་རགས་བཀྲོལ་རྗེས་ཚ་ཐབ་ཀྱི་ཕུག་ཏུ་གློ་ཉལ་བྱས་ནས་བསྡད།
ཅང་མ་འགོར་བར་ཨ་ཕ་སངས་རྒྱས་སྐྱབས་ནི་འཛུམ་འཚེར་འཚེར་ངང་ཁྱིམ་དུ་སླེབས་བྱུང་བར། བུ་ཆེ་བ་སྐལ་བཟང་འབུམ་ཕར་བསྣུར་ནས་ཨ་ཕ་རྒྱུན་དུ་སྡོད་སའི་གནས་དེ་ཕུད་པ་ལ། ཁོས་ཀྱང་དེ་ནི་རང་གི་སྡོད་ས་ཡིན་ངེས་སྙམ་པའི་ཉམས་ཀྱིས་དེར་ཁྱེལ་བཞུགས་བྱས་རྗེས“བརྩོན་འགྲུས་རྒྱ་མཚོ་མ་ཡོང་ངམ། ཁོ་གང་དུ་བུད་སོང་བ་རེད”ཅེས་ད་ཅིའི་བུ་ཆུང་བས་ཆེ་བར་དྲིས་ཟིན་པ་དང་འདྲ་བའི་དྲི་བ་དེ་འདྲ་ཞིག་དྲིས་སོང་།
“ང་འདི་ན་ཡོད། མགོ་བོ་ཅུང་ན་བས་ཉལ་ནས་བསྡད་ཡོད།”
བརྩོན་འགྲུས་རྒྱ་མཚོས་སྐད་མགོ་དམའ་མོས་དེ་ལྟར་ལབ་པར། ཨ་ཕ་སངས་རྒྱས་སྐྱབས་ཀྱིས་སྐེ་སོ་བྱས་ནས་ཚ་ཐབ་ཀྱི་ཕུག་ཏུ་བལྟས་ཙམ་བྱས་རྗེས“ད་ནངས་དྲོས་འཁྱག་ལ་སོང་བ་མ་ཡིན་ནམ། སློབ་གྲྭ་ཚོགས་ལ་ཉེ་བས། སྨན་འཐུང་ནས་བདག་བྱོས”ཞེས་སྨྲས་རྗེས། རྒྱ་ཞྭ་སེར་པོ་དེ་ཕུད་ནས་ཁ་རྡང་ཐོག་བཞག་པ་དང་། མཐུད་ནས་གསར་ཤོག་ནར་མོ་ཞིག་གི་ཁུད་ལ་དུ་ལོ་གཅུད་ཞོར“ད་བཟང་འདུག གངས་ལྷ་མེ་ཏོག་ནི་ཁོ་ཕ་བུ་གཉིས་ཀྱིས་གྲོས་བྱས་ཏེ་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་ཡོང་བ་རེད། ད་ང་ཚོར་གཏན་སྡོད་བྱེད་ངེས་པའི་སློབ་གཙོ་ཞིག་ཡོད་སོང་བས། ས་གནས་མང་ཚོགས་ཀྱིས་གོ་སྐབས་འདི་དམ་འཛིན་བྱས་ནས་བྱིས་པ་ཚོ་སློབ་གྲྭར་སྐྱེལ་ན་བཟང”ཞེས་བཤད་འོངས།
“ད་སུས་ཤེས། ང་ཚོའི་ས་ཆ་འདིར་ད་རུང་ཀླད་པ་རྙིང་བ་ཅན་མང་བོ་ཡོད་པས། སློབ་གྲྭར་བསྐྱལ་རྒྱུ་ཡིན་མིན་སུས་ཤེས། བསྐྱལ་ཀྱང་སློབ་མ་ཚོས་སློབ་སྦྱོང་ཡག་པོ་བྱེད་མིན་སུས་ཤེས།”དེ་ནི་སྐལ་བཟང་འབུམ་སྣ་འབིག་གི་སྐད་རེད།
“མ་ཤེས་ས་ག་ལ་འགྲོ། གངས་ལྷ་མེ་ཏོག་གི་བཤད་ཚུལ་ཡིན་ན། སློབ་སྐབས་འདིར་གཙོ་བོ་དགེ་རྒན་དང་སློབ་མ། ཁྱིམ་བདག་ཡོངས་ལ་རྒྱུས་ལོན་བྱས་རྗེས་སྒྲིག་ལམ་ཞིབ་མོ་བཅའ་རྒྱུ་ཡིན་ཟེར།”
ཨ་ཕ་སངས་རྒྱས་སྐྱབས་ནི་བུ་སྐལ་བཟང་འབུམ་གྱི་སྐད་ཆ་དེར་ཅུང་འཐད་ཀྱིན་མེད་པ་འདྲ། སྐད་མགོ་དེ་སྔོན་ལས་ཇེ་མཐོར་བཏང་ནས་སྨྲས་སོང་།
བརྩོན་འགྲུས་རྒྱ་མཚོར་མཚོན་ན་དོ་དགོང་གསར་དུ་ཡོང་བའི་སློབ་གཙོ་ནི་རང་གི་ཆུང་དུས་ཀྱི་རྩེད་རོགས་གངས་ལྷ་མེ་ཏོག་རེད་ཅེས་པ་ཐོས་མ་ཐག གར་ཡོང་མི་ཤེས་པའི་ངོ་ཚ་དང་འགྱོད་གདུང་ནི་སེམས་གཏིང་ནས་རེས་མོས་སུ་འཕེལ་བྱུང་ལ། ཡང་ཨ་མའི་ཁ་བརྡ་དང་ཨ་ཕའི་གསལ་བཤད་ཀྱིས་ལྷག་ཏུ་རང་གི་མགོ་ནང་དུ་ཅི་ཞིག་རྫོང་བཞིན་པའི་ཚོར་སྣང་སྐྱེས། ད་སོ་མ་ཨ་ཕའི་ངག་ལས“མོས་སྒྲིག་ལམ་བཅའ་རྒྱུ་རེད”ཟེར་བ་གོ་བས། དེ་ནི་རང་གིས་དེ་རིང་ཕྱི་དྲོར་ཨ་ཅེ་སྒྲོལ་མར་འོལ་ཚོད་དུ“སྒྲིག་ལམ་ཇེ་བཙན་ལ་གཏོང་ངེས”ཞེས་བཤད་པ་གཉིས་ལྟོ་འགྲིག་ཏུ་སོང་བ་དྲན་པ་ལ། ཡང་མགོ་བོ་ཇེ་ཡང་དུ་རབ་ཅིག་ཕྱིན་པའི་ཚོར་བ་འདྲ་བྱུང་བར་བརྟེན། ཁོ་ཚོའི་ཁ་བརྡ་ལ་མུ་མཐུད་དུ་ཉན་འདོད་སྐྱེས།
ཡིན་ནའང་ཨ་མ་ལྷ་མོ་བྱམས་ཀྱི་སྐད་ཆ་ཚིག་གཅིག་གིས་ཁོ་ཚོའི་ཁ་བརྡ་ཕྱོགས་གཞན་དུ་བསྐོར་སོང་སྟེ། མོས་སྐྱོ་བའི་ངག་གིས“ངས་སྒྲིག་ལམ་མ་ལམ་དེ་ཚོ་མི་ཤེས། གཙོ་བོ་མ་སེམས་ཅན་གྱི་མགོ་ལ་ལས་འགུལ་དྲག་པོ་ཞིག་མི་ཡོང་རྒྱུ་མཁྱེན། གངས་ལྷ་མེ་ཏོག་གི་མགོར་སྡུག་ཅིག་མི་ཡོང་བར་མཁྱེན། འདི་ཕ་བུ་གཉིས་ཀྱི་མགོར་མ་ཡོང་བ་ཞིག་མེད། ཡོང་རྒྱུ་མང་སོང་ནས་ར་སྟོང་གནམ་ལ་བསྐོར་པ་མིན་ནམ”ཟེར།
“ངོ་མ་རེད། དགེ་རྒན་འཇིགས་མེད་རབ་བརྟན་ཤར་ལུང་ཚོ་དྲུག་ལ་དྲིན་ཆེ་བ་ཞིག་སུ་ཡང་མི་ཆེ། ཤར་ལུང་ཚོ་དྲུག་སློབ་ཆུང་ཐོག་མར་འཛུགས་མཁན་ཁོ་ཡིན་ལ། བླ་མ་ཨ་ཚོགས་ཚང་གི་ནང་ཆེན་སྐྱོབ་མཁན་ཡང་ཁོ་ཡིན། ད་རུང‘ཟ་མ་དཀའ་ངལ་གྱི་ལོ’ཡི་སྐབས་སུ་ཁོས་ཐབས་ཤེས་སྣ་ཚོགས་སྤྱད་ནས་མི་མང་བོ་ཞིག་གི་སྲོག་ཀྱང་བསྐྱབས་མྱོང་།”
ཨ་ཁུ་ཚངས་དབྱངས་ཀྱིས་རྗེས་སུ་ཡི་རང་གི་ཉམས་དང་བཅས་དེ་ལྟར་རམ་བུ་བཏེགས་འོངས།
“ང་ཚོ་ཆུང་དུས་ནས་ས་ཆ་འདིའི་མི་ཚང་མས་དགེ་རྒན་འཇིགས་མེད་རབ་བརྟན་ཁོ་ན་གླེང་གིན་འདུག དོན་དམ་དུ་ཁོ་ས་ཆ་གང་ཞིག་གི་མི་ཡིན་ནམ། འུ་ཚང་གི་ཁྱིམ་མཚེས་ཚང་ལ་འབྲེལ་བ་ཇི་ལྟར་བྱུང་བ་རེད།”
བར་དེར་བུ་ཆེ་བ་སྐལ་བཟང་འབུམ་གྱིས་རང་གི་སྣ་འབིག་པ་དེར་རེག་ཙམ་བྱས་རྗེས། ཅི་ཞིག་ཤེས་འདོད་ཀྱི་ཉམས་དང་བཅས་ཏེ་དྲིས།
ཨ་ཕ་སངས་རྒྱས་སྐྱབས་ཀྱིས་གྲེ་བ་བསལ་ཙམ་བྱས་འཕྲལ“ཁོའི་ཕ་མེས་ཀྱི་ཡུལ་ངོ་མ་ནི་ཞོལ་གྱི་རྨ་སྨད་ཚོ་བདུན་ནང་ཡིན་འདུག དེར་ཤ་ཉེ་མང་རབས་ཟེར། ཨ་ཕ་ནི་ཚོང་པ་ཞིག་ཡིན་པས། ཁ་ཆེ་དང་རྒྱ་ནག་གི་ཚོང་ཤག་མང་བོ་ཡོད་པ་རེད། ཟི་ལིང་ནས་ལོ་མང་བོར་བསྡད་པར་བརྟེན། བཅིངས་འགྲོལ་མ་བྱས་པའི་སྔོན་ཏག་ཏག་ལ་འཇིགས་མེད་རབ་བརྟན་ཡང་བོད་སོག་སློབ་གྲྭའི་ནང་འགྲོ་ཐུབ་པ་བྱུང་ལ། དེ་ནས་དུས་ཡུན་རིང་བོ་མ་འགོར་བར་ཕ་མ་གཉིས་ཀ་སྔ་ཕྱི་བྱས་ནས་གློ་བུར་གྲོངས་སོང་ཟེར། འདས་རྐྱེན་ཅི་ཡིན་ང་ལའང་གསལ་བོ་བཤད་རྒྱུ་མེད། ཕལ་ཆེར་ཚོང་དོན་ཞིག་ཡིན་པ་འདྲ། ཕྱིས་སུ་ཁོ་བཅིངས་འགྲོལ་དམག་གི་ལོ་ཙཱ་པ་བྱས་ནས་ཕྱིར་ཕ་ཡུལ་རྨ་གཞུང་རྫོང་ལ་ཡོང་བ་དང་། དེ་ནས་ཅང་མ་འགོར་བར་ང་ཚོའི་ས་ཆ་འདིར་དགེ་རྒན་ལ་མངགས་ཡོང་། ཕྱིས་སུ་ཀུང་ཧྲེའི་ལས་བྱེད་པའི་ནང་དུ་འཐེན་པ་ཡིན”ཞེས་རང་ལ་གསལ་ཆ་ཡོད་པའི་སྐོར་དག་གསལ་ཁ་བཀྲོལ་ནས་སྨྲས།
“བུ་མོ་དབྱངས་ཅན་གྱིས་བཤད་ན། འུ་ཚང་གི་མག་པ་བན་དེ་དང་ཁོ་ཚོར་ཡང་ཤ་ཉེ་ཡི་འབྲེལ་བ་ཡོད་རབས་ཟེར། དོན་ངོ་མར་གངས་ལྷ་མེ་ཏོག་གི་ཨ་མ་ཆོས་འཛིན་སྒྲོལ་མས་ཁོའི་སྲོག་བསྐྱབས་མྱོང་བས། ཕྱིས་སུ་ཁོ་ཚང་དུ་མག་པར་བསྡད་པ་ཡིན་འདུག”
ཨ་མ་ལྷ་མོ་བྱམས་ཀྱིས་ད་ནི་ཆུ་མོག་བཏུམས་ཚར་བ་འདྲ། གོ་འདབས་ནས་ཡར་ལངས་ཞོར་དུ་དེ་ལྟར་བརྗོད།
“དེའི་དུས་དགོན་པའི་ནང་ཁོས་སེར་སྲུང་ཚང་གི་རྒྱུ་བསམས་ནས་མག་པར་བསྡད་པ་རེད་ཅེས་བཤད་མཁན་ཡང་འདུག”
ཨ་ཁུ་ཚངས་དབྱངས་ཀྱིས་སྔ་དོན་རྗེས་དྲན་གྱི་ཚུལ་དུ་བཤད།
“དེ་ཡིན་མི་སྲིད། འཇིགས་མེད་རབ་བརྟན་ཁོ་མི་དེའི་སྐོར་མིན། ངེད་གཉིས་ཀྱིས་མཉམ་དུ་བྱ་བ་མང་བོ་བསྒྲུབས་པས། ང་ཁོ་ལ་ཆ་རྒྱུས་ཆེན་པོ་ཡོད། ཁོ་ནི་དངོས་ཐོག་བདེན་འཚོལ་བྱེད་མཁན་ཞིག་ཡིན། དྲིན་ཆེན་ལ་དྲིན་གཟོ་བྱེད་པའི་བསམ་པ་ཡོད་མཁན་ཞིག་ཡིན།”ཨ་ཕ་སངས་རྒྱས་སྐྱབས་ཀྱིས་དེ་ལྟར་སྨྲ་བཞིན་བསམ་བློ་ཞིག་བཏང་རྗེས་སུ། ཡང་མུ་མཐུད་ནས“ལྷ་མོ་བྱམས་ཀྱིས་བཤད་པ་དེ་བདེན་པ་རེད། དོན་ངོ་མར་ཁོ་ཆུ་བཟང་སྐེ་ནས་ཕྱིར་རྫོང་མཁར་དུ་འགྲོ་དུས། ང་ཚོའི་སྡེ་འདབས་སུ་བཞོན་རྟ་འདྲོགས་ནས་ཐང་ལ་བརྡབས་པས་མགོ་ཡངས་གཏོར་བ⑨ཡིན་འདུག ཆོས་འཛིན་སྒྲོལ་མས་ཡུར་མ་ཡུར་བཞིན་པའི་སྐབས་སུ་མཐོང་བར་བརྟེན། ཕ་རྒན་ལ་སྐད་བཏང་ནས་ཁོ་བསྐྱབས་པ་ཡིན་ཟེར། ཨ་ཁུ་སེར་སྲུང་གིས་ཁོའི་མགོ་བོ་གྲོད་པུ་རློན་པས་གཅུད་ནས་བསྐྱབས་པ་ཡིན་འདུག”ཅེས་ཤར་ཤར་དུ་བཤད་འོངས།
“འོ་ན། ཨ་ཁུ་སེར་སྲུང་འཛིན་དགོས་དོན་ཅི་ཡིན་ནམ། ཁོ་ཚང་གི་ར་སྟོང་ཁ་གནམ་ལ་སྐོར་དགོས་དོན་ཡང་གང་ལ་ཐུག་པ་རེད།”
སྐལ་བཟང་འབུམ་གྱིས་དགོང་མོ་དེར་ཅི་ཞིག་ཤེས་འདོད་ཀྱིས་མུ་མཐུད་དུ་འདྲི་ཚིག་གཉིས་བསྟུད་མར་དྲིས་སོང་།
“དེ་ང་ཚོ་གྲྭ་པ་ཚོར་འབྲེལ་བ་ཡོད་པ་ཡིན། ‘ང་བརྒྱད་ལོ’ཞེས་པ་སླེབས་སོང་བ་རེད། ཟིང་འཁྲུག་ལངས་སོང་བ་ཡིན། དགོན་པ་གཏོར་སོང་བ་རེད། བླ་མ་དཔོན་པོ་བཟུང་སོང་བ་ཡིན།”ཨ་ཁུ་ཚངས་དབྱངས་རླུང་ཅུང་ལྡང་བཞིན་པ་འདྲ། སྐད་མགོ་ཇེ་མཐོར་བཏང་ནས་དེ་ལྟར་བཤད་རྗེས། ཇ་ཧུབ་གང་འཐུངས་ནས་ཏོག་ཙམ་བསྡད་པ་དང་། དེ་ནས་ཡང“ཨ་ཁུ་སེར་སྲུང་ཁོང་ས་ཆ་འདིའི་བླ་མ་དཔོན་པོ་མིན་ནའང་། ཁོའི་གྲལ་རིམ་ཞིང་བདག་ཡིན་པས་བཟུང་སོང་བ་རེད། དགེ་རྒན། འོ། མ་རེད། ཁོ་ཚང་གི་མག་པ་འཇིགས་མེད་རབ་བརྟན་གྱིས་ཐབས་བཀོད་སྣ་ཚོགས་འཐེན་ཡང་གོ་ཆོད་མ་ཐུབ”ཟེར་བ་དང་། ཡང་བསམ་བློ་ཞིག་བསྐོར་རྗེས“ཕྱིས་སུ་ཕྱིར་ཡོང་རྒྱུ་མེད་པར་གྱུར། བཙོན་ཁང་དུ་ཟས་བཅད་ནས་འདས་སོང་ཟེར”ཞེས་སྨྲས་རྗེས་མགོ་བོ་དང་ཁར་སྨད་ནས་བསྡད་བྱུང་།
“འུ་ཚང་གི་བརྩོན་འགྲུས་རྒྱ་མཚོ་དང་གངས་ལྷ་མེ་ཏོག་གཉིས་ནི་ལོ་དེའི་བྱིས་པ་ཡིན། ལོ་དེའི་བྱིས་པ་ཚང་མར‘ང་བརྒྱད་ལོའི་བྱིས་པ’ཞེས་འབོད། ཨ་ཁུ་སེར་སྲུང་ཁོ་འཛིན་དུ་ཡོང་དུས་ཆོས་འཛིན་སྒྲོལ་མ་ཟླ⑩ལ་བསྡད་ཡོད། གངས་ལྷ་ནི་རྒྱ་མཚོ་ལས་ཟླ་བ་གསུམ་གྱིས་ཆུང་། མོ་ན་དོན་གཙོ་བོ་ཟླ་འཁྱག་ལ་སོང་བས་རེད། ཕྱི་ལོ་ནས་བཟུང་ངོ་མདངས་འགྱུར་སོང་ལ། ལས་ཀ་ལྕི་བ་དང་དགག་པ་རབ་དང་རིམ་པར་བརྒྱབ་པ་དེ་ནི་ཁངས་ཐོག་ལ་བད་ཕོག་པ་ལྟར་གྱུར། བླ་སོང་མ་འདས་ཁར་ང་མོའི་རྩིབ་ན་ཡོད། ངའི་ལག་མགོར་འཇུས་ནས་གངས་ལྷ་ལ་བདག་བྱེད་རོགས་ཞེས་བཅོལ་སོང་། མོའི་མིག་མཐའ་ནས་བཞུར་ཡོང་བའི་མཆི་མ་དེ་ངས་མི་ཚེ་གང་བོར་བརྗེད་མི་ཐུབ……”
ཨ་མ་ལྷ་མོ་བྱམས་ཀྱིས་དེ་སྐད་སྨྲ་དུས་མགྲིན་པ་བརྣངས་པས་ངུ་སྐད་འདྲེས་སོང་སྟེ། ཚིག་རྔ་དེ་འདྲ་མི་གསལ་བས། མོའི་གོམས་སྲོལ་ལྟར་ངུ་བའི་ཚེ་ན་ཁ་སྒོ་སྐྱོར་འགྲོ་བའི་སྦྱོར་བ་དེ་སྤེལ་ཟིན་པར་མངོན།
ཁྱིམ་ཧྲིལ་པོ་གློ་བུར་ཁ་ཁུ་སིམ་མེར་གྱུར་ལ། ཟངས་པའི་ནང་གི་ཆུ་ཁོལ་ཁོ་ནས“སིར་སིར”གྱི་སྒྲ་གསལ་ལ་མི་གསལ་བ་ཞིག་བསྒྲགས་འོངས།
བརྩོན་འགྲུས་རྒྱ་མཚོ་ལུས་པོ་ཀུམ་ཀུམ་དང་བཅས་ཚ་ཐབ་སྟེང་དུ་ལོག་ཅིང་རྣ་བ་བླགས་ནས་ཁ་བརྡ་དེ་དག་ལ་ཉན་པའི་ཚེ་ན། སེམས་པ་ནི་ཁོ་ཚོའི་ལབ་གླེང་དང་འགྲོགས་ནས་གངས་ལྷ་མེ་ཏོག་ཚང་གི་གཏམ་རྒྱུད་ཕྱོགས་སུ་ཤོར་སོང་སྟེ། གངས་ལྷ་མེ་ཏོག་ཕུད། ཁོས་རྟོག་བཟོ་བྱས་པའི་མི་སྣ་སྐོར་ཞིག་གི་སྣང་བརྙན་དེ་ཡིད་ཀྱི་མེ་ལོང་དུ་ཡང་ཡང་ཤར་ནས་ཁ་ལོ་ལན་འགར་འཁོར་དགོས་བྱུང་།
ལྷིང་འཇགས་ཀྱི་རྣམ་པ་དེ་དཀྲོགས་མཁན་ནི་ཨ་ཁུ་ཚངས་དབྱངས་ཡིན་ཏེ། ཁོས་ཁ་ཕྱིར་འཁོར་ནས“བརྩོན་འགྲུས་རྒྱ་མཚོ། ལུས་པོ་མི་བདེ་ན་མྱུར་དུ་སྨན་ཐུངས། བསྲན་ནས་བསྡད་དེ་ཅི་བྱེད་དམ”ཞེས་སྨྲ་བར་བྱེད།
ཨ་ཕ་སངས་རྒྱས་སྐྱབས་ཀྱིས“ཡ། ད་འདས་དོན་དེ་ཚོ་མི་གླེང་བར་བྱ། ཁྱིམ་མཚེས་བུ་མོ་འདི་ཕྱིར་ང་ཚོའི་རྩིབ་ལ་བུད་ཡོང་བས། དགའ་སྤྲོ་སྐྱེས་ན་འགྲིག ལྷ་མོ་བྱམས། མྱུར་དུ་ཆུ་མོག་ཚོས། ཆུ་མོག་ཟོས་རྗེས་གངས་ལྷ་མེ་ཏོག་གིས་ཁྱེར་ཡོང་བའི་ཀ་ར་དབྱང་ཐང་ཡང་ཟོ་ཞིག”ཅེས་བཤད་པ་དང་། ཡང་ཚ་ཐབ་ཀྱི་ཕུག་ཏུ་སྐེ་སོ་བྱས་ཏེ“བརྩོན་འགྲུས་རྒྱ་མཚོ། ད་ཡར་ལ་ལོངས། སང་ཉིན་ང་ཀུང་ཧྲེ་ནང་ཚོགས་འདུར་འགྲོ་དགོས་པར་འདུག དགེ་རྒན་ལི་ཆིན་ཧོ་ལ་ངས་བརྡ་བརྒྱག ཁྱོད་སོང་ལ་སྒོར་ཐང་རུ་ཆེན་གྱི་ཐོན་སྐྱེད་རུ་ཁག་གསུམ་པོའི་རུ་གཙོ་རྣམས། གཞེས་ཉིན་སྔ་མོའི་དུས་ཚོད་དགུའི་སྟེང་དུས་ལྟར་སློབ་གྲྭར་ཡོང་དགོས་པའི་བརྡ་འཕྲོད་དུ་ཆུགས། སྒོ་ར་རུ་ཆེན་ཕྱོགས་སུ་ངས་སྐད་བསྐུར་ངེས་པས་འགྲོ་མི་དགོས”ཞེས་ཀྱང་སྨྲས་འོངས།
1975ལོའི་ཟླ8པའི་ཚེས28ཉིན། གཟའ་ཕུར་བུ། གནམ་ངོ་དྭངས།
དེ་རིང་། བདག་ནི་ཨ་ཕའི་རེ་བ་དང་རང་གི་འདོད་འདུན་བཞིན་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་ཡོང་ཡོད།
ལམ་བར་དུ་རང་ཉིད་ཆུང་དུས་དྲིན་གྱིས་བསྐྱངས་མྱོང་བའི་ཨ་མ་ལྷ་མོ་བྱམས་བཟའ་མི་ཚོར་ལྟ་རུ་ཕྱིན་པར། མོས་ང་མཐོང་བས་མིག་ཆུ་འཕོས་སོང་། ཡིན་ནའང་ངས་མིག་ཆུ་མ་འཕོས། ངའི་མིག་ཆུ་ཡོད་ཚད་ཁོག་ནང་བཞུར་དུ་བཅུག ང་ཚོ་བུད་མེད་ཚོས་ཀྱང་སྐྱེས་པ་རྣམས་ལ་སློབ་སྦྱོང་བྱས་ན་འགྲིག ཕྱོགས་གང་ཐད་ནས……
ཧྲུའུ་ཅི་སངས་རྒྱས་སྐྱབས་ཀྱིས་རང་ལ་བཀོད་སྒྲིག་བྱས་པའི་ཁང་བ་འདི་ནི་སྔོན་ཆད་ཨ་ཕ་བསྡད་མྱོང་བའི་ཁང་བ་དེ་ཡིན་ཟེར། ང་ལ་གསལ་བོ་བཤད་རྒྱུ་མི་འདུག གང་ལྟར་ཁང་བ་འདིའི་ནང་ད་ལྟ་དྲོད་ཁོལ་འཁྱིལ་ནས་ཡོད།
ཨ་ཕས་ནམ་རྒྱུན་དགེ་རྒན་གྱི་ལས་ཀ་ནི་མར་མེ་ཚེ་འབར་བཞིན་རང་ཟད་གཞན་ཕན་གྱི་ངང་དུ་འདའ་དགོས་ཟེར། དེ་འདྲ་ཡིན་ན་ལས་ཀ་དེ་ནི་ཅི་འདྲའི་དོན་སྙིང་ཆེ་བ་ལ་ཨང་། རང་གིས་དུས་ཕྱིས་ཀྱི་འཚོ་བའི་ནང་མར་མེ་ཚེ་འབར་ལྟ་བུའི་མི་ཚེ་ཞིག་སྐྱོང་རྩིས་ཡོད་པ་ལ། ལས་མཐའ་ཡག་པོར་རྫོགས་ངེས་སམ།
དེ་རིང་ནས་བཟུང་། ངས་ཉི་མ་རེ་རེར་ཉིན་ཐོ་འབྲི་བའི་ལུགས་སྲོལ་དེ་བསྐྱང་རྒྱུ་ཡིན། དམ་བཅས་པ་ཡིན།
ཚོགས་འདུ་ཚོགས་པའི་ནངས་མོ་དེར། བརྩོན་འགྲུས་རྒྱ་མཚོའི་སེམས་ནི་ཁྲ་གེ་ཁྲུག་གེར་གྱུར་པས། ཨ་ཕ་སངས་རྒྱས་སྐྱབས་དང་མཉམ་དུ་སློབ་གྲྭར་ཕྱིན། ཁོ་གཉིས་སླེབས་དུས། བོད་ཀྱི་ཁ་དཔེར“ཁ་སེམས་ཇ་དང་འོ་མ། ཁ་ཁོག་ཟྭ་དང་ལྡེ་མིག”ཅེས་གྲགས་པའི་ཟླ་ལ་འགྲོ་བའི་ཨ་ཕའི་བཟང་ས་སྒོ་ར་རུ་ཆེན་གྱི་ཧྲུའུ་ཅི་ལྕགས་ཐར་ཡང་ཡོང་འདུག་ལ། རུ་ཆེན་གཉིས་ཀའི་ཁོངས་གཏོགས་ཀྱི་ཐོན་སྐྱེད་རུ་ཁག་སོ་སོའི་རུ་གཙོ་ཁ་ཚང་འབྱོར་ཡོད་པར་མ་ཟད།“རིག་གསར”ནང་གདོང་མཆོང་པའི་མགོ་གཙོར་བསྡད་ཅིང་། ཕྱིས་སུ་དམངས་སྒྲུབ་དགེ་རྒན་དུ་གྱུར་པའི་དགེ་རྒན་ཝང་ཅུན་དང་རྡོ་རྗེ་གཉིས་ཀའང་སླེབས་འདུག
བརྩོན་འགྲུས་རྒྱ་མཚོ་ནི་ཁོའི་ཨ་ཕས་ཁྲིད་ནས་གངས་ལྷ་མེ་ཏོག་གི་ཉལ་ཁང་ནང་ཕྱིན་ཏེ། གསར་དུ་ཡོང་བའི་སློབ་གཙོ་མོ་དང་ཕྲད། མོས་ལུས་སུ་ཁེ་སྔོན་ནང་བཞིན་རྒྱ་ལྭ་གློ་སྐྱ་དེ་གོན་ཡོད་ལ། རྐང་བར་རས་ལྷམ་ནག་པོ་དང་། ཁོག་སྨད་དུ་རྐང་སྣམ་སྔོན་པོ་བཅས་སྤྲོས་འདུག དུང་ཆུང་ཟླ་བ་ཤར་འདྲའི་ངོ་ཚུགས་སྔོན་ཆད་ལྟར་འགྱུར་བ་ཆེར་མེད་ནའང་། མ་ནེ་ཅུང་ཇེ་རིང་དུ་སོང་འདྲའི་སྣང་བ་སྟེར། ཁོ་གཉིས་ནང་དུ་ཡོང་བ་མཐོང་བས། མོའི་ཁ་བགད་ན་མིག་དགོད་ཅེས་པའི་མིག་ཟུང་གིས་མདུན་གྱི་ཕ་ལ་བལྟས་ཙམ་དང་རྗེས་ཀྱི་བུ་ལ་བལྟས་ཙམ་བྱས་འཕྲལ“འདི་རྒྱ་མཚོ་མ་ཡིན་ནམ”ཞེས་དྲིས་བྱུང་།
“རེད་ཡ། འདི་ནི་ངའི་བུ་བརྩོན་འགྲུས་རྒྱ་མཚོ་ཡིན། ཁྱོད་ཀྱི་ཆུང་དུས་ཀྱི་རྩེད་རོགས་དེ་རེད།‘བརྩོན་འགྲུས’གཉིས་ཀ་ངེད་ཚང་གི་ཨ་ཁུ་ཚངས་དབྱངས་ཀྱིས་རྗེས་སུ་བསྣན་པ་ཡིན་པས། བརྩོན་འགྲུས་ལྡན་མིན་ཁྱོད་ཀྱིས་རྗེས་སུ་ཤེས་འགྲོ།”
ཨ་ཕ་སངས་རྒྱས་སྐྱབས་ཀྱིས་བསྟོད་པའི་ལམ་ནས་བུ་བརྩོན་འགྲུས་རྒྱ་མཚོ་དེ་ལྟར་མོ་ལ་མཚམས་སྦྱོར་བྱས།
“ཁྱོད་བདེ་མོ། སློབ་གྲྭ་འདིར་ཡོང་བར་སེམས་གཏིང་ནས་དགའ་བསུ་ཞུ།”
བརྩོན་འགྲུས་རྒྱ་མཚོས་རང་གི་སྐེ་ལ་འཕྲུག་ཙམ་བྱས་རྗེས་དོགས་མི་བདེ་བའི་ཉམས་ཀྱིས་དེ་སྐད་སྨྲས་སོང་།
“བདེ་མོ་ཡིན། བཀའ་དྲིན་ཆེ། ཁོ་ད་ལྟ་སློབ་གྲྭ་འདིའི་དམངས་སྒྲུབ་དགེ་རྒན་ཡིན་ཟེར་བ་ཨེ་རེད།”
“རེད། དམངས་སྒྲུབ་དགེ་རྒན་བྱས་ནས་ལོ་གཉིས་འགོར་སོང་། གཙོ་བོ་བོད་ཡིག་ཁྲིད་བཞིན་ཡོད།”
ཨ་ཕ་སངས་རྒྱས་སྐྱབས་ཀྱིས་འཇམ་པའི་ངག་གིས་དེ་ལྟར་གསལ་བཤད་བྱས།
“ཡ། འདི་གར་ཙོག་དང་། ངས་ཁྱོད་གཉིས་ལ་ཇ་ལྡུག”
གངས་ལྷ་མེ་ཏོག་གིས་དེ་སྐད་སྨྲ་ཞོར་ཚ་དེམ་བླངས་ནས་སྒྲོག་ཙེའི་སྟེང་དུ་བཞག་ཡོད་པའི་ལྕགས་ཕོར་དཀར་པོ་འབྲིང་ཙམ་དེའི་ནང་ཇ་ལྡུག་རྩིས་བྱས་བྱུང་།
ཨ་ཕ་སངས་རྒྱས་སྐྱབས་མྱུར་སྟབས་ཀྱིས་མདུན་ལ་བཅར་ཡོང་སྟེ་མོ་བཀག་འཕྲལ། ངག་ནས“ཚོགས་ཞུགས་མཁན་རྣམས་ཡོང་འདུག་པས། ལྷས་ཞོལ་མར་ཁྱོད་ལ་བསྒུགས་ཏེ་ཡོད། འུ་ཅག་ཚོགས་འདུ་ཚོགས་རན་ལ་སླེབས་སོང”ཞེས་པར། མོས་ཀྱང་ཚ་དེམ་ཕྱིར་ཐང་ལ་བཞག་བྱུང་བ་དང་། དེ་ནས་མལ་ཁྲིའི་ཟུར་དུ་ཡོད་པའི་འབྲི་དེབ་དང་སྨྱུག་གུ་བཟུང་རྗེས“དེས་ན་འགྲོ”ཟེར།
ཁོ་ཚོ་ཉལ་ཁང་གི་སྒོར་བུད་ཚེ། གདོང་ཁུགས་སུ་མིག་ཤེལ་བསྐྱོན་པའི་དགེ་རྒན་ལི་ཆིན་ཧོ་ཡིས་ཀྱང་ལྕགས་རྟ་རྙིང་བ་ཞིག་དེད་དེ། ལྷས་གོང་ཞོལ་གཉིས་ཀ་སྦྲེལ་སའི་བར་ཁྱམས་བརྒྱུད་ནས་བུད་ཡོང་ལ། ལྕགས་རྟ་དེ་གར་བཞག་འཕྲལ“ཁྱོད་ཚོ་བདེ་མོ། སློབ་གཙོ་བདེ་མོ”ཞེས་རྒྱ་སྐད་ཀྱིས་འཚམས་འདྲི་ཞིག་བྱས་རྗེས། མགོ་ཡི་རྒྱ་ཞྭ་སྔོན་པོ་རྙིང་བ་དེ་ཕུད་ནས་ཐོད་པ་ཆུང་ངུ་དང་སྐེ་ཚིགས་རིང་བོའི་བར་དུ་བཞུར་བའི་རྔུལ་ཆུ་དག་འབྱིད་མགོ་བརྩམས།
“ཁོ་ནི་དམངས་སྒྲུབ་དགེ་རྒན་ལི་ཆིན་ཧོ་ཟེར་བ་དེ་ཡིན། རྒྱ་ཡིག་དང་རྩིས་རིག་གཉིས་ཀ་ཁྲིད་བཞིན་ཡོད། སློབ་གྲྭ་འདིའི་དགེ་རྒན་གཙོ་བོ་ཡིན།”
བརྩོན་འགྲུས་རྒྱ་མཚོའི་ཨ་ཕས་དེ་ལྟར་ཁོ་གཉིས་མཚམས་སྦྱོར་བྱས།
སློབ་གཙོས“ཁྱོད་བདེ་མོ། རྗེས་མར་ང་ཚོ་དགེ་གྲོགས་སུ་གྱུར་པ་ཡིན་པས། བྱ་བའི་ཐད་རྒྱབ་སྐྱོར་བྱེད་རོགས”ཞེས་སྨྲ་ཞོར་དགེ་རྒན་ཁོར་ལག་འཇུ་ཞིག་བྱས་སོང་ལ། མཐུད་ནས་ངག་འཇམ་པོའི་ངང“ད་ཚོགས་ཞུགས་མཁན་རྣམས་ཡོང་འདུག་ཟེར་བས། ང་ཚོ་འགྲོ་འེ”ཞེས་བརྗོད་འོངས།
ཚོགས་འདུ་ནི་ལོ་རིམ་དང་པོའི་སློབ་ཁང་ནང་ཚོགས་སོང་། སློབ་ཁང་དེ་བདམས་དོན་ནི་ལོ་དེ་དག་ནང་སློབ་ཁང་དེའི་ནང་སློབ་མ་ཆེས་ཉུང་བར་བརྟེན། གསར་ཞུགས་སློབ་བུ་དེ་དག་ལ་སློབ་ཁང་ཡང་ཆེས་ཆུང་བ་དེ་བཀོད་སྒྲིག་བྱས་ཡོད་པའི་རྐྱེན་གྱིས་རེད། སྒྲོག་ཙེའི་སྒྲིག་སྟངས་ནི་ནམ་རྒྱུན་དང་མི་འདྲ་བར། སློབ་ཁང་གི་རིང་ཐུང་ལྟར་ཤར་མོ་གཉིས་སུ་བསྒྲིགས་འདུག་པས། གཡས་ཕྱོགས་སུ་དགེ་རྒན་རྣམས་ཙོག་པ་དང་། གཡོན་ཕྱོགས་སུ་རུ་ཆེན་དང་ཐོན་སྐྱེད་རུ་ཁག་སོ་སོའི་མིང་བཏགས་རྣམས་ཙོག་ཡོད། ཚོགས་འདུ་ལ་སློབ་གཙོ་གསར་བ་གངས་ལྷ་མེ་ཏོག་གིས་མགོ་འཛིན་བྱས་སོང་སྟེ། མོས་ཐོག་མར་ཅུང་འདར་བའི་ངག་གིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས། སོ་སོ་རང་ངོས་ནས་ངོ་སྤྲོད་བྱེད་དུ་བཅུག་ལ། མཐུད་དེ་སློབ་གྲྭའི་དགེ་རྒན་གྱི་གནས་ཚུལ་དང་སློབ་མའི་གནས་ཚུལ། ད་དུང་རུ་ཁག་སོ་སོའི་གནས་ཚུལ་དང་ཁྱིམ་བདག་གི་གནས་ཚུལ་སོགས་ཀྱང་རེ་རེ་བཞིན་རྩད་ཞིབ་དང་རྒྱུས་ལོན་ཞིབ་ཏུ་བྱས། བྱས་བྱས་པའི་མཐའ་ལ་མོས་རྫོང་སློབ་གསོ་ཅུས་ནས་ཁྱེར་ཡོང་བའི་ཡིག་ཆ་རེ་གཉིས་རྒྱ་སྐད་ཀྱིས་བཏོན་སོང་ལ། བོད་སྐད་ཀྱིས་ལོ་ཙཱ་དང་གསལ་བཤད་ཀྱི་གཏམ་རིང་བོ་ཞིག་ཀྱང་བཤད་བྱུང་། དེ་དག་ལས་བརྩོན་འགྲུས་རྒྱ་མཚོས་ཆེས་བརྗེད་ཐབས་བྲལ་པ་ནི་སྤྱི་བསྡོམས་ལྟ་བུའི་ཚིག་དེ་དག་སྟེ། གཅིག་ནི་སློབ་གྲྭ་ཡིན་ན་སློབ་གསོ་གཙོ་བོར་འཛིན་དགོས་པ་དེ་ཡིན་ལ། གཉིས་སུ་དགེ་རྒན་ཡིན་ན་རང་ངོས་ཀྱི་ཆུ་ཚད་མཐོར་འདེགས་དང་སློབ་ཁྲིད་ལ་ཤུགས་སྣོན་བརྒྱག་དགོས་པ། གསུམ་དུ་ཁྱིམ་བདག་གི་བསམ་བློ་བཅིངས་འགྲོལ་བཏང་ནས་བུ་བུ་མོ་སློབ་གྲྭར་བསྐྱལ་དགོས་ཚུལ། བཞི་རུ་རུ་ཆེན་དང་ཐོན་སྐྱེད་རུ་ཁག་སོ་སོའི་མིང་བཏགས་ཚོས་ཕྱོགས་གང་ཐད་ནས་སློབ་གྲྭ་དང་དགེ་རྒན་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པ། ལྔ་རུ་སློབ་གཙོ་ལ་མཚོན་ན་དགེ་སློབ་ཡོངས་ཀྱི་སྒྲིག་ལམ་ཇི་ལྟར་འཛིན་པ་དང་དོ་དམ་ཇི་ལྟར་བྱ་རྒྱུ་ཡིན་པའི་སྐོར་སོགས་བཤད་པ་དེ་རེད། དུས་མཚུངས་སུ་ཁོས་དེ་ལས་ཀྱང་བརྗེད་ཐབས་བྲལ་པ་ནི། སློབ་གཙོས་ཚོགས་འདུ་ཡོངས་སུ་གྲོལ་ཚར་རྗེས། ཁོ་ལ་རང་ཉིད་ཀྱིས་མོར་རོགས་བྱེད་དགོས་ཟེར་ནས་བཀག་སོང་སྟེ། ཨ་ཕ་སོགས་ལམ་འཇུག་བྱས་རྗེས། མོའི་ངོ་མདོག་གློ་བུར་འགྱུར་ནས་ཁོ་ལྷས་ཞོལ་མ་ནས་གོང་མར་འགྲོ་སར། སློབ་མ་རྣམས་ལ་བརྡ་རྒྱག་སྤྱད་ཀྱི་ཅོང་རྙིང་ཞིག་བཏེགས་ཡོད་པ་དེའི་མདུན་གྱི་ཉིན་ཁར་གཏད་ནས་ལངས་སུ་བཅུག་སོང་བ་དེ་རེད།
སྒོ་ཆེན་ཁར་དགེ་རྒན་ཚོ་དང་འགྲུལ་པ་རྣམས་ལམ་འཇུག་བྱས་རྗེས་སུ། ཁོ་གཉིས་མཉམ་པོར་སློབ་གྲྭའི་ལྷས་ཞོལ་མར་ཡོང་། དེ་ནས་ཅོང་རྙིང་གི་དྲང་ཐད་དུ་སླེབས་མ་ཐག མོས་མདུན་དུ་འགྲོ་བཞིན་པའི་ཁོ་ལ“བརྩོན་འགྲུས་རྒྱ་མཚོ། ཁྱོད་ཁ་ཕྱིར་འཁོར། ཕྱིར་འཁོར་ལ་འདི་གར་ལངས་ནས་སྡོད”ཅེས་སྨྲས། ཁོ་ཁ་ཕྱིར་འཁོར་དུས་མོའི་ངོ་མདོག་དཀར་པོ་དེ་དམར་པོར་གྱུར་འདུག་པ་དང་། ད་ཅི་མེ་ཏོག་བཞད་འདྲའི་འཛུམ་མདངས་ཀྱང་ཁྲོས་མོའི་རྣམ་པར་གྱུར་ནས་ཡོད།
མོས་ཁྲོ་ཞིང་འཚབ་པའི་ངག་གིས“ཁེ་སྔོན་གྱི་ར་རྫི་དེ་ཁྱོད་ཨེ་ཡིན”ཞེས་དྲིས་བྱུང་བར། ཁོའི་ངོ་མདངས་ཀྱང་ངོ་ཚའི་དབང་གིས་གློ་བུར་དམར་པོར་འགྱུར་བཞིན་དྲང་བོའི་ངང“ཡིན”ཞེས་ལན་བཏབ། དེ་ལ་མོས“ངས་བལྟས་ན་སློབ་གྲྭ་འདིའི་དགེ་རྒན་སྐོར་ཞིག་ལ་ར་རྫི་ཞིག་གི་སྤུས་ཚད་ལས་མེད་པ་རེད། མེད་པའི་རྐྱེན་གྱིས་ངས་སྔོན་མ་བྱས་ནས་དགེ་རྒན་ཚོར་སྒྲིག་ལམ་བཅའ་འདོད། དེ་ལས་ཀྱང་ཐོག་མར་ཁྱོད་ལ་བཅའ་འདོད། དེ་རིང་ཕྱི་དྲོ་ཁྱོད་ས་འདིར་ལངས་ནས་སྡོད་ལ་དེའི་ཐད་དུ་བསམ་བློ་ཐོངས”ཞེས་བཤད་རྗེས། ཡང“ངའི་རང་གཤིས་ཆུང་དུས་ལྟར་འགྱུར་མེད། ལས་ཀ་ཡོད་ཚད་དྲང་བོ་དྲང་བཞག་གིས་བསྒྲུབ་རྒྱུ་ཡིན། ཚུལ་དེ་ཨ་ཕ་དང་རང་ལ་བཀའ་དྲིན་ཆེ་བའི་འཛིན་བདག(དགེ་ཐོན་སློབ་གྲྭ)གཉིས་ཀྱིས་ངའི་རྣ་སྒོར་ཡང་ཡང་ལབ་སོང་བས། ང་མ་ཤི་ཕན་ཆད་ནས་དེ་ལྟར་བསྒྲུབ་རྒྱུ་ཡིན། ང་འཆུགས་སོང་ན་ཁྱོད་ཚོས་ཀྱང་ང་རྗེས་སུ་བསླང་ན་ཆོག ཁ་མ་བླངས་ཚེ་ང་མི་མིན། ཁྱི་ཡིན། ཁྱི་ཡི་ནང་གི་ཁྱི་མོ་ཡིན། ཨེ་གོ་ཐལ”ཟེར་བར། ཁོས་ཀྱང་གཟབ་ནན་སྒོས“གོ་ཐལ”ཞེས་སྨྲས་རྗེས་སྔར་ལྟར་ཀྲོང་ངེར་ལངས་ནས་བསྡད།
ལངས་ནས་སྡོད་དུས་དེར། ཁོའི་ཡིད་ངོར་བྱིས་པའི་སྐབས་ཀྱི་འདས་དོན་མང་བོ་ཞིག་གློག་བརྙན་བཞིན་དུ་ཤར་ཡོང་ལ། རང་གི་རྩེད་རོགས་བུ་མོ་དེ་ཚང་གི་ལོ་རྒྱུས་ཀྱང་དྲན་ངོགས་སུ་མེ་ལོང་ལ་གཟུགས་བརྙན་བཞིན་ཤར་བར་གྱུར་པས། སྔ་ཉིན་དགོང་མོ་ཁྱིམ་མི་ཚོའི་ཁ་བརྡ་ལ་ཉན་པའི་དུས་སྐབས་ནང་བཞིན། སེམས་ཁོང་དུ་སྨེང་བའི་ན་བུན་ཞིག་ཀྱང་བར་མཚམས་མེད་པར་འཁྲིགས་ནས་བྱུང་།
3
སློབ་གཙོ་གངས་ལྷ་མེ་ཏོག་གིས་དགེ་རྒན་བརྩོན་འགྲུས་རྒྱ་མཚོ་ཕྱི་དྲོ་དེར་ལངས་སུ་བཅུག་པའི་དོན་དེ་ཐོག་མར་ཤེས་མཁན་ནི་དགེ་རྒན་ལི་ཆིན་ཧོ་ཡིན་ལ། དེ་ནས་དགེ་རྒན་རྡོ་རྗེ་དང་ཝང་ཅུན་གཉིས་ཀྱིས་ཀྱང་ཤེས་སོང་། ད་དུང་སློབ་མ་སྐོར་ཞིག་དང་ཁྱིམ་བདག་མང་ཆེ་བས་ཀྱང་རིམ་བཞིན་ཤེས་པར་བརྟེན། སློབ་མགོ་བརྩམས་མ་ཐག་པའི་ཉིན་དེ་དག་གི་ནང་སྡེ་བ་སོ་སོ་རུ་དོན་དེ་ཁོ་ན་གླེང་གིན་ཡོད་ཅིང་།
བྱེ་བྲག་གི་གླེང་གཞི་ནི་ད་རེབ་ཡོང་བའི་སློབ་གཙོ་དེ་ལོ་ན་ཆུང་ཡང་བཙན་པོ་ཐོག་འདྲ་བ་ཞིག་རེད་ཟེར་བ་དང་། ཡང་བུ་མོ་ཞིག་ཡིན་པས་མིག་རྒྱང་རིང་བོ་ཡོད་མི་སྲིད་ལ། ལས་རྔ་ཡག་པོ་འཁྱོངས་མི་དཔེ་ཟེར་བ། ཡང་དགེ་རྒན་འཇིགས་མེད་རབ་བརྟན་གྱི་བུ་མོ་ཡིན་ཚེ་ངར་བ་ཞིག་ཡིན་ན་ཐང་ཟེར་བ་སོགས་རེད། གཏམ་དེ་ཚོ་རིམ་བཞིན་གངས་ལྷ་མེ་ཏོག་གི་རྣ་སྒོར་འབྱོར་བས། ཐོག་མར་མོ་སེམས་གཏིང་ནས་དགོད་རྒྱུ་ཞིག་བུད་ཡོང་། དེ་ནས་བསམ་བློ་ནང་དུ་བསྐོར་ཏེ་འདང་ཞིབ་མོ་བརྒྱབ་པ་ལ། འདང་བརྒྱག་རྒྱུ་ཉག་ཙམ་ཡང་མེད་པ་མ་ཡིན་ཏེ། མོས་ཉིན་དེ་དག་རིང་རྟོག་ཞིབ་བྱས་པའི་གནས་ཚུལ་དངོས་ནི། རང་ལ་ལག་རོགས་གོ་ཆོད་ཅིག་ཡོད་པ་ནི་དགེ་རྒན་ལི་ཆིན་ཧོ་དང་བརྩོན་འགྲུས་རྒྱ་མཚོ﹙བོད་ཡིག་གི་རྨང་གཞི་བཟང﹚གཉིས་ལས་མེད་དེ། དགེ་རྒན་གཞན་གཉིས་ནི“རིག་གསར”སོགས་ལས་འགུལ་སྣ་ཚོགས་ནང་གཞན་ལ་དགག་པ་བརྒྱབ་ནས། ལས་བྱེད་ཚན་ཆུང་དང་འབྱོར་མེད་གྲལ་རིམ་གྱི་འཐུས་ཚབ་པ་དག་གི་དབང་ཤུགས་ལ་བརྟེན་ནས་བཙན་གྱིས་དམངས་སྒྲུབ་དགེ་རྒན་དུ་བསྐོས་པ་ཡིན་པས། ལོ་རིམ་གཉིས་པ་ལྟ་ཅི་དང་པོ་ལའང་ཁྲིད་ཐུབ་མི་ཐུབ་པའི་སོ་ན་གནས། ལོ་འདི་དག་ནང་སློབ་མ་ཇེ་ཉུང་དུ་སོང་བའང་དོན་དེ་དང་འབྲེལ་བ་དམ་ཟབ་ཡོད་པ་རྟོགས།
གནད་དོན་གྱི་འབྱུང་རྐྱེན་རྟོགས་ཟིན་ཀྱང་། དོན་དེ་ཐག་གཅོད་བྱེད་པར་དཀའ་ཁག་ཅུང་ཆེ་བས། མོས་གཟའ་འཁོར་གཉིས་གསུམ་ཙམ་གྱི་རིང་ལ་སློབ་ཁྲིད་བྱེད་ཞོར་དང་འདང་རྒྱག་ཞོར་བྱས་པར། ཐབས་ལམ་ཅུང་ལེགས་ཤོས་ཤིག་ཡིད་ལ་འཁོར་བ་ནི། སྐབས་དེ་གའི་རྒྱུགས་ཆེ་བའི་ལས་ཕྱོགས་ཏེ། མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དགེ་རྒན་དེ་གཉིས་བརྗེས་ཏེ་གསར་བ་ཁ་སྐོང་བྱ་རྒྱུའི་སྟེང་དུ་བབས། མང་ཚོགས་ཀྱི་སྟོབས་ཤུགས་བཀོལ་པ་ལ། དེ་སྔོན་ཚོགས་འདུར་ཞུགས་པའི་རུ་གཙོ་དག་ནི་གཙོ་བོ་ཡིན་ལ། དེ་ལས་ཀྱང་རུ་ཆེན་གྱི་ཧྲུའུ་ཅི་གཉིས་ཀ་འཐད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། ལྷག་དོན་སྲིད་པའི་གཏམ་ནང“བློ་རྒན་ལ་དྲིས་ན་ཕུགས་བརྟན”ཟེར་བ་ཡིད་ལ་འཁོར་བས། མོས་དོན་དག་ཅིག་ལ་གྲོས་བྱ་དགོས་ཟེར་ནས་ཧྲུའུ་ཅི་གཉིས་ལ་བརྡ་བཏང་།
དེ་ནི་རྒྱལ་སྟོན་དུས་ཆེན་ཕར་འདས་རྗེས་ཀྱི་གཟའ་ཉི་མའི་ཉིན་ཞིག་སྟེ། ཧྲུའུ་ཅི་ལྕགས་ཐར་དང་སངས་རྒྱས་སྐྱབས་གཉིས་ཀ་སྔ་ཕྱི་བྱས་ནས་སློབ་གྲྭའི་ནང་སླེབས་སོང་། ཉིན་དེར་ནམ་ཟླ་ཧ་ཅང་བཟང་བས། ཁོ་གསུམ་པོ་སློབ་གྲྭའི་ལྷས་གོང་མའི་དགེ་རྒན་དག་སྡོད་སའི་ལྷས་དཀྱིལ་དུ། ཙན་དན་དཀར་པོའི་སྡོང་བོ་ཆེན་པོ་ཞིག་ཡོད་པ་དེའི་འོག་དེར་འཛོམས་ནས་གྲོས་བྱེད་མགོ་བརྩམས།
ཐོག་མར་གངས་ལྷ་མེ་ཏོག་གིས་ཅུང་འཚབ་པའི་ངང་རང་ཉིད་ཀྱིས་ཟླ་བ་གཅིག་གི་རིང་དགེ་རྒན་ཚོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པའི་འབྲས་བུ་དང་། གོང་གསལ་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱས་ན་བཟང་ཚུལ་གྱི་དྲན་ཕྱོགས་བཅས་གླེངས་ཚར་བ་ལ། སྒོ་ར་རུ་ཆེན་གྱི་ཧྲུའུ་ཅི་ལྕགས་ཐར་གྱི་ཅུང་རིང་ཞིང་ཁ་སྣ་ཚང་མ་རགས་པོར་ཡོད་པའི་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་བཞིན“ངའི་ཡིད་ལའང་དགེ་རྒན་གྱི་གནད་དོན་དེ་རྒྱུན་དུ་ཤར་ཡོང་། ད་ནི་ཁོ་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་སྟོབས་ཤུགས་ཉམས་བཞིན་ཡོད་པས། རུ་ཁག་སོ་སོའི་རུ་གཙོ་དག་གི་ཁར་མང་ཚོགས་ཀྱི་འཐུས་ཚབ་མངགས་ནས་དཔེ་ཁྲིད་བྱེད་པའི་གནས་ཚུལ་ལ་ཉན་དུ་བཅུག་ན་བཟང་། བོང་བུ་དར་ཐོག་ལ་དེད་ན་དགའ”ཞེས་སྨྲས་བྱུང་།
སྐད་ཆ་དེ་གོ་བས་གྲོགས་པོ་སངས་རྒྱས་སྐྱབས་ཀྱིས་དུ་བ་འཐེན་མཚམས་བཞག་པ་དང་། ཆེ་ཞིང་སྒོར་བའི་མགོ་བོ་ནང་དུ་ལྡེམ་བཞིན“མང་ཚོགས་ཀྱི་འཐུས་ཚབ་བདམས་པར་ཞིང་དབུལ་རྐྱང་རྐྱང་ཡིན་ན་མི་བཟང་། ལོ་འགའི་སྔོན་དུ་མགོ་ལོག་ལ་བྱ་བ་ལས་སུ་སོང་བའི་གསར་བུ﹙དགེ་རྒན་འཇིགས་མེད་རབ་བརྟན་གྱི་སློབ་མ﹚དེ་དག་གི་ཁྱིམ་བདག་མང་ན་བཟང་། ཁོ་ཚོ་གོ་རྟོགས་སད་ཡོད་པས། དེ་ཚོར་ཁ་གྲག་ཏུ་བཅུག་ན་འགྲིག”ཅེས་བརྗོད་འཕྲལ། ཡང་ཁ་སྣོན་གྱི་ཚུལ་དུ“ད་དུང་ལོ་འདི་དག་ནང་ཁུལ་དགེ་ཐོན་སློབ་གྲྭ་དང་། སྟོང་སྐོར་ཕྱུགས་རའི་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མ་འགའ་རེ་ཡོད་པ་དེ་ཚོའི་ཕ་མ་ཡང་བོས་ན་བཟང”ཞེས་བཤད་རྗེས། ཡང་བསྐྱར་དུ་བ་ཁམ་གང་བརྔུབས་སོང་།
“ངས་གོ་ཐོས་ལྟར་ན་དགེ་རྒན་ཝང་ཅུན་གྱི་ཨ་ཁུ་ཞིག་ནི་ཁུལ་བལ་འཐག་བཟོ་གྲྭའི་མགོ་པ་ཞིག་ཡིན་པས། ཁོ་དེ་རུ་ལེན་རྩིས་འདུག་ཅེས་མི་འགའ་རེས་གླེང་བཞིན་མཆི།”
ལྕགས་ཐར་གྱིས་དཔྲལ་མདོར་གཉེར་མ་སྡུད་ཞོར་བདེན་ཅོག་ཅོག་གིས་སྨྲས་འོངས།
“དེ་འདྲ་ཡིན་ན་ཧ་ཅང་བཟང་། ཁོ་ཚོ་འགྲོ་ས་ཞིག་ཡོད་ཚེ། ང་ཚོའི་བྱ་བ་སྒྲུབ་ཁ་བདེ་བ་ཡིན། ད་གཙོ་བོ་དགེ་རྒན་རྡོ་རྗེའི་གནད་དོན་རེད། འདི་གླེན་པ་ཞིག་ཡིན་པས་ངེས་པར་ཐབས་ལ་བསྐོར་དགོས།”
སངས་རྒྱས་སྐྱབས་ཀྱིས་བསམ་བློ་ཡུད་ཙམ་བཏང་རྗེས་སྒམ་ནན་བབ་བརླིང་ངང་དེ་ལྟར་བརྗོད།
བར་དེར་གངས་ལྷ་མེ་ཏོག་ཡར་ལངས་ནས་ཁོ་གཉིས་ཀྱི་ལྕགས་ཕོར་དཀར་པོ་འབྲིང་ཙམ་དེའི་ནང་དུ་ཇ་ཁ་སྣོན་བྱས་འཕྲལ། མར་ཙོག་ཞོར་དུ“ང་ཡང་ཧྲུའུ་ཅི་ལྕགས་ཐར་གྱི་དྲན་ཚུལ་དེར་འཐད་པ་ཡིན། མང་ཚོགས་ཀྱི་འཐུས་ཚབ་ལ་ཉན་དུ་བཅུག་ནས་མང་ཚོགས་ལ་དགེ་སྐྱོན་གླེང་དུ་བཅུག་ན་ཡོངས་ཁྱབ་རང་བཞིན་ལྡན། སྐད་ཆ་ལ་སྟོབས་ཤུགས་ཆེ། ཁོ་ཚོར་ཡང་གནོན་ཤུགས་ཡོད་འགྲོ་བས། རང་བཞིན་གྱིས་ལས་གནས་དེ་གཏོང་ཡང་སྲིད”ཅེས་ལབ་པ་དང་། ཡང་འདང་ཞིག་བརྒྱབ་རྗེས“གལ་ཏེ་ཁོ་ཚོས་ལས་གནས་དེ་བཏང་ཟིན་ན། ང་ཚོས་གོང་རིམ་ལ་ཡར་ཞུ་བྱས་ནས་དགེ་རྒན་སློང་རྒྱུ་ཡིན་ནམ། ཡང་ན་རང་ས་ནས་དམངས་སྒྲུབ་དགེ་རྒན་བསྡུ་རྒྱུ་ཡིན། ཤར་ལུང་ཚོ་དྲུག་ནང་དུ་འགན་ཁུར་འདི་ལེགས་པོར་སྒྲུབ་ནུས་པའི་ཤེས་ལྡན་མི་སྣ་ལྷག་ཡོད་དམ”ཞེས་དྲིས་འོངས།
“ངའི་བསམ་ཚུལ་ཡིན་ན་གོང་རིམ་ནས་མངགས་ཡོང་བའང་གཅིག་འདྲ་རེད། མང་ཆེ་བ་རྒྱ་རིགས་ཡིན་པས། ཁོ་ཚོ་ས་ཆ་འདིར་ལོབས་ཀྱིན་མི་འདུག སློབ་མ་ཚོར་ཁྲིད་ཤེས་ཀྱིན་མི་འདུག ཅང་མ་འགོར་བར་བུད་འགྲོ་བས། རྒྱུན་སྐྱོང་མི་ཐུབ་པ་རེད། རྒྱུན་སྐྱོང་མ་ཐུབ་ཚེ་སློབ་གྲྭའི་སློབ་གསོར་གནོད་འགྲོ། སློབ་མ་ཚོའི་སློབ་སྦྱོང་ལ་གནོད་ངེས། ཁྱིམ་བདག་ལའང་བསམ་འཆར་ཡོད་འགྲོ་བ་རེད།”
སངས་རྒྱས་སྐྱབས་ཀྱིས་རང་གི་བསམ་འཆར་དེ་ལྟར་ཐད་ཀ་ཐད་སོར་བརྗོད་པ་ལ། ཁོའི་གྲོགས་པོ་ལྕགས་ཐར་གྱིས་ཀྱང་མགོ་བོ་ནང་དུ་ལྡེམ་ཞོར“ང་ཡང་བསམ་འཆར་དེར་འཐད་པ་ཡིན། དམངས་སྒྲུབ་དགེ་རྒན་རང་གི་ས་གནས་སུ་བཙལ་ན་བཟང་། ཁོ་ཚོར་ཡར་དྲན་མར་དྲན་བྱེད་ས་མེད་པས། དགེ་རྒན་གྱི་ལས་གནས་དེ་སྲུང་འགྲོ། རུ་ཁག་དྲུག་པོའི་ནང་སྤར་ཡོང་བའི་རྒྱ་རིགས་ཁྱིམ་ཚང་དག་ཏུའང་ཤེས་ཡོན་ཅན་འགའ་རེ་འདུག ངས་རྒྱུས་ལོན་བྱས་པ་ལྟར་ན། ཐང་རྔ་སྡེ་བའི་རྩིས་གཉེར་པ་ཀྲང་གི་བུ་འབྲིང་བ་ཀྲང་ཅན་ཟེར་བ་ནི་མཐོ་འབྲིང་མཐར་ཕྱིན་པའི་ཤེས་ལྡན་མི་སྣ་ཞིག་རེད་ཟེར། ན་ནིང་སོ་མ་རྫོང་གི་སློབ་འབྲིང་ནས་མཐར་ཕྱིན་ཏེ་ཁྱིམ་དུ་བསྡད་འདུག་སྐད། བྱ་བ་གང་གི་ཐད་ཧུར་བརྩོན་བྱེད་མཁན་ཞིག་ཡིན་ཟེར་བས། ང་ཚོས་འདང་བརྒྱབ་ཆོག”ཅེས་སྨྲ་བཞིན་གངས་ལྷ་མེ་ཏོག་གི་ཕྱོགས་སུ་བལྟས་ནས་བསྡད་སོང་།
མོས“ངས་ཀྱང་ཀྲང་ཅན་གྱི་གནས་ཚུལ་ཅུང་ཙམ་རྒྱུས་ལོན་བྱུང་ཡོད། དགེ་རྒན་མང་མ་མང་མེད། གཙོ་བོ་གོ་ཆོད་མཁན་ཡོད་དགོས། གཞན་དུ་དམངས་སྒྲུབ་དགེ་རྒན་མང་ཚེ་མང་ཚོགས་ཀྱི་འགན་ཁུར་ལྕི་འགྲོ་བས། ང་དེའི་ཐད་དུའང་སེམས་ཁུར་ཅུང་ཆེ”ཞེས་སྨྲས་རྗེས་ཇ་ཧུབ་གང་འཐུངས།
“དེར་སེམས་ཁུར་བྱེད་མི་དགོས། ང་ཚོས་ཐོག་མར་དགེ་རྒན་གཉིས་ལམ་འཇུག་བྱས་རྗེས་ཚབ་ཏུ་གཅིག་ལེན། གཞན་དེ་འདྲའི་དགེ་རྒན་ལ་འཚམ་པ་ཡོད་ཚེ་ད་རུང་བསམ་བློ་བཏང་ཆོག ང་ཁྱོད་ལ་བཤད་རྒྱུ་ཞིག་ཡོད་པ་ནི། ཁྱོད་ཚོས་མང་ཚོགས་ལ་རྒྱུས་ལོན་བྱས་པ་ད་དུང་མི་འདང་། སློབ་གསོ་བཏང་བའང་མི་འདང་། ཁོ་ཚོར་ནམ་རྒྱུན་རང་འགུལ་གྱིས་འབྲེལ་འདྲིས་བྱེད་དགོས། སེམས་ཕུད་ནས་ཁ་བརྡ་བྱས་ན་བཟང་།”སངས་རྒྱས་སྐྱབས་ཀྱིས་སེམས་ལ་གང་ཤར་བསླབ་སྟོན་གྱི་ཚུལ་དུ་དེ་ལྟར་བརྗོད།
གངས་ལྷ་མེ་ཏོག་གིས་འབྲི་དེབ་སྟེང་དུ་ཡི་གེ་སྐོར་ཞིག་བྲིས་རྗེས་གུས་པའི་ངང་དུ“ངོ་མ་རེད། ང་ཚོས་བར་སྐབས་འདིར་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་དང་། དགེ་རྒན་ཚོའི་ཆུ་ཚད་དང་ཁྲིད་སྟངས། སྒྲིག་ལམ་སོགས་བཟུང་བས་དོན་དེ་ཡག་པོ་འཁྱོངས་མེད། རྗེས་སུ་གནད་དོན་ཅི་འདྲ་ཡོད་ན་དེ་རིང་གི་འདི་ལྟར་ཁྱོད་གཉིས་ཀྱིས་ང་ཚོའི་ངོར་བལྟས་ནས་བཤད་པར་ཞུ། ང་ངོར་བལྟས་ནས་བཤད་མཁན་གྱི་མི་དག་ལ་དད་པ་ཡོད། རང་གིས་ཀྱང་དེ་ལྟར་བསྒྲུབ་ངེས་ཡིན”ཞེས་དགོངས་དག་དང་རེ་འདོད་སྦྲགས་མར་བཤད་འོངས།
“ངས་ཀྱང་དོན་དག་སྐོར་ཞིག་གོ་སོང་། ཁྱོད་ཀྱིས་གཞན་ལ་སློབ་གསོ་གཏོང་སླད། རང་གི་ཆུང་དུས་ཀྱི་རྩེད་རོགས་དཀའ་ལས་ལ་གཏོད་བཞིན་འདུག་ཟེར། བརྩོན་འགྲུས་རྒྱ་མཚོ་ནི་ས་ཆ་འདིར་མཚོན་ན་མ་འོངས་པར་དགེ་རྒན་ལེགས་པོ་ཞིག་ཏུ་རེ་བ་བཅའ་ས་ཡིན། ཁོས་བརྩོན་སེམས་ལ་བརྟེན་ནས་སློབ་སྦྱོང་ཐད་གྲུབ་འབྲས་མང་བོ་བླངས་ཡོད། ཁོ་བཀོལ་སྤྱོད་བྱེད་ཤེས་ན་ཁྱོད་ཀྱི་ལག་རོགས་དགའ་ཞིག་ཏུ་ཉན་ངེས། དཔའ་དང་ཤེས་རབ་གཉིས་ཀ་འཛོམས་པས་གསོ་སྐྱོང་བྱས་ན་འགྲིག”
ལྕགས་ཐར་གྱིས་ཀྱང་ཟོལ་མེད་ངང་དེ་སྐད་སྨྲས་པ་དང་། བསམ་བཞིན་མ་ཡིན་པར་གྲོགས་པོ་སངས་རྒྱས་སྐྱབས་ཀྱི་ངོ་ལ་ལྟ་བཞིན་དགོད་ཙམ་བྱས།
“ཁྱོད་ཀྱིས་ཉིན་དེར་ཉིན་ཁར་ལངས་སུ་བཅུག་པ་དེས། ངའི་བུ་ཡི་བྱ་བ་སྤྱོད་པ་ཇེ་དགར་རབ་ཅིག་འགྲོ་རུ་བཅུག་སོང་། སྒྲུབ་སྟངས་དེ་ཧ་ཅང་བཟང་། ཐོག་མར་ཁོ་ལ་ཆད་པ་བཅད་ན་འགྲིག དེ་ལྟར་ན་གཞན་གྱིས་ཀྱང་མཉམ་འཇོག་བྱེད་ངེས། ཁྱོད་ཀྱི་ཁ་ལེན་ཚིག་བརྩི་བྱེད་པར་ཕན་པ་ཡོད་ངེས། བརྩོན་འགྲུས་རྒྱ་མཚོར་མཚོན་ན་ད་ནི་ཁྱོད་སེམས་གཏིང་ནས་ཁས་ལེན་བཞིན་ཡོད། ཁྱོད་ལ་གུས་བཀུར་བྱེད་འདོད་མཆི། རྗེས་སུ་མུ་མཐུད་ནས་དེ་ལྟར་སྒྲིག་ལམ་བཅའ་རོགས། ང་ཚོ་ཚང་མས་ཁོ་དྲང་ལམ་དུ་འཇུག་ཅི་ཐུབ་བྱེད།”
སངས་རྒྱས་སྐྱབས་ཀྱིས་དེ་ལྟར་འཆད་བཞིན་རེ་བའི་མིག་ཟུང་སློབ་གཙོ་གསར་བ་དེའི་གདོང་དུ་གཏད་པ་ན། མོས་ཧྲུའུ་ཅི་ལྕགས་ཐར་ལ་བལྟས་ཙམ་དང་བཅས་ལྕེ་བསྣར་ཞིག་བྱས་པ་དང་། དེ་ནས་མགོ་བོ་བྲང་ཁར་སྨད་ནས་ཡུད་ཙམ་ལ་བསྡད་བྱུང་། མཐུད་ནས་འབྲི་དེབ་ཀྱི་ཁ་བསུམ་རྗེས་སྐད་དམའ་མོས“རྒྱ་མཚོའི་གཤིས་ཀ་ཆུང་དུས་ལྟར་ཆེན་པོ་འགྱུར་མི་འདུག ངའི་ལག་རོགས་སུ་ཉན་ངེས་པ་རང་གི་སེམས་གཏིང་ནས་ཤེས་ཡོད། བོད་ཡིག་ཨ་ཁུ་ཚངས་དབྱངས་ཀྱི་དྲུང་ནས་སྦྱངས་པ་ཡིན་ཟེར་བས། ཆུ་ཚད་ངའི་ཡན་མིན་ན་མན་མ་རེད། གཞན་དུ་རྩིས་རིག་ཅུང་ཞན་པ་མ་གཏོགས། རྒྱ་ཡིག་ཀྱང་དགེ་རྒན་ལི་ཆིན་ཧོ་བསྟེན་ནས་འོས་འཚམ་ཞིག་ཤེས་འདུག གཟའ་འཁོར་སྔོན་མའི་ནང་ངའི་མདུན་དུ་ཡོང་ནས་རྗེས་སུ་ཁོམ་པ་ཡོད་ཚེ་ཁོ་ལ་རྒྱ་ཡིག་དང་རྩིས་རིག་གཉིས་ཁྲིད་པར་འཚལ། ཕྱིས་སུ་སློབ་མ་ཆུང་བ་དག་ལ་བསླབ་བྱ་དེ་གཉིས་ཀྱང་ཁྲིད་ཨེ་ཐུབ་བལྟ་རྒྱུ་ཡིན་ཟེར་བས། ངས་ཀྱང་ཁས་ལེན་བྱས་ཟིན”ཅེས་བཤད་རྗེས་ཧྲུའུ་ཅི་གཉིས་ཀྱི་གདོང་ལ་བལྟས་ཙམ་བྱས།
“དེ་ལྟར་བཤད་ཡོང་ན་དགེ་རྒན་ལ་ཨ་ཁུ་ཚངས་དབྱངས་ཀྱང་བསམ་བློ་བཏང་ཆོག ཁོང་ནི་སྤྱི་ཚོགས་རྙིང་བར་ཡིན་ངེས་པ་ང་ཚོ་ཤར་ལུང་ཚོ་དྲུག་གི་ལྷ་ལྡན་དགོན་པའི་གྲྭ་པ་ཡིན་ཡང་། སྐུ་འབུམ་དུ་དགེ་བཤེས་ཀྱི་གྲལ་མཐའ་ཟིན་པའི་མཁས་པ་ཡིན་པས། འདི་ལྟར་བཞག་ན་ཆུད་ཟོས་སུ་བཏང་བ་རེད།”
ལྕགས་ཐར་གྱིས་ཅི་ཞིག་དྲན་པ་ལྟར་དཔྲལ་མདོའི་གཉེར་མ་སྡུད་ཞོར་དེ་ལྟར་གྲོས་མགོ་གླེངས་སོང་བར། གངས་ལྷ་མེ་ཏོག་གིས“ངའི་སེམས་སུ་ཨ་ཁུ་ཚངས་དབྱངས་ཇི་ལྟར་མ་དྲན་པ་ཡིན་ནམ། ཁོང་ཉིད་དགུང་ལོ་མཐོ་བས་ཡིན་ཡང་སྲིད། ཁོང་གདན་འདྲེན་ཞུ་ཐུབ་ཚེ། ང་ཚོ་དགེ་སློབ་ཡོངས་ཀྱི་དགེ་རྒན་དུ་བསྐོས་ཆོག་པས། བསམ་བློ་བཏང་ན་འགྲིག”ཅེས་རང་གི་ལྟ་ཚུལ་ལྷུག་པོར་བརྗོད།
“ཨ་ཁུ་ཁོང་ཡོན་ཚད་མཐོ་ལ་བརྟན་ཚུགས་ལྡན་པས‘རིག་གསར’ནང་དུའང་མར་ལོག་མ་བྱས་པར། ཁྱོད་ཚང་གི་གཞིས་ཀ་རྙིང་བར་ཡོད་པའི་ཁང་ཆུང་དེའི་ནང་དུ་ད་རག་བར་བསྡད་པ་རེད། ད་ནི་ལོ་ཆེ་བའི་ཁར་ན་རྒྱུ་ཇེ་མང་ལ་འགྲོ་བཞིན་པས། ཡོང་མི་དཔེ།”
སངས་རྒྱས་སྐྱབས་ཀྱིས་གངས་ལྷ་མེ་ཏོག་ལ་བལྟས་ཙམ་དང་བཅས་དུ་བ་འཐེན་ཞོར་དལ་ལྷོད་ལྷོད་ངང་སྨྲས་བྱུང་བར། མོས“དེའི་དུས་ང་ཁྱོད་ཚང་དུ་ཕྱིན་ཚེ། ལུས་པོ་མི་བཟང་བ་མ་གཏོགས་ཁམས་དྭངས་འདུག་པས། ཅི་ཞིག་ན་བཞིན་ཡོད་དམ། སྨན་ཁང་དུ་ཕྱིན་ན་མི་ཆོག་གམ”ཞེས་ངོ་ལ་སེམས་ཁྲལ་གྱི་ཉམས་ཤིག་མངོན་ཞོར་དྲིས།
“སྨན་ཁང་དུ་གཏན་ནས་མི་འགྲོ་ལ། ཁབ་ནི་གཏན་ནས་མི་རྒྱག་པས། སུས་ཀྱང་བཤད་ས་མི་འགྲོ་བར་འདུག གཙོ་བོ་སྙིང་ནད་རེད། ལྷ་ལྡན་དགོན་པའི་གྱང་ཆག་རྩིག་རོ་རྣམས་མཐོང་ཐེངས་རེར་ཉལ་སར་ལྷུང་ལ་ཁད་བྱས་འགྲོ། དེ་བས་སློབ་གྲྭ་ཆགས་ས་དགོན་ཤུལ་དང་། སྒོས་སུ་བླ་མ་ཨ་ཚོགས་ཚང་གི་ནང་ཆེན་དུ་ཡོད་པས། གཏན་ནས་ཡོང་མི་སྲིད།”
སངས་རྒྱས་སྐྱབས་ཀྱིས་མགོ་བོ་ཆེ་བ་དེ་གཡུག་གཡུག་བྱེད་བཞིན་འུ་ཐུག་པའི་ཉམས་ཀྱིས་དེ་ལྟར་བརྗོད།
མཐུད་ནས་ཁོ་གསུམ་པོས་ད་དུང་དགུན་གྱི་དུས་ཚིགས་བསླེབ་ལ་ཉེ་བས། ཐོན་སྐྱེད་རུ་ཁག་དྲུག་པོས་སློབ་གྲྭར་བུད་ཤིང་ཇི་ལྟར་སྐྱེལ་བ་དང་། སློབ་ཁང་དུ་སློབ་མ་ཚོས་ཁ་ལག་སྲོ་སྤྱད་ཀྱི་ལྕགས་ཐབ་རུ་ཆེན་གཉིས་ཀྱིས་ཇི་ལྟར་ཉོ་བ། གཞན་སྒོ་ར་སྡེ་བས་ལྷ་ལྡན་དགོན་འདབས་སུ་ཚལ་ར་བཙུགས་པ་ལས། བླ་མ་ཨ་ཚོགས་ཚང་གི་ནང་ཆེན﹙སློབ་གྲྭ་ཆགས་ས﹚མདུན་དུ་ས་ཇི་ལྟར་བླངས་ཏེ་ལུས་རྩལ་ར་བ་འོས་མོ་ཞིག་ལས་པ་བཅས་ཀྱི་ཐད་ལ་ཕྱི་གྲོས་ལྕགས་རི་བསྐོར་འདྲ་དང་། ནང་གྲོས་མཁར་བཙན་བཟུང་འདྲ་ཞིག་བྱས་ནས་ཉིན་གུང་ཇི་ལྟར་ལོན་པའང་མ་ཤེས།
1975ལོའི་ཟླ10པའི་ཚེས4ཉིན། གཟའ་སྤེན་པ། གནམ་ངོ་དྭངས།
སང་ཉིན་རུ་ཆེན་གྱི་ཧྲུའུ་ཅི་གཉིས་ཀ་བོས་ཡོད་པས། ཁོང་གཉིས་ལ་ཁོམ་པ་ཡོད་སྲིད་དམ།
ཁོང་གཉིས་ནི་སློབ་གྲྭ་དང་མང་ཚོགས་བར་སྦྲེལ་བྱེད་ཀྱི་ལྕགས་ཐག་སྦོམ་པོ་དེ་ཡིན་ལ། རུ་གཙོ་དག་ནི་ལྕགས་ཐག་སྦོམ་པོ་དེར་འབྲེལ་ནས་ཡོད་པའི་རྣོ་སྐུད་རྣམས་རེད། སློབ་གྲྭ་འདི་ཡག་པོ་ཞིག་བསྒྲུབ་དགོས་ན། དུས་ནམ་ཡང་ལྕགས་ཐག་དང་རྣོ་སྐུད་རྣམས་ལ་འཐམས་ནས་འདུག་དགོས། དོན་དེ་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་རུང་།
དེ་སྔོན་རང་ཉིད་དགེ་ཐོན་སློབ་གྲྭ་འགྲིམ་དུས་ཀྱི་འཛིན་བདག་ལ་ལད་མོ﹙ཐོག་མར་བུ་ལ་སྒྲིག་ལམ་བཅའ་བ﹚བྱས་ནས། རང་གི་ཆུང་དུས་ཀྱི་རྩེད་རོགས་བརྩོན་འགྲུས་རྒྱ་མཚོ་ཉིན་ཁར་བསླངས་སོང་། ཁོ་བཟའ་མི་གང་བོའི་སེམས་ལ་གནོད་མི་འགྲོའམ། ད་ལྟ་འདང་རེ་བརྒྱབ་ཚེ་རང་གི་ལས་ཕྱོགས་དེའང་འགྲིག་མེད་པ་འདྲ།
བརྩོན་འགྲུས་རྒྱ་མཚོ། ངས་ཁྱོད་ལ་སེམས་གཏིང་དུ་དགོངས་འགལ་མེད་པར་ཞུ་ཞེས་བཤགས་པ་ཡང་ཡང་བྱེད་བཞིན་ཡོད།
སློབ་གྲྭའི་ནང་དྲོས་ཇ་སྟབས་བདེ་དེ་འཐུངས་རྗེས། གངས་ལྷ་མེ་ཏོག་གིས་རུ་ཆེན་གྱི་ཧྲུའུ་ཅི་གཉིས་ཀ་བསྐྱལ་ནས་སློབ་གྲྭའི་སྒོ་ཆེན་ཁར་བུད་པ་ལ། སྒོར་ཐང་ནས་ཡར་སློབ་གྲྭར་ཡོང་སར་ལ་ཐུང་ངུ་ཞིག་ཡོད་པའི་ལམ་སྣེ་རུ་བརྩོན་འགྲུས་རྒྱ་མཚོ་གློ་བུར་མངོན་བྱུང་།
“ཁྱོད་འདིར་ཅི་བྱེད་དུ་ཡོང་བ་ཡིན། ཕུ་བོ་སོགས་ལ་རོགས་བྱས་ནས་འབྲུ་རིགས་བསྐམ་ན་མི་ཆོག་གམ།”
སངས་རྒྱས་སྐྱབས་ཀྱིས་རང་གི་བུ་ཆུང་བ་མཐོང་འཕྲལ་གཟབ་ནན་ངང་དེ་ལྟར་དྲིས།
“སྔ་དྲོ་ངས་ཁོ་ཚོར་འབྲུ་རིགས་སྐེམ་རོགས་བྱས། ཕྱི་དྲོ་ལས་ཀ་ཆེན་པོ་མེད་པས། ཨ་ཁུ་ཚངས་དབྱངས་ཀྱི་མངགས་བཀོད་ལྟར་སློབ་གཙོའི་གམ་དུ་རྩིས་རིག་སྦྱང་དུ་ཡོང་བ་ཡིན།”
བརྩོན་འགྲུས་རྒྱ་མཚོས་དེ་ལྟར་གསོང་བོར་སྨྲས་རྗེས། གཞོགས་སུ་ལངས་ནས་ཁོ་ཚོར་ལམ་ཕྱེ་བ་ལྟར་བསྡད།
སངས་རྒྱས་སྐྱབས་ཀྱིས“དེ་འདྲ་ཡིན་ན་ཧ་ཅང་བཟང་། སློབ་སྦྱོང་བྱེད་འདོད་ཡོད་ཚེ་ཁྱིམ་ལས་ལ་མ་ཞུགས་ཀྱང་ཆོག གཙོ་བོ་ཤེས་བྱ་སྣ་ཚོགས་རྒྱུད་ལ་འབྱོར་དུ་གཞུག་རྒྱུ་དེ་གལ་ཆེ། དགེ་རྒན་གྱི་ལས་འགན་འདི་ཐེག་རྒྱུ་གཙོ”ཞེས་སྨྲས་པ་དང་། ཡང་ཁ་ཕྱིར་འཁོར་ནས“ཕྱི་དྲོ་དེ་འདྲ་འགོར་དུ་མ་འཇུག གངས་ལྷ་མེ་ཏོག་དེ་རིང་ཆད་ཡོད་པས། གཟའ་ཉི་མའི་ཉིན་ཡང་ངལ་ཡག་པོ་ཞིག་གསོ་ཐུབ་མེད”ཅེས་ཁ་གསབ་འདྲ་ཞིག་བྱས་བྱུང་།
“དེར་སྐྱོན་མི་འདུག ཤར་ལུང་ཚོ་དྲུག་ཏུ་དགེ་རྒན་ལྟ་ཅི། མང་ཚོགས་ནང་ཡི་གེ་སྦྱང་འདོད་མཁན་ཡོད་ནའང་། ངས་གཟའ་ཉི་མའི་ཉིན་ལ་ཁྲིད་ཆོག དེ་ལྟར་ན་ཁོ་ཚོར་རྒྱུས་ལོན་བྱེད་ཐུབ་པར་བརྟེན། མདའ་གཅིག་གིས་ཤ་བོ་ཉིས་སོད་རེད་ཡ།”
གངས་ལྷ་མེ་ཏོག་གིས་བརྩོན་འགྲུས་རྒྱ་མཚོར་བལྟས་ཙམ་དང་། ཡང་ཧྲུའུ་ཅི་གཉིས་ལ་བལྟས་ཙམ་བྱས་རྗེས་ངག་འཇམ་པོས་དེ་སྐད་སྨྲས།
“ཡ། འོ་ན་དེ་ལྟར་བྱེད། ངེད་གཉིས་ཀྱིས་ཁྱོད་ཚོའི་སློབ་སྦྱོང་ལ་བར་ཆད་མི་གཏོང་། རང་རང་སར་འགྲོ་རྒྱུ་ཡིན། རང་རང་ཕྱོགས་ཀྱི་བྱ་བ་རྣམས་སྔ་མོ་ནས་དོན་ཐོག་ལ་འཇོག་ཨེ་ཐུབ་བལྟ།”
ལྕགས་ཐར་གྱིས་ཐོག་མར་དགེ་རྒན་གཉིས་ལ་བལྟས་ནས་དེ་ལྟར་ལབ་རྗེས། ཚུར་ཡོང་ནས་གྲོགས་པོ་སངས་རྒྱས་སྐྱབས་ལ་སྐབས་དེར་བློ་མཐུན་བར་དར་ཁྱབ་ཆེ་བའི་ལག་འཇུ་དེ་བྱས་སོང་།
ཕྱི་དྲོ་དེར། གངས་ལྷ་མེ་ཏོག་གིས་སྔ་དྲོ་ཧྲུའུ་ཅི་གཉིས་ལ་ཁ་བརྡ་བྱེད་སའི་ཙན་དན་དཀར་པོའི་སྡོང་འོག་དེར། རང་ཉིད་གསར་དུ་རྩིས་རིག་དགེ་རྒན་ལ་བསྟེན་ནས་དུས་ཡུན་རིང་བོ་འགོར་མེད་པའི་བརྩོན་འགྲུས་རྒྱ་མཚོར་སློབ་ཆུང་གི་རྩིས་རིག་ཁྲིད། ཁོའི་རྩིས་རིག་གི་རྨང་གཞི་ཞན་ནའང་། དགུ་མཐའ་རྩི་ཚུལ་སོགས་བློར་འཛིན་དགོས་པ་རྣམས་བློར་བཟུང་སྟེ། དུས་ལྟར་རྒྱུགས་སྤྲད་འོངས་པས། མོའི་སེམས་སུའང་ཨ་ཁུ་ཚངས་དབྱངས་ཀྱིས་མོའི་ཆུང་དུས་ཀྱི་རྩེད་རོགས་རྒྱ་མཚོའི་མིང་གི་སྔོན་ལ“བརྩོན་འགྲུས”ཞེས་བཏགས་པ་ནི་རང་མི་རང་གིས་བསྟད་ནས་དགུང་ལ་བཞག་པ་མ་ཡིན་པར། དོན་དངོས་དང་མཐུན་པའི་མིང་ཞིག་ཁ་སྣོན་བརྒྱབ་འདུག་སྙམ།
དུས་ཚོད་གཉིས་ཙམ་ལ་ཁྲིད་རྗེས་སུ། གངས་ལྷ་མེ་ཏོག་ལ་དངོས་གནས་ཐང་ཆད་པའི་སྣང་བ་ཞིག་ཤར་བས། ངག་ནས“རྒྱ་མཚོ། ཁྱོད་ཀྱི་ཨ་ཕས་བཤད་པ་ནང་བཞིན་དེ་རིང་ང་དངོས་གནས་ཐང་ཆད་པར་བརྟེན། ཁམས་གཡེང་དུ་འགྲོ་འདོད་ཅིག་སྐྱེས་བྱུང་། ཁྱོད་ལ་ཁོམ་པ་ཡོད་ཚེ་ང་ལ་འགྲོ་རོགས་ཤིག་བྱོས། སློབ་གྲྭའི་ལྟག་རྒྱབ་ཀྱི་རི་མགོར་འགྲོ། ང་ལ་ཁ་བརྡ་འགའ་རེ་ཡང་ཡོད་པས། ཁྱོད་ཀྱི་བསམ་འཆར་ལ་ཉན་འདོད”ཅེས་བཤད་ཡོང་བར། བརྩོན་འགྲུས་རྒྱ་མཚོས་ལམ་སང“དེ་ལོས་ཆོག ང་ལ་ཁོམ་པ་ཡོད་དེ། ཁྱོད་ཀྱི་སྤྱིར་བཏང་གི་ཁ་བརྡའི་ནང་དུའང་རང་ཉིད་ལ་ཤེས་བྱ་མང་བོ་ལེན་རྒྱུ་འདུག”ཅེས་སྨྲས་རྗེས། ཡང་གྲོས་བྱེད་པའི་ཚུལ་དུ“འོ་ན་ད་འགྲོ་རྒྱུ་ཡིན་ནམ། གྲ་སྒྲིག་བྱ་རྒྱུ་གཞན་ཨེ་ཡོད”ཅེས་དྲིས་འོངས།
གངས་ལྷ་མེ་ཏོག་ཡར་ལང་ཞོར་དུ“གཞན་མེད། ཁྱོད་ཀྱིས་དིང་གླིང་བཟུང་ཨེ་ཡོད། ཡོད་ན་དེ་ཟུངས་ཤིག དིང་གླིང་གི་སྒྲ་ལ་ཉན་ཚེ་མིའི་ལུས་སེམས་ཀྱི་ངལ་བ་གསོ་བར་ཧ་ཅང་ཕན་པས། ངས་དེའི་སྒྲ་དབྱངས་ལ་ཉན་འདོད། རྒྱང་འབུད་ལ་ཉན་འདོད”ཟེར།
དུས་ཡུན་རིང་བོ་མ་འགོར་བར། ལང་ཚོའི་ཁོ་ལག་རྫོགས་པའི་གཞོན་སྐྱེས་དགེ་རྒན་གཉིས་ཀ་ཐང་རྔ་སྡེ་བར་འགྲོ་སའི་ལམ་བུ་དེར་ཞུགས་ནས་ཡུད་ཙམ་སོང་ལ། དེ་ནས་གཡས་ཕྱོགས་སུ་རི་རྐེད་བར་འཐེན་པའི་རྐང་ལམ་ཕྲ་མོ་ཞིག་ཡོད་པ་རྒྱུ་མ་འདེད་འདེད་བྱས་ནས་གྱེན་དུ་འགོས། ལམ་ཕྲན་དེའི་གཡས་གཡོན་དུ་རྡོ་འཇོང་འཇོང་མང་བས། རྩྭ་སོགས་སྐྱེ་དངོས་རིགས་ཧ་ཅང་ཉུང་ནའང་། རི་སྟེང་དུ་སླེབས་ཚེ་སྤང་རྩྭ་ཅུང་མཐུག་པོ་སྐྱེས་ཡོད་ཅིང་། ཞིབ་ཏུ་བལྟས་ཚེ་རྩྭ་རྐང་རེ་རེའི་རྩེ་མོ་དག་ནི་དུས་ཀྱི་དབང་གིས་སེར་པོར་གྱུར་སྣང་བས། མིའི་སེམས་ལ་ཅང་མི་འགོར་བར་དགུན་གྱི་དུས་ཚིགས་དགྲ་བོ་ལྟ་བུ་དེ་ཡུལ་གྲུ་འདིར་ལྡིང་ནས་ཡོང་ངེས་པ་ཤེས་སུ་བཅུག་འགྲོ། བརྩོན་འགྲུས་རྒྱ་མཚོའི་སེམས་སུ་དེ་རིང་སློབ་གཙོ་རང་གཉིས་ཡོང་སའི་གནས་དེ་འཆུགས་འདུག གནས་འདི་ལས་སློབ་གྲྭའི་འདབས་རོལ་གྱི་སྒོ་ར་སྡེ་བའི་ཚལ་རའི་ནང་སོང་ན་མི་ལེགས་སམ། དེ་གར་སིལ་སྡོང་སྐོར་ཞིག་ལ་འབྲས་བུའི་ཁུར་གྱིས་དུད་ཐོག སྡོང་འགྲམ་དུ་དྭངས་གསལ་ཆུ་ཕྲན་གྱིས་ལྷུང་ལྷུང་གི་སྒྲ་དང་བཅས་ལྦུ་བའི་མེ་ཏོག་འཐུ་བཞིན་འགྲོ་བའི་ཚུལ་དག་ཀྱང་ཡིད་ཀྱི་མེ་ལོང་དུ་ཤར་ཡོང་། ཡིན་ནའང་གངས་ལྷ་མེ་ཏོག་ལ་དེ་འདྲའི་དྲན་ཚུལ་སྐྱེས་མི་འདུག་པ་འདྲ། མོ་རི་རྩེར་བུད་རྗེས་ཁ་སློབ་གྲྭའི་ཕྱོགས་སུ་འཁོར་ནས་ཙོག་བྱུང་ལ། དེ་ནས་སློབ་གྲྭའི་སྟོད་སྨད་ཕྱོགས་ཀྱི་ལ་ཐང་ལུང་ཁུད་དང་དེའི་རྒྱུད་དུ་ཆགས་པའི་ས་བབ་ཀྱི་མཐོ་དམའ་དང་དུད་ཚང་གི་གྲངས་ཀ་ཁྱོན་ནས་མི་འདྲ་བའི་སྡེ་བ་དྲུག་པོར་ཡང་ཡང་ལྟ་བར་བྱེད།
མཚམས་ཤིག་ལ་མོས“རྒྱ་མཚོ། ཁྱོད་འདིར་ཤོག་དང་། ང་ཁྱོད་ལ་འདྲི་རྒྱུ་ཞིག་འདུག ཁྱོད་ཀྱིས་འུ་གཉིས་ཀྱི་ལྟེ་ཁྲག་འཕོ་སའི་ས་ཆ་འདི་ལ་ཤར་ལུང་ཚོ་དྲུག་ཟེར་དོན་ཅི་ཡིན་པ་ཨེ་ཤེས”ཞེས་དྲིས་པར།
བརྩོན་འགྲུས་རྒྱ་མཚོ་ཚུར་ཡོང་སྟེ་མོའི་གམ་དུ་ལངས་བསྡད་དེ། ལག་པས་མིག་ལ་གཙེས་པའི་སྲོད་ཁའི་ཉི་འོད་འགོག་བཞིན་དུ“དེ་ལོས་ཤེས། ས་ཆ་འདི་རྨ་གཞུང་རྫོང་མ་ཟད། རྨ་ཤར་ཀུང་ཧྲེ་ལས་ཀྱང་ཤར་ཕྱོགས་ཀྱི་ལུང་བ་འདིར་ཆགས་ཡོད་པས་ཤར་ལུང་ཞེས་ཐོགས་པ་ཡིན་ལ། ཚོ་དྲུག་ཟེར་བ་ནི་གཡས་ལུང་ཕྱོགས་སུ་རིམ་པ་བཞིན་ནག་རྒྱ་དང་ཆུ་བཟང་སྐེ། སྒོར་ཐང་སྟེ་རུ་ཁག་གསུམ་དང་། གཡོན་ལུང་དུ་རྩེག་རིམ་ལྟར་ར་ཆག་ནང་དང་སྒོ་ར། ཐང་རྔ་གསུམ་པོ་ཆགས་པར་བརྟེན། ཤར་ལུང་གི་རྗེས་སུ་ཚོ་བ་དྲུག་པོའི་བསྡུས་མིང་བསྣན་པས། ཤར་ལུང་ཚོ་དྲུག་ཏུ་ཐོགས་པ་ཡིན་འདུག”ཅེས་ཞིབ་པར་བཤད།
དེ་ལ་གངས་ལྷ་མེ་ཏོག་དགོད་ཙམ་བྱས་རྗེས“འགྲེལ་བཤད་བྱས་པ་ཧ་ཅང་བཟང་། དེ་ནི་ཁྱོད་ཀྱི་ཆུང་དུས་ཀྱི་མིང‘རྒྱ་མཚོ’ཞེས་པའི་སྔོན་ལ‘བརྩོན་འགྲུས’བསྣན་པ་དང་ཕལ་ཆེར་འདྲ་བོ་འདུག་ཨང”ཞེས་བཤད་བྱུང་བར། ཁོ་ཡང་དབང་མེད་དུ་དགོད་ཁ་ཤོར།
ཡུད་ཙམ་ནས་བརྩོན་འགྲུས་རྒྱ་མཚོས་མིག་འོག་གི་དགོན་ཤུལ་དང་། དགོན་པའི་གོང་དུ་གཡས་ལུང་དང་གཡོན་ལུང་གཉིས་འདྲེས་སའི་གྲམ་གཞུང་ཞེང་ཅུང་ཆེ་ས་ཞིག་ཡོད་པ་དེར་ལྟ་བཞིན“འོ་ན་ངས་ཁྱོད་ལ་གསང་བ་ཞིག་འདྲི། ས་བབ་ལ་གཞིགས་ན་གཡས་ལུང་ནི་གཡོན་ལུང་ལས་ཅུང་ཆེ་ལ། ལུང་བའི་ཁ་དེ་དགོན་པའི་ཕྱོགས་སུ་གཏད་ཡོད་པས། སྤྱིར་ན་དགོན་པར་ཆུ་ལོག་གི་ཉེན་ཁ་ཆེ་ནའང་། ལོ་ངོ་བརྒྱ་ཕྲག་མང་བོའི་རིང་ལ་དགོན་པ་འདིར་ཆུ་ལོག་གི་གནོད་པ་བྱུང་བའི་ལོ་རྒྱུས་མེད་དེ། གྲམ་པའང་འདི་ཕྱོགས་སུ་མཆེད་ཐུབ་ཀྱིན་མི་འདུག དེའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་དྲིས་འོངས།
གངས་ལྷ་མེ་ཏོག་ནི་དྲི་བ་དེས་ཡུན་རིང་ཞིག་ལ་ལན་མེད་པར་བཏང་སོང་སྟེ། བསམ་གཞིག་ཡང་ཡང་བྱས་མཐར་གཞི་ནས“དེ་ནི་ཕལ་ཆེར་གཡོན་ལུང་ནི་ལུང་བའི་ཕུ་ཐག་ཐུང་ལ་ཕྱོགས་གཉིས་ཀྱི་རི་གཟར་བས། ཆུ་ལོག་ཡོང་བ་སྔ་ཞིང་ཤུགས་དྲག་པ་དང་། གཡས་ལུང་ནི་ལུང་བའི་ཕུ་ཐག་རིང་ལ། སྟོད་ཕྱོགས་སུ་ནགས་ཚལ་གྱིས་ཁྱབ་པས་ན། ཆུ་ལོག་ཡོང་བ་འཕྱི་ཞིང་ཤུགས་ཆུང་བར་བརྟེན། གཡོན་ལུང་གི་ཆུ་ལོག་གིས་གཡས་ལུང་གི་ཆུའི་འདེད་ཤུགས་བླངས་པ་ཡིན་ངེས”ཞེས་ལན་བཏབ་སོང་།
“དེ་ལ་གནས་ལུགས་ངེས་ཅན་ཞིག་འདུག་ཀྱང་། བཤད་ཚུལ་ལ་ལྷ་ལྡན་དགོན་པ་ཕྱག་འདེབས་མཁན་ཨ་ཚོགས་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་རྒྱན་མཆོག་ནས། ལུང་བ་འདིའི་ཆུ་ལོག་གིས་དགོན་གནས་ལ་གནོད་པར་དོགས་ཏེ། ཆུ་ལོག་གི་སྣ་འདྲེན་མཁན་འདྲེ་སྲིན་མ་རུངས་པ་དེ་དམ་ལ་བཏགས་ཡོད་པར་བཤད། ཁྱོད་ཀྱིས་གྲམ་པ་འདིའི་ཆུ་ལོག་གི་རྒྱུ་མཚན་མི་ཤེས། སྨད་ནས་ཡོང་བའི་དྲག་ཆར་ལ་སྐྱོན་མེད། སྟོད་ཕྱོགས་ཀྱི་སྐྱེས་རི་ཆེན་པོ་ཨ་མྱེས་སྲིན་པོ་ཡི་རྒྱུད་དུ་ཤྭ་འོད་བརྡོལ་ཙམ་ནས་ཆུ་ལོག་ནི་སྨྱོན་པ་རྒྱུག་རྒྱུག་བྱེད། དེའི་མགྱོགས་ཚད་མཐོང་ཚེ་དངོས་གནས་འདྲེ་སྲིན་གདུག་པ་ཅན་ཞིག་གིས་སྣེ་ཁྲིད་ནས་ཡོང་བཞིན་པ་དང་དབྱེར་མ་མཆིས།”
བརྩོན་འགྲུས་རྒྱ་མཚོས་དམངས་ཁྲོད་ཀྱི་ངག་རྒྱུན་དེ་ལུང་དྲངས་ནས་དེ་ལྟར་བག་ལྷོད་པོར་འགྲེལ་བཤད་བྱས།
དེར་གངས་ལྷ་མེ་ཏོག་གིས་ཡུད་ཙམ་ལ་འདང་བརྒྱབ་རྗེས“ང་དོན་དངོས་དང་མི་མཐུན་པའི་གཏམ་རྒྱུད་དེ་དག་ལ་ཡིད་ཆེས་མེད། ང་ཚོའི་མི་རིགས་འདིས་ནམ་རྒྱུན་དོན་དངོས་ལ་མི་བལྟ་བར་ངག་རྒྱུན་ལ་ཡིད་ཆེས་བྱེད། ངག་རྒྱུན་ལ་ཡིད་ཆེས་ཚེ་དོན་དངོས་སྟེང་འབབ་མི་ཐུབ། ང་ཚོའི་དོན་དངོས་ཀྱི་གནས་ཚུལ་ནི་སློབ་གསོ་དམ་འཛིན་བྱ་རྒྱུ་དེ་ཡིན། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན། མི་རིགས་གཞན་གྱི་རྗེས་སུ་ཆོད་པར་བྱ་རྒྱུ་དེ་ཡིན”ཞེས་སྨྲས་རྗེས། ཡང་ཅི་ཞིག་དྲན་པ་ལྟར “ང་ནི་སློབ་གྲྭ་ན་ཡོད་དུས། སློབ་གསོའི་ཐད་འདི་ལྟར་གནས་ལུགས་བགྲང་རྒྱུར་དགའ་བས། དེ་རིང་ཡང་རང་སེམས་ལ་མནར་གཅོད་གཏོང་རྩིས་འདུག ད་དེ་ཚོ་མི་གླེང་བར་བྱ། དེ་ལས་ཁྱོད་ཀྱིས་དིང་གླིང་ཞིག་འབུད་པར་འཚལ། རྒྱང་འབུད་ཅིག་བྱེད་རོགས”ཞེས་ལབ་རྗེས་ཁ་ཁུ་སིམ་མེར་བསྡད་བྱུང་།
དེ་སྔོན་གངས་ལྷ་མེ་ཏོག་ཤར་ལུང་ཚོ་དྲུག་སློབ་གྲྭར་ཡོང་དུས། སྒོར་ཐང་སྡེ་བའི་སྨད་འགྲམ་གྱི་རི་སྒང་དེའི་གདོང་སྣ་ནས་ཐོས་མྱོང་བའི་དིང་གླིང་གི་སྒྲ་དང་ཨ་ན་མ་ན་ཞིག ད་ནི་ལྷ་ལྡན་དགོན་ཤུལ་དང་སྒོས་སུ་བླ་མ་ཨ་ཚོགས་ཚང་གི་ནང་ཆེན་གྱི་ཤུལ་དུ། ལྷས་གོང་ཞོལ་གཉིས་ཀྱིས་ཆོད་པའི་སློབ་ཆུང་དེའི་རྒྱབ་རིའི་རྩེ་ནས་གྲགས་བྱུང་། བསིལ་འཇམ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཕྱོགས་སུ་མཆེད་བྱུང་།
4
སློབ་སྐབས་མཇུག་རྫོགས་ལ་ཉེ་བར་ཟླ་གཅིག་ཙམ་ལས་མེད་པའི་ཉིན་མོ་དེར། ཆམ་ནད་གང་སར་མཆེད་ནས་མི་རྣམས་ཀྱི་ལུས་སེམས་ལ་གནོད་པ་མི་དམན་པ་གཏོང་བའི་ཉིན་མོ་དེར། ཡུལ་མི་དག་གིས་དགུན་གྱི་ཁ་བར་དབྱར་ཁའི་དུས་ཐོག་ཆར་བ་ལྟར་རེ་ཞིང་སྒུག་པའི་ཉིན་མོ་དེར། ཁ་བ་ནི་ཞོགས་པའི་དུས་ཤིག་ནས་ལྷབ་ལྷུབ་ཏུ་གསེར་ལྡན་བུ་མོའི་ལྟོ་བར་བབས་སོང་། དེ་ནས་རི་ལ་ཐང་མེད་པར་གཡོགས་འདུག ཡང་གཡོགས་ཚད་ལོངས་སོང་བ་ལྟར་ཕྱི་དྲོའི་དུས་ཤིག་ལ་འབབ་མཚམས་བཞག་སོང་།
ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བཅུ་པའི་རྗེས་སུ། ཤར་ལུང་ཚོ་དྲུག་སློབ་ཆུང་གི་ལྷས་ཞོལ་མའི་ཉིན་ཕྱོགས་ཀྱི་ཁ་བ་ཡོངས་སུ་ཞུ་འདུག་ནའང་། སྲིབ་ཕྱོགས་སུ་ད་དུང་ཁ་བ་སྲབ་མོ་ཆགས་ཡོད་པས། དེ་སྔོན་སློབ་མ་ཚོ་རེས་བསྐོར་ནས་ཡོང་སྟེ་ཐང་ལ་ཡི་གེ་འབྲི་བའི་རྣམ་པ་དེ་མཐོང་མི་ཐུབ། ཡིན་ནའང་ཐོས་འཛིན་རྣ་སྒོར་ཆད་མེད་དུ་འཛུལ་ཡོང་བ་ནི། རྒྱ་ཡིག་དང་བོད་ཡིག་གི་སློབ་ཚན་ལས་དགེ་རྒན་གྱིས་ཚིག་གཅིག་ཁྲིད་པ་ན། སློབ་མ་ཚོས་རྗེས་བཟླས་ཀྱི་ཚུལ་དུ་ཀློག་འདོན་བྱེད་པའི་སྙན་འཇེབས་ཀྱི་སྒྲ་དེ་རེད། གངས་ལྷ་མེ་ཏོག་གིས་གཞུང་སྒྲུབ་ཁང་དང་ཉལ་ཁང་གཅིག་ལྕོགས་ཡིན་པའི་ཁང་བ་གྱན་གཅིག་ཅན་དེའི་ནང་གི་ལྕགས་ཐབ་ནང་ཨོང་བ་སྣོན་བཞིན་པའི་སྒང་ལ། མོའི་སྒོ་མོ་དེ“ཐག་ཐག”ཏུ་རྡུང་བྱུང་།
“ནང་ལ་ཤོག”མོས་དེ་ལྟར་བཤད་མ་ཐག གསར་བུ་ཤ་རིད་གདོང་དཀར་སོག་སྒུར་ཞིག་ནང་དུ་སླེབས་ཡོང་། ཁོ་སླེབས་དུས་ལག་ཏུ་ཤོག་བུ་ཞིག་བཟུང་འདུག་ལ། སྟེང་དུ་གྲོག་མའི་སུག་རྗེས་ཕབ་འདྲའི་རྒྱ་ཡིག་ཐིག་ཕྲེང་འགའ་བྲིས་ཡོད།
“སློབ་གཙོ་ལགས། ང་ལ་སློབ་མ་ཚོར་སློབ་ཁྲིད་བྱེད་པའི་ཡོན་ཚད་མེད་པས། སློབ་གྲྭ་ནས་རང་འགུལ་གྱིས་འབུད་རྩིས་ཡོད། འདི་ལས་བསྐྱུར་ཞུ་ཡིག་ཡིན། དགེ་རྒན་ལི་ཆིན་ཧོ་ཡིས་རོགས་བྱས་ཏེ་བྲིས་རྗེས། ངས་བུ་ཡིག་ཏུ་ཕབ་པ་ཡིན། འགྲིག་མིན་ལྟ་རོགས་ཞུ།”
ཁོས་དེ་ལྟར་བཤད་རྗེས་ཚུར་ཡོང་ནས་ཤོག་བུ་དེ་གངས་ལྷ་མེ་ཏོག་གི་གཞུང་སྒྲུབ་སྒྲོག་ཙེ་ཆེ་རྒྱུ་མེད་པ་དེའི་སྟེང་དུ་བཞག
“དགེ་རྒན་ཝང་ཅུན། གོ་ཐོས་ལྟར་ན་ཁྱོད་ཁུལ་ཐོག་ཏུ་བཟོ་པ་བཅའ་རུ་འགྲོ་རྒྱུ་རེད་ཟེར་བ་བདེན་ནམ། དེ་འདྲ་ཡིན་ན་ཡི་གེ་དེ་འདི་གར་བཞག་ཆོག རྗེས་སུ་བསམ་འཆར་ཡོད་མི་རུང་། ཁྱོད་ཀྱིས་ལོ་ངོ་དུ་མའི་རིང་ལ་སློབ་མ་ཚོར་སློབ་ཁྲིད་བྱས་པར་བརྟེན།‘བྱས་པའི་འབྲས་བུ་མེད་ཀྱང་ངལ་བའི་འབྲས་བུ་ཡོད་པ’ཡིན། ཚུལ་དེར་ངས་འདི་རུ་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ།”
གངས་ལྷ་མེ་ཏོག་འདུག་སྟེགས་སུ་ཙོག་ནས་ཡི་གེ་དེར་ཞིབ་ཏུ་བལྟས་རྗེས་ཁོ་ལ་གཟབ་ནན་གྱི་ངང་དུ་སྨྲས།
“བཀའ་དྲིན་ཞུ་མི་དགོས། ང་ལ་སྐྱོན་མང་བོ་ཡོད། སྔོན་ཆད་བསམ་མ་ཤེས་པར་དགག་པ་བརྒྱབ་མྱོང་བའི་མི་དེ་ཚོར་འཕྲད་ཐེངས་རེར། སེམས་སུ་འགྱོད་པ་དབང་མེད་དུ་སྐྱེས་ཡོང་། སྐྱེས་ཐེངས་རེར་ས་འདི་རུ་འདུག་འདོད་མེད་པར་འགྱུར་བ་ཡིན། ཁུལ་ཐོག་ཏུ་འགྲོ་ཐུབ་མིན་ད་རུང་མི་ཤེས། ཡིན་ནའང་ང་ལ་མཚོན་ན་ད་རེབ་མང་ཚོགས་ཀྱིས་བརྟགས་ཤིང་དཔྱད་ནས་མང་ཚོགས་ནང་བསམ་འཆར་བུད་པ་ཡིན་པས། ངས་བསམ་འཆར་དེ་དང་ལེན་བྱ་རྒྱུ་ཡིན། ང་ལ་འགྱོད་པ་དང་བསམ་འཆར་ཡོད་མི་དཔེ།”
ཁོས་གནོང་ངོས་ལེན་གྱི་བཟོ་ལྟ་འདྲ་བསྟན་ཏེ་མགོ་བོ་སྒུར་ཞིང་སྐད་དམའ་མོར་ལབ་སོང་།
གངས་ལྷ་མེ་ཏོག་གིས་ཡི་གེ་དེ་འཐེན་སྒམ་ནང་འཇུག་ཞོར་དུ“དོན་འདི་ང་གཅིག་པུས་ཐག་གིས་མི་ཆོད་པས། རུ་ཆེན་དང་ཐོན་སྐྱེད་རུ་ཁག་སོ་སོའི་མིང་བཏགས་ལས་གཞན། དགེ་རྒན་ཚོ་དང་མང་ཚོགས་ཀྱི་འཐུས་ཚབ་པ་སོགས་ལའང་གྲོས་བྱ་དགོས། གྲོས་བྱས་རྗེས་ཁྱོད་ལ་བརྡ་བརྒྱག་ངེས”ཞེས་བཤད་འཕྲལ་ཡར་ལངས་པ་དང་། དེ་ནས་ཅི་ཞིག་དྲན་པ་ལྟར“ཁྱོད་ལ་ད་ལྟ་སློབ་ཁྲིད་མེད་དམ”ཞེས་འདྲི་བར་བྱེད།
ཁོས“ད་ནངས་ཀྱི་སློབ་ཁྲིད་ང་ལ་ཁེལ་ཡོད་པས་ཁྲིད་ཚར་སོང་། ད་ནི་དགེ་རྒན་རྡོ་རྗེ་ཁྲིད་དུ་བུད་ཐལ”ཞེས་སྨྲ་བཞིན་སློབ་གཙོར་བལྟས་ཙམ་བྱས་རྗེས། ཡང་དོགས་མི་བདེ་བའི་ཚུལ་དུ“ང་དེ་རིང་རྫོང་མཁར་ལ་ལན་གཅིག་འགྲོ་དགོས་པས། གནང་བ་ཞིག་བྱིན་ན་ཨེ་ཆོག་གམ། སང་ཉིན་སྔ་མོ་ཕྱིར་ཡོང་ངེས”ཞེས་བཤད་པར།
“ཡ། ཆོག་གི ཡིན་ནའང་ཆོག་མཆན་མ་ཐོབ་པའི་སྔོན་ལ་དུས་ལྟར་སློབ་གྲྭར་ཡོང་དགོས། དུས་ལྟར་སློབ་ཁྲིད་བྱེད་དགོས། ཨེ་གོ་ཐལ།”
“གོ་ཐལ། དེ་ན་ང་འགྲོ་རྒྱུ་ཡིན།”
རྒྱ་རིགས་དགེ་རྒན་གསར་བུ་དེ་སོང་ཤུལ་དུ། གངས་ལྷ་མེ་ཏོག་གིས་ལོ་རིམ་ལྔ་པའི་སློབ་མ་ཚོའི་རྩིས་རིག་གི་ལས་བྱར་ལྟ་མགོ་བརྩམས་ནའང་། སེམས་པ་ལས་བྱའི་ཕྱོགས་སུ་བསྒྱུར་མི་ཐུབ་པར། དགེ་རྒན་ཝང་ཅུན་གྱིས་སྤྲད་ཡོང་བའི་ལས་བསྐྱུར་ཞུ་ཡིག་དེ་སེམས་ལ་ཐོགས་ནས་བསྡད། དོན་དེ་སེམས་ལ་ཐོགས་པ་ན། མོའི་ཡིད་ལ་དབང་མེད་དུ་ཟླ་གཅིག་ལྷག་གི་རིང་། ཁོ་ཚོས་རུ་ཁག་དྲུག་པོའི་སློབ་ཆུང་སློབ་མ་དང་། སློབ་མ་དེ་དག་གི་ཁྱིམ་བདག ད་དུང་སློབ་ཆུང་མཐར་ཕྱིན་རྗེས་གཞན་དུ་འགྲོ་ས་མེད་པར་ཐོན་སྐྱེད་རུ་ཁག་གི་ངལ་རྩོལ་ལ་ཞུགས་ནས་ཡོད་ཅིང་། ཤེས་ཡོན་ཅུང་ལྡན་པའི་གསར་བུ་ལོ་ཆུང་སྐོར་ཞིག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། སྔོན་ཆད་སྒོ་ར་རུ་ཆེན་གྱི་ཧྲུའུ་ཅི་ལྕགས་ཐར་གྱིས་གླེངས་མྱོང་ཞིང་། རང་གིས་བརྟག་དཔྱད་བྱས་པ་བརྒྱུད་ནས་སྐྱ་ཐིག་བཀོད་ཡོད་པའི་ན་གཞོན་ཀྲང་ཅན་དུ་འབོད་པ་དེ་གསལ་ལེར་ཤར། ཀྲང་ཅན་ནི་རྫོང་གི་མཐོ་འབྲིང་ལས་མཐར་ཕྱིན་པ་ཞིག་སྟེ། སློབ་འབྲས་ཧ་ཅང་བཟང་ནའང་། ཁྱིམ་གྱི་གྲལ་རིམ་མི་བཟང་བས་བྱ་བ་མ་བགོས་པར་ཁྱིམ་དུ་བསྡད་འདུག་པ་རེད། ད་ལྟ་ཝང་ཅུན་གྱིས་རང་འགུལ་སྒོས་བྱ་བ་འདི་མི་སྒྲུབ་ཟེར་བ་ནི་གོ་སྐབས་བཟང་བོ་ཞིག་སྟེ། གོ་སྐབས་དེ་དམ་འཛིན་བྱས་ནས་ཀྲང་ཅན་ལེན་ཐུབ་པ་བྱུང་ཚེ། སློབ་ཆུང་འདིའི་དགེ་རྒན་གྱི་དཔུང་སྡེ་ཅུང་འཐུས་ཚང་དུ་གཏོང་ཐུབ་ཡོད་པས། དོན་དེ་སྔ་མོ་ནས་རུ་ཆེན་གྱི་ཧྲུའུ་ཅི་གཉིས་ལ་ཤེས་སུ་འཇུག་དགོས། བཅུག་ནས་མྱུར་དུ་ལག་ལེན་ལ་མ་བསྟར་ཚེ། རྒྱའི་གཏམ་དཔེར“མཚན་དུས་རིང་ན་རྨི་ལམ་མང”ཟེར་བ་བཞིན། དོན་དག་ཅི་འབྱུང་སུས་ཀྱང་རྗེས་དཔག་བྱེད་མི་ནུས་སྙམ།
མོས་དོན་དག་གི་གཙོ་ཕལ་ལ་གཞིགས་ཏེ་ལས་བྱར་བལྟ་རྒྱུ་གཞོགས་སུ་བསྐྱུར་ནས། སློབ་གྲྭ་འདིའི་དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་དོ་མི་མཉམ་པ་དང་། མ་མཉམ་པའི་རྒྱུ་མཚན་ནི་དམངས་སྒྲུབ་དགེ་རྒན་བདམས་པ་མི་ལེགས་པའི་ཆར་ཐུག་ཡོད་པ། དམངས་སྒྲུབ་དགེ་རྒན་ལ་ཤས་ཀྱི་ཆུ་ཚད་ཞན་པས་སློབ་གསོ་གོང་འཕེལ་དུ་འགྲོ་ཐུབ་ཀྱིན་མེད་པ། དམངས་སྒྲུབ་དགེ་རྒན་བཙལ་ན་རང་གི་ས་གནས་སུ་བཟང་བོ་བཙལ་ནས། ཞན་པ་དག་བརྗེས་ན་ཕན་འབྲས་ག་ཚད་ཡོད་པའི་སྐོར་བརྗོད་བྱ་བྱས་པའི་སྙན་ཞུ་ཡི་གེ་ཞིག་འབྲི་མགོ་བརྩམས།
1975ལོའི་ཟླ12པའི་ཚེས15ཉིན། གཟའ་ལྷག་པ། ཁ་བ་བབས།
ད་ནངས་ནས་བཟུང་ཁ་བ་འབབ་མགོ་བརྩམས། ཁ་བའི་ཁྲོད་དུ་ཆམ་ནད་ཕོག་པའི་སློབ་བུ་ཆུང་བ་སྐོར་ཞིག་སློབ་གྲྭར་ཡོང་ཐུབ་མེད། ཁོ་ཚོ་ལོ་ན་ཆུང་ཐོག་གྱོན་ཆས་སྲབ་པས། གྲང་ངར་གྱིས་གཞན་དབང་དུ་བསྒྱུར་ཟིན་པ་ཁོ་ཐག་རེད།
བཤད་རྒྱུན་དུ། ཁ་བ་བབས་རྗེས་ཆམ་ནད་ཀྱི་རྒྱུན་གཅོད་ཐུབ་ཟེར་བ་བདེན་ནམ། འདི་ནི་རང་ཉིད་ཤར་ལུང་ཚོ་དྲུག་ལ་ཡོང་རྗེས་ཀྱི་ཁ་བ་འབབ་ཐེངས་ཐོག་མ་དེ་ཡིན་པས། དེ་འདྲའི་ནུས་པ་མི་དམན་པ་ཡོད་པར་སྨོན།
རེ་སྨོན་དེ་འགྲུབ་པར། རང་ངོས་སུའང་གྲ་སྒྲིག་བཟང་བོ་ཡོད་དགོས། དུས་ཕྱིས་སུ་རྫོང་མཁར་དང་ཀུང་ཧྲེའི་ནང་དུ་འགྲོ་སྐབས། སློབ་མ་ཚོར་ཕན་ངེས་ཀྱི་ཆམ་པའི་སྨན་སྐོར་ཞིག་ཉོས་ན་འགྲིག ཆམ་ནད་སྔོན་འགོག་བྱས་ན་འགྲིག བརྗེད་མི་རུང་།
ཕྱི་དྲོའི་དུས་སུ། གངས་ལྷ་མེ་ཏོག་གིས་སྙན་ཞུ་ཡི་གེ་དེ་བུ་ཡིག་ཏུ་ཕབ་ནས་ཚར་བ་ན། དེ་རིང་སྔ་དྲོ་དང་འདྲ་བར་མོའི་སྒོ་མོ་དེ“ཐག་ཐག”ཏུ་རྡུང་བྱུང་།
“ནང་ལ་ཤོག”མོས་ནམ་རྒྱུན་དང་འདྲ་བར་དེ་ལྟར་སྨྲས་པར། སྒོ་ཕྱེ་ནས་ཡོང་མཁན་ནི་དགེ་རྒན་ཝང་ཅུན་གྱི་གནས་ཚུལ་དེ་ཐོག་མར་གྲོས་བྱེད་འདོད་གྲས་ཀྱི་ཧྲུའུ་ཅི་སངས་རྒྱས་སྐྱབས་ཡིན་འདུག ཁོའི་གདོང་ལ་འཛུམ་ཤོང་ཚོད་ཅིག་མངོན་བཞིན“གངས་ལྷ། ཁྱོད་ཀྱིས་ལྟོས་དང་། སུ་ཞིག་བུད་ཡོང་བ་རེད”ཟེར་བར། མཐུད་ནས་སྒོའི་ནང་དུ་འཛུལ་བྱུང་བ་ནི་མོའི་ཨ་ཕ་སྟེ། ས་ཆ་འདིའི་མང་ཚོགས་ཀྱི་སྐད་ལ་དགེ་རྒན་འཇིགས་མེད་རབ་བརྟན་ཟེར་བ་ཁོ་ཡིན་འདུག
“ཨ་ཕ། ཁྱོད་བདེ་མོ། འདིར་ནམ་ཞིག་ལ་སླེབས་པ་ཡིན།”
གངས་ལྷ་མེ་ཏོག་གིས་དེ་སྐད་སྨྲ་བཞིན་བྱིས་པ་ཞིག་དང་འདྲ་བར་བརྒྱུགས་ནས་སོང་སྟེ། མོ་ལ་མཉེས་གཤིན་ཆེས་ཆེ་བའི་མི་དེའི་སྐེ་ལ་དམ་པོར་འཐམས།
དགེ་རྒན་འཇིགས་མེད་རབ་བརྟན་ནི་གཟུགས་རིང་ཞིང་གདོང་སྒོར་ལ་མིག་ཤེལ་ཐོགས་པའི་སྐྱེས་པ་ཡར་གསེག་ཅིག་སྟེ། རང་ཉིད་ལ་འཐམས་འདུག་པའི་བུ་མོ་གངས་ལྷ་མེ་ཏོག་ལ་འགྲམ་པ་གླན་ཙམ་བྱས་རྗེས“ང་ཚོ་ཁ་སང་ཕྱི་དྲོ་རྨ་གཞུང་རྫོང་ཐོག་ཏུ་སླེབས་སོང་། རྫོང་ཁག་ལྔ་པོའི་སློབ་གསོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འགྲོ་བཞིན་ཡོད། དེ་རིང་ཕྱི་དྲོ་གཟས་ནས་གནང་བ་ཞུས་ཏེ་ཁྱོད་ལ་བལྟ་རུ་ཡོང་བ་ཡིན། དཀའ་མ་སོང་ངམ”ཞེས་དྲིས་འོངས།
མོས་ཨ་ཕ་གློད་ནས་ལྕགས་ཐབ་འགྲམ་དུ་འདུག་སྟེགས་གཉིས་འཇོག་ཞོར་ལ“མ་དཀའ་ཐལ། ཧྲུའུ་ཅི་སངས་རྒྱས་སྐྱབས་ཕ་བུ་གཉིས་དང་། ས་གནས་འདིའི་རུ་ཆེན་དང་ཐོན་སྐྱེད་རུ་ཁག་གི་མིང་བཏགས་རྣམས། དགེ་གྲོགས་ཚོ། ད་དུང་ཁྱོད་ཀྱི་སློབ་མ་ཡིན་ཟེར་མཁན་སྐོར་ཞིག་གི་རོགས་རམ་ལ་བརྟེན་ནས་བྱ་བ་ཡོད་ཚད་ལེགས་ལམ་དུ་འགྲོ་བཞིན་ཡོད། ད་སྔ་དཀའ་ལས་ཆེན་པོར་འཕྲད་མ་བྱུང”ཞེས་ལན་བཏབ།
“དཀའ་ལས་མ་བྱུང་བ་གཙོ་བོ་ནི་ཁྱོད་ཀྱི་བུ་མོ་འདི་བསམ་པ་རྣམ་དག་དང་ཐབས་ལ་མཁས་པའི་རྐྱེན་གྱིས་རེད། ད་དུང་བཙན་དགོས་སར་བཙན་ལ་གཉོམ་དགོས་སར་གཉོམ་པ་དང་། དགེ་སློབ་ཀུན་ལ་སེམས་གཏིང་ནས་ཤ་ཚ་བ་དང་རོགས་རམ་བྱེད་པར་དགའ་བའི་རྐྱེན་ཡང་ཡིན།”
སངས་རྒྱས་སྐྱབས་ཀྱིས་གངས་ལྷ་མེ་ཏོག་གིས་ཁོ་གཉིས་ཀར་ལྕགས་ཕོར་དཀར་པོའི་ནང་བླུགས་པའི་ཇ་ལ་ཧུབ་ཅིག་བྱས་རྗེས། མོའི་ཁྱད་ཆོས་གཙོ་བོ་དག་དམིགས་སུ་བཀར་ནས་བརྗོད།
“འོ་ན་བཟང་འདུག ངས་རྒྱུན་དུ་བསླབ་པའི་ཐབས་དེ་ཚོ་དངོས་ཡོད་འཚོ་བའི་ནང་བཀོལ་ཤེས་བཞིན་ཡོད་པ་འདྲ། ཤར་ལུང་ཚོ་དྲུག་གི་ས་ཆ་འདི་ང་ལ་མཚོན་ན་ཆ་རྒྱུས་ཡོད་དྲགས་འདུག་ཅེས་བཤད་ཆོག ཚོ་བ་རེ་རེ་དང་ཁྱིམ་རྒྱུད་རེ་རེ། དེ་དག་གི་མི་རེ་རེའི(ཆེ་བ་དག)དགེ་སྐྱོན་རྣམས་ཀྱང་ངས་གསལ་བོ་རྟོགས་པས། བྱ་བ་ལས་ཤེས་ཚེ་འབྲས་བུ་འབྱུང་སླ།”
འཇིགས་མེད་རབ་བརྟན་ཡང་ཁ་སྐོམ་ཡོད་པ་འདྲ། དེ་ལྟར་བག་ལྷོད་པོའི་ངང་བཤད་རྗེས། ལྕགས་ཕོར་ནང་གི་ཇ་ལ་ཕུ་འདེབས་ཞོར་ཧུབ་གང་འཐུངས་པར། རླངས་པ་ཡིས་ཁོའི་མིག་ཤེལ་གྱི་ངོས་དག་རབ་རིབ་ཏུ་བཟོས་སོང་ནའང་། ཅང་མ་འགོར་བར་རླངས་པས་བསྐྱེད་པའི་རི་མོ་དཀར་པོ་དེ་ཆར་ཤུལ་གྱི་འཇའ་རིས་བཞིན་ཡལ་བར་གྱུར།
“ངོ་མ་ཡིན། ཁྱོད་ཀྱི་ཨ་ཕ་ས་ཆ་འདིར་ཡོང་མེད་ཚེ། ཤར་ལུང་ཚོ་དྲུག་སློབ་ཆུང་འདི་ད་རུང་བཙུགས་ཡོད་མེད་མི་ཤེས། ཤེས་ཡོན་ཅན་གཅིག་ཀྱང་སྐྱེད་སྲིང་བྱས་ཡོད་མེད་བཤད་དཀའ་མོ་རེད། ལྷག་དོན་སློབ་གནས་འདི་འདྲ་ཞིག་ལག་ལ་ཡོང་ཡོད་མེད་ཀྱང་བཤད་མི་ཐུབ།”
སངས་རྒྱས་སྐྱབས་ཀྱིས་འདང་ཞིག་བརྒྱབ་རྗེས་ཟོལ་མེད་དྲང་བདེན་གྱི་སྒོ་ནས་དེ་ལྟར་སྨྲས་བྱུང་།
“དངོས་གནས་སློབ་གནས་འདི་འདྲ་ཞིག་བཙལ་པ་ནི་ཅུང་ཙམ་ཡང་འཆུགས་མི་འདུག དགེ་རྒན་གྱི་སྡོད་གནས་དང་སློབ་མའི་སློབ་ཁང་ཁ་ཁར་ཕྱེ་ཡོད་ལ། ཁང་བ་ལས་པའང་འཁོབས་ཆེ་ཐོག་གསལ་ཡངས་དང་ལྡན་པས་ཁམས་དྭངས་པར་བྱས་འགྲོ། གོ་ཐོས་ལྟར་ན་འདི་ནི་སྔོན་ཆད་བླ་མ་ཨ་ཚོགས་ཚང་གི་ནང་ཆེན་ཡིན་ཡང་། རྗེས་སུ་ཤར་ལུང་ཀུང་ཧྲེ་ཆགས་པ་ཡིན་ཟེར་བ་བདེན་ནམ།”
གངས་ལྷ་མེ་ཏོག་གིས་སློབ་གྲྭའི་ལོ་རྒྱུས་ཤེས་འདོད་ཀྱི་ཉམས་དང་བཅས་ཏེ་དྲིས།
“ཡིན། དེའི་དུས་ཀུང་ཧྲེ་འདི་རུ་ཆགས་པས། ཁང་བ་སྐོར་ཞིག་སྐབས་དེར་བར་བཅད་པ་དང་ཁང་ཀླད་བརྗེས་པ། རྩིག་ངོས་ས་དམར་གྱིས་འདག་ཞལ་བྱས་པ་བཅས་ལས་གསར་བ་གསར་རྐྱང་དུ་བཏང་སོང་། ང་དང་དགེ་རྒན་གཞན་ཞིག་གིས་ཡ་གིའི་གླེ་ཐོག་དེར་ཡོད་པའི་ལུང་རྟོགས་སྒར་ཁ་རུའང་སློབ་ཁྲིད་བྱས་མྱོང་། སྒར་ཁ་དེ་རྒྱ་ཅུང་ཆུང་། ཁང་བའང་འདི་འདྲ་མང་བོ་མེད། རྗེས་སུ་ཤར་ལུང་ཀུང་ཧྲེ་ནི་རྨ་ཤར་ཀུང་ཧྲེའི་ནང་བསྲེས་པས། ང་ཡར་རྒྱུག་མར་རྒྱུག་བྱས་ནས་སློབ་གནས་འདི་ལག་ལ་ཡོང་བ་ཡིན། ཡ་མཚན་པ་ལ་བུ་མོ་ཁྱོད་འདུག་སའི་ཁང་བ་འདི་ནི་ང་སྔོན་ཆད་སྡོད་ས་དེ་ཡིན་འདུག ད་ཕ་ཤུལ་བུ་མོས་ཟིན་པའི་རྟེན་འབྲེལ་འགྲིག་ཡོད།”
འཇིགས་མེད་རབ་བརྟན་གྱི་གདོང་ལ་ཡིད་ཚིམས་པའི་འཛུམ་མདངས་ཤིག་མངོན་བཞིན་དེ་ལྟར་ལབ།
“ཕ་ཤུལ་བུ་མོས་ཟིན་མིན་ལ་ཁྱོད་ཀྱིས་འདང་རྒྱག་སྤུ་ཙམ་ཡང་བྱེད་མི་དགོས། བུ་མོ་ལོ་ན་ཆུང་ཡང་མིག་རྒྱང་རིང་བས་ང་ཚོ་མིང་བཏགས་རྣམས་ཀྱི་ཡིད་ཚིམས་ཡོད། སློབ་སྐབས་འདིར་གཙོ་བོ་དགེ་སློབ་ཡོངས་ཀྱི་སྒྲིག་ལམ་འཛིན་བཞིན་འདུག ལྷག་དོན་དགེ་རྒན་གྱི་དཔུང་སྡེ་འཛུགས་པའི་ཐད་བྱ་བ་མང་བོ་ལས་བཞིན་མཆི།”
སངས་རྒྱས་སྐྱབས་ཀྱིས་དེ་ལྟར་བཤད་མ་ཐག གངས་ལྷ་མེ་ཏོག་གིས་ཅི་ཞིག་དྲན་པ་ལྟར་གློ་བུར་ཡར་ལངས་ཤིང་། ཕར་སོང་ནས་སྒྲོག་ཙེ་ཡི་འཐེན་སྒམ་ཕྱེ་ནས་ཤོག་བུ་ཞིག་བླངས་འཕྲལ“ད་བཟང་འདུག དེ་རིང་སྔ་དྲོ་དགེ་རྒན་ཝང་ཅུན་གྱིས་ལས་བསྐྱུར་ཞུ་ཡིག་ཅིག་ཁྱེར་ནས་ཡོང་ཐལ། ཁོ་ལ་གནོན་ཤུགས་ཆེ་བས་ཡིད་ཆད་ཟིན་པ་འདྲ། ཡི་གེ་འདི་རེད”ཟེར་ནས་ཧྲུའུ་ཅི་ལ་སྟོན་ཙམ་བྱས་རྗེས། ཨ་ཕའི་ལག་ལ་བཞག་བྱུང་།
འཇིགས་མེད་རབ་བརྟན་གྱིས་ཞིབ་ཏུ་བལྟས་རྗེས“འདི་དེའི་དུས་དམངས་སྒྲུབ་དགེ་རྒན་ནང་འཐེན་སོང་བ་དེ་ཨེ་རེད། གོ་ཐོས་ལྟར་ན་ད་རུང་གཅིག་འདུག་ཟེར་བ་མིན་ནམ། རྗེས་སུ་དགེ་རྒན་དེའི་སྐོར་དག་ཐེར་བྱ་རྒྱུ་ཡིན་པས། ཁོ་ཚོས་རྒྱུ་འབྲས་གང་མང་བསྣོགས་པའི་སྦྱོར་བ་དེར་ད་ནི་རྫོགས་ཚིགས་འགོད་རན། འདི་ལྟར་རང་འགུལ་གྱིས་འབུད་བཞིན་པ་དག་ནི་ད་དུང་ཀླད་པ་དྭངས་མོའི་སྐོར་རེད། མི་དྭངས་པའི་སྐོར་ལ་བཙན་པོ་བྱས་ནས་འབུད་དུ་བཅུག་ཀྱང་ཆོག ཁྱོད་ཚོའི་ཐབས་བཀོད་དེ་ཧ་ཅང་བཟང་། མང་ཚོགས་ལ་བཙན་པོ་བྱེད་དུ་འཇུག་རོགས། ཚུར་ལ་སོ་འདེབས་ས་མི་འགྲོ་བ་ཞིག་བཅའ་རོགས”ཞེས་སྨྲས་རྗེས། ཡང་ཅི་ཞིག་དྲན་པ་ལྟར“གནས་ཚུལ་དངོས་དེ་རྫོང་སློབ་གསོ་ཅུས་སོགས་འབྲེལ་ཡོད་ལས་ཁུངས་ལའང་ཤེས་སུ་བཅུག་ན་ཡག འབྲེལ་ཡོད་མགོ་ཁྲིད་ལའང་ཤེས་སུ་འཇུག་རོགས”ཞེས་བཤད་རྗེས་ཡི་གེ་དེ་ཕྱིར་བུ་མོ་གངས་ལྷ་མེ་ཏོག་ལ་བྱིན།
གངས་ལྷ་མེ་ཏོག་གིས་ཤོག་བུ་དེ་བླངས་རྗེས། ཡང་རང་གིས་གོང་རིམ་ལ་བྲིས་པའི་སྙན་ཞུ་ཡི་གེ་དེ་སྒྲོག་ཙེ་ཐོག་ནས་བླངས་ཏེ་ཁོང་ལ་སྟེར་ཞོར་དུ“ངས་ཀྱང་དེ་འདྲའི་ཡི་གེ་ཞིག་བྲིས་ཡོད། འགྲིག་མིན་ཁྱེད་ཀྱིས་བལྟ་བར་ཞུ། ང་ལ་བསམ་འཆར་ཞིག་འདོན་རོགས”ཟེར་བཞིན་ཡི་གེ་དེ་ཡང་ཨ་ཕའི་ལག་ཏུ་བཞག་སོང་།
ཁོང་གིས་ཡི་གེ་དེར་བལྟས་ནས་ཚར་ལ་ཉེ་བའི་སྐབས་ཤིག་ལ། སངས་རྒྱས་སྐྱབས་ཀྱིས་གྲེ་བ་བསལ་ཙམ་བྱས་རྗེས“དེ་འདྲ་ཡིན་ན་ང་ཚོས་ཝང་ཅུན་གྱི་དོན་འདི་སྔ་མོ་ནས་གྲོས་ཁ་བསྡུར་ཏེ་ཐག་གཅོད་བྱས་རྗེས། ཁོའི་ཚབ་ཏུ་ཀྲང་ཅན་བླངས་ན་འགྲིག་ཡོད”ཅེས་བློ་ཐག་རྦད་ཆོད་ཀྱིས་བཤད་འོངས།
“ངས་ཀྱང་དེ་ལྟར་བསམ་བཞིན་ཡོད། དེའི་རྐྱེན་གྱིས་ཉིན་འདི་དག་ནང་དོན་དེ་ཐག་གཅོད་བྱེད་རྩིས་ཡིན། དོན་དག་འདི་དུས་ཐོག་ཏུ་ལས་ན་བཟང་།
བསམ་དབང་གཟུར་དབང་མེད་པར་བྱས་ན་འགྲིག”
གངས་ལྷ་མེ་ཏོག་གིས་ཀྱང་ཚིག་ཐག་ཆོད་པའི་སྒོ་ནས་སྨྲས།
“ཀྲང་ཅན་ཟེར་བ་དེ་སུ་རེད། ད་ལྟ་གང་དུ་ཡོད་པ་ཡིན།”
འཇིགས་མེད་རབ་བརྟན་གྱིས་སྙན་ཞུ་ཡི་གེ་དེ་ཕར་སློག་ཚུར་སློག་འགའ་བྱས་རྗེས། མི་དེར་རྒྱུས་ལོན་བྱེད་འདོད་ཀྱི་ཉམས་དང་བཅས་དེ་ལྟར་དྲིས།
“འོ། དེ་ནི་ཐང་རྔ་སྡེ་བར་སྤར་ཡོང་བའི་རྩིས་གཉེར་པ་ཀྲང་གི་བུ་འབྲིང་བ་ཡིན། མཐོ་འབྲིང་མཐར་ཕྱིན་པ་ཞིག་རེད། ཡོན་ཚད་ཧ་ཅང་བཟང་ལ་མི་གཤིས་ཀྱང་ཡག་པོ་ཡོད། ད་ལྟ་ཁྱིམ་ནང་དུ་བསྡད་འདུག”
སངས་རྒྱས་སྐྱབས་ཀྱིས་ཁོས་ཁྲིད་ཡོང་བའི་མགྲོན་པོ་རྩ་ཆེན་དེར་དེ་ལྟར་མཚམས་སྦྱོར་རགས་ཙམ་བྱས།
“དེ་འདྲའི་ཤེས་ཡོན་ཅན་ཡོད་ཚེ་ངེས་པར་བརྗེ་ཐབས་བྱ་དགོས། དེ་ད་ལྟའི་སྲིད་ཇུས་དང་ཡང་མཐུན། གོང་རིམ་ནས་མངགས་ཡོང་བའི་དགེ་རྒན་ལས། དོན་ངོ་མར་རང་སར་བཙལ་པའི་དམངས་སྒྲུབ་དགེ་རྒན་གྱིས་གོ་ཆོད་འགྲོ།”འཇིགས་མེད་རབ་བརྟན་གྱིས་སངས་རྒྱས་སྐྱབས་ཀྱི་ངོ་ལ་ལྟ་བཞིན་དེ་སྐད་ལབ་འཕྲལ། ཡང་བུ་མོའི་ཕྱོགས་སུ་འཁོར་ནས“སྙན་ཞུ་ཡི་གེ་བྲིས་པ་ཡག་པོ་འཁྱོངས་འདུག ཡིན་ནའང་བྱེ་བྲག་པའི་དོན་དེ་དཔེ་ངོ་མ་འདྲེན་པ་དང་། ཡང་ན་གྲངས་ཀ་རྣལ་མས་མཚོན་ན་གོང་རིམ་ནས་གཙིགས་སུ་འཛིན་པར་གོ་ཆོད། དེའི་ཐད་དུ་ཁ་གསབ་རེ་བརྒྱབ་པས་ཆོག”ཅེས་གཟབ་ནན་ངང་སྨྲས་བྱུང་།
“ཏིང་ཏིང་། ཏིང་ཏིང་། ཏིང་ཏིང་།”
དགེ་རྒན་ལི་ཆིན་ཧོ་ཡིས་ཕྱི་དྲོའི་སློབ་ཐུན་དང་པོའི་གྲོལ་བརྡ་བརྒྱབ་བྱུང་བ་ལ། ཨེན་ཙམ་འགོར་བར་ལྷས་ཞོལ་མའི་ཕྱོགས་ནས་བྱིས་པ་དག་གི་འུར་སྒྲ་བར་མེད་དུ་ལྷས་གོང་མར་མཆེད་ཡོང་།
“ད་ང་ཡང་འགྲོ་རན་སོང་། ཕྱི་དྲོ་ལས་གྲོགས་ཚོ་བ་རྒྱ་ཐང་ཀུང་ཧྲེའི་ཕྱོགས་སུ་འགྲོ་བར། ང་ཤར་ལུང་ཚོ་དྲུག་ཕྱོགས་སུ་ཡོང་སའི་སུམ་སྣ་དེ་རུ་ཐང་ལ་བབས་པ་ཡིན། ཆུ་ཚོད་དྲུག་པ་ཡས་མས་སུ་དེ་གར་སླེབས་པར་བྱོས་ཟེར་བས། རྗེས་སུ་ལུས་ན་མི་བཟང་།”འཇིགས་མེད་རབ་བརྟན་གྱིས་དེ་ལྟར་སྨྲ་ཞོར་ཡར་ལངས་རྗེས“ལོ་གསར་རྗེས་སུ། ང་ཡང་རྨ་གཞུང་རྫོང་སློབ་གསོ་ཅུས་ནང་དུ་ལས་གནས་སྤོར་ཐུབ་པ་འདྲ། དོན་དག་ཅི་ཡོད་ཡི་གེའི་ལམ་ནས་འབྲེལ་བ་བྱེད། རང་རྫོང་དུ་ཨ་ཕ་ལ་ངོ་ཤེས་མང་བས་རོགས་བྱེད་ཐུབ། ཁྱོད་ཚོའི་མཉམ་འབྲེལ་བྱས་པ་བཟང་བས་ང་དགའ་ཡོད། སློབ་གྲྭའི་རྣམ་པ་མཐོང་བས་ང་དགྱེས་ཡོད”ཟེར་བཞིན་གངས་ལྷ་མེ་ཏོག་གི་ཉལ་ཁང་ལས་སྒོར་བུད་བྱུང་།
“འདི་དག་ཡོད་ཚད་ཁྱོད་ལ་བཀའ་དྲིན་ཞུས་ན་འགྲིག ཁྱོད་ཀྱིས་ཤེས་རིག་ཉིས་འཛོམས་ཀྱི་བུ་མོ་འདི་ས་ཆ་དབུལ་པོ་འདིར་མངགས་ཡོང་བར་བཀའ་དྲིན་ཆེ། རྗེས་སུ་སློབ་གྲྭ་འདིར་ཡང་ཡང་ཡོང་བར་ཞུ། སློབ་གྲྭའི་བྱ་བར་རྒྱབ་སྐྱོར་ཡང་ཡང་ཞུ་བའི་རེ་བ་ཡོད།”
སངས་རྒྱས་སྐྱབས་ཀྱང་ཁོའི་རྗེས་འབྲངས་ནས་སྒོར་འབུད་བཞིན་དེ་སྐད་ལབ།
“ཨ་ཕ། ད་རུང་ཅུང་སྔ་བས། ཡུད་ཙམ་ལ་ངལ་གསོ་བྱས་ནས་བསྡད་ན་མི་ཆོག་གམ།”
གངས་ལྷ་མེ་ཏོག་ཀྱང་ཁོ་གཉིས་ཀྱི་ཕྱི་རྗེས་འབྲངས་ནས་ཉལ་ཁང་ལས་སྒོར་བུད་འཕྲལ། གོམ་འགྲོས་ཇེ་མགྱོགས་སུ་བཏང་ནས་ཨ་ཕའི་དཔུང་བར་འཇུས་མ་ཐག་ཞུ་བ་བྱེད་པའི་ངག་གིས་བརྗོད་འོངས།
འཇིགས་མེད་རབ་བརྟན་གྱིས་དམག་ལྭ་སེར་པོ་ནང་ཚངས་ཅན་དེའི་སྒྲོག་གུ་རྒྱག་བཞིན“ངས་ད་དུང་ཁྱོད་ཚོའི་དགེ་སློབ་དག་གི་རྣམ་པ་ལ་གཅིག་བལྟ་འདོད། རྗེས་སུ་ང་རྒྱུན་དུ་ཡོང་ངེས་ཡིན། ཁྱོད་ཚོ་སུན་རག་བར་དུ་ཡོང་སྲིད”ཟེར་བཞིན་ཁོ་ཚོ་དང་མཉམ་དུ་ལྷས་ཞོལ་མར་བུད།
དེ་གར་སློབ་མ་ཆེ་ཆུང་ཚང་མ་ར་ལུག་འདྲེས་པ་ལྟར་ཡར་རྒྱུག་མར་རྒྱུག་དང་ས་མཆོང་གནམ་མཆོང་བྱས་འདུག་ལ། སྐོར་ཞིག་གིས་སྲིབ་ཕྱོགས་སུ་ལུས་པའི་ཁ་བ་རྡོག་པོར་བསྒྲིལ་ནས་ཕན་ཚུན་རྒྱག་རེས་བྱེད་ཀྱིན་མཆི། བལྟས་ཚོད་ཀྱིས་སློབ་མ་ཆུང་བ་ཚོ་ཆེ་བ་དག་ལས་མངོན་སུམ་གྱིས་ཉུང་བ་མཐོང་བས། འཇིགས་མེད་རབ་བརྟན་གྱིས“སློབ་མ་ཆུང་བའི་སྐོར་འདི་ཙམ་ལས་མེད་པ་ཡིན་ནམ”ཞེས་དྲིས་བྱུང་བར།
གངས་ལྷ་མེ་ཏོག་གིས“དགུན་ཁ་སླེབས་པ་དང་བསྟུན་ནས་སློབ་མ་ཆུང་བའི་སྐོར་ཇེ་ཉུང་ལ་རབ་ཅིག་ཕྱིན་སོང་། རྒྱུ་མཚན་གཙོ་བོ་ནི་ལམ་ཐག་རིང་བ་དང་གྱོན་ཆས་སྲབ་པ། ཕ་མས་རྒྱབ་སྐྱོར་མི་བྱེད་པ། ད་དུང་ཉིན་འདི་དག་གི་རིང་དུ་སྐོར་ཞིག་ལ་ཆམ་ནད་ཕོག་ནས་ཡོང་མ་ཐུབ་པ་བཅས་ཡིན”ཞེས་ལན་བཏབ།
“འདི་ནི་གནད་དོན་ཞིག་རེད། གནད་དོན་ཆེན་པོ་ཞིག་རེད། སློབ་མ་སྔ་མའི་སྐོར་ལས་རྗེས་མ་ཇེ་ཉུང་ལ་འགྲོ་བ་ནི་ལྟག་ཆུ་ཆད་པའི་རྫིང་བུའི་ཟླར་འགྲོ་ཉེན་ཡོད་པ་རང་རེད། སློབ་གསོ་ལ་ཉམས་རྒུད་འབྱུང་བཞིན་པའི་རྟགས་རེད། གོང་རིམ་ནས་ཟླ་འགའི་སྔོན་ནས་ཡིག་ཆ་བཏང་འདུག ཡིག་ཆའི་ནང་དོན་གཙོ་བོ་ནི་སློབ་གསོ་ཁྱབ་གདལ་དུ་གཏོང་དགོས་ཟེར། འབྱོར་མེད་གྲལ་རིམ་གྱི་བུ་བུ་མོ་མཐའ་དག་ལ་འདྲ་མཉམ་གྱི་སློབ་གསོ་མྱོང་དུ་འཇུག་དགོས་ཟེར། ཁོ་ཚོ་གསར་བརྗེ་རྒྱུན་འཛིན་པར་སྐྱེད་སྲིང་བྱེད་དགོས་ཟེར་བ་བཅས་རེད།”
འཇིགས་མེད་རབ་བརྟན་གྱི་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་བཞིན་སྨྲ་བར་བྱེད།
“གོང་རིམ་དུ་དེ་འདྲའི་སྲིད་ཇུས་ཡོད་ན་ཧ་ཅང་བཟང་། སྲིད་ཇུས་དེ་གངས་ལྷ་མེ་ཏོག་གི་བསམ་ཚུལ་དང་ཡང་མཐུན་པ་རེད། ད་ཅི་ང་ཚོས་གནད་དོན་འདིའི་སྐོར་གླེང་ཐུབ་མ་སོང་། མོས་དེ་སྔོན་ཟླ་གཅིག་ལྷག་གི་དུས་ཚོད་སྤྱད་ནས་བརྟག་དཔྱད་བྱས་རྗེས། ད་ནི་ཕྱིས་སུ་ཐོན་སྐྱེད་རུ་ཁག་སོ་སོར་ཡན་ལག་སློབ་ཆུང་བཙུགས་ན་བཟང་ཟེར། ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་འདི་གར་ཡོང་མི་དགོས་པར་རུ་ཁག་ནང་སོང་ཆོག་ལ། སློབ་གནས་ནི་རུ་ཁག་སོ་སོའི་མ་ཎི་ཁང་བྱེད་པ་དང་། དགེ་རྒན་ལ་སློབ་ཆུང་འདིར་སྔ་ཕྱིར་མཐར་ཕྱིན་པ་ལས་རྩེ་གྲས་སྐོར་བསྐོ་རྒྱུ་ཡིན་ཟེར། ཁྱོད་ཀྱིས་བལྟས་ན་བསམ་ཚུལ་དེ་ཅི་འདྲ་འདུག”
སངས་རྒྱས་སྐྱབས་ཀྱིས་གསང་མ་ཚུགས་པར། གངས་ལྷ་མེ་ཏོག་གིས་ཉེ་སྔོན་རང་དང་གྲོགས་པོ་ལྕགས་ཐར་གཉིས་ལ་གྲོས་བྱས་པའི་ཚུལ་དེ་གསོང་བོར་བརྗོད་སོང་།
“བསམ་ཚུལ་དེ་ད་རུང་དབྱར་དུས་ཀྱི་སིལ་ཏོག་ནང་བཞིན་སྨིན་མེད་པས། ད་དུང་འདང་མང་བོ་བརྒྱག་རྒྱུ་ཡོད། ང་ཚོའི་འདོད་ཐོག་ལ་རྟ་བརྒྱུགས་པ་བྱུང་ན། དེའི་མཇུག་འབྲས་ནི་སློབ་མ་ཆུང་ངུ་ཡོད་ཚད་སློབ་གྲྭའི་ནང་འགུགས་ཐུབ་པ་སྟེ། ཕྱིས་སུ་སློབ་མ་མེད་པའི་སྡུག་མང་བོ་མྱོང་མི་དགོས། ནུས་ཤུགས་ཇི་སྙེད་སློབ་གསོའི་སྤུས་ཀ་འཛིན་པའི་ཐོག་ཏུ་བཞག་ཆོག”
གངས་ལྷ་མེ་ཏོག་གིས་ཨ་ཕའི་སེམས་པ་བདེ་ལ་དབབ་ཆེད། ཧྲུའུ་ཅི་སངས་རྒྱས་སྐྱབས་ཀྱིས་བཤད་མ་ཐག་པའི་རང་གི་འཆར་གཞི་གསར་བ་དེར་དེ་ལྟར་ཁ་སྣོན་བྱས།
“དོན་དེ་ང་ཚོ་དུས་ཡུན་རིང་བོར་སློབ་གསོ་གཉེར་མཁན་དག་གི་ཀླད་པའི་ནང་ཅི་ལ་མ་འཁོར་བ་རེད་དམ། དེ་ནི་དངོས་གནས་བོད་ཁུལ་དང་སྒོས་སུ་རོང་ཁུལ་གྱི་ས་ཆ་མང་བོའི་དངོས་ཡོད་གནས་ཚུལ་དང་མཐུན་པས། སྔ་མོ་ནས་ལག་ལེན་དུ་བསྟར་ན་བཟང་། ཁྱབ་གདལ་དུ་བཏང་ན་འགྲིག”
འཇིགས་མེད་རབ་བརྟན་གྱིས་དེ་ལྟར་བཤད་ནས་ཚར་མ་ཚར་གྱི་མཚམས་སུ། བརྩོན་འགྲུས་རྒྱ་མཚོ་གང་ཞིག་ནས་བརྒྱུགས་ཡོང་ལ། ཁོ་ཚོའི་གམ་དུ་སླེབས་མ་ཐག་ངག་ནས“ཨ་ཕ། ཁྱོད་ཚོ་སློབ་གྲྭའི་ནང་ཡོང་བ་ཡིན་ནམ། འགྲོ། ངའི་ཉལ་ཁང་དུ་འགྲོ་ལ་ཇ་ཞིག་ཐུངས”ཟེར།
“ཨ་ཕ། ཁྱོད་ཀྱིས་ཁོ་ངོ་ཤེས་སམ། ཁོ་ནི་ངའི་ཆུང་དུས་ཀྱི་རྩེད་རོགས་རྒྱ་མཚོ་རེད། ད་ལྟ་སློབ་གྲྭ་འདིའི་བོད་ཡིག་དགེ་རྒན་ཡིན། བརྩོན་འགྲུས་ཆེ། སྤོབས་སེམས་ལྡན། ལག་རོགས་དཔེ་མེད་པ་ཞིག་རེད།”
གངས་ལྷ་མེ་ཏོག་གིས་ཧྲུའུ་ཅི་སངས་རྒྱས་སྐྱབས་ལ་ལན་སྟེར་དབང་མ་བྱིན་པར་ཁོ་གཉིས་དེ་ལྟར་མཚམས་སྦྱོར་བྱས།
“ཨ་ཙི། འདི་འདྲའི་ལགས་ཆགས་ཟིན་ནམ། ཁྱོད་གཉིས་ན་ཟླ་ཡིན་པ་ངས་ད་དུང་བརྗེད་མི་འདུག ལོ་ན་ཆུང་ཡང་ཕལ་ཆེར་ངའི་རིང་ཐུང་ཡོད་པ་རེད། ཆུང་དུས་ཀྱི་རྩེད་རོགས་ད་ལྟ་དགེ་གྲོགས་སུ་གྱུར་པས། དགེ་རྒན་གྱི་ལས་གནས་སུ་ཆུང་དུས་ནང་བཞིན་ཕན་ཚུན་རོགས་རམ་བྱེད་དགོས། མཐུན་སྒྲིལ་བྱེད་དགོས། མེས་པོ་གོང་མ་ཚོས‘རྩྭ་བསིལ་བ་མེད་ན་སྐམ་འགྲོ། མི་མཐུན་སྒྲིལ་མེད་ན་ཐོར་འགྲོ’ཟེར་བ་ཡིན་པས། མཐུན་སྒྲིལ་ནི་ཧ་ཅང་གལ་ཆེ། མཐུན་སྒྲིལ་ཡོད་ཚེ་ལས་ཀ་གང་ཞིག་མགོ་བརྩམས་ཀྱང་མཐའ་ཡག་པོ་འཁྱོང་ངེས།”
འཇིགས་མེད་རབ་བརྟན་གྱིས་མིག་སྔུན་གྱི་དགེ་རྒན་གཉིས་ལ་དེ་ལྟར་བསླབ་སྟོན་གནང་སོང་།
དེའི་དུས་དགེ་རྒན་ལི་ཆིན་ཧོ་ཡིས་ཀྱང་མགྲོན་པོ་དེ་ནི་སློབ་གཙོ་གངས་ལྷ་མེ་ཏོག་གི་ཨ་ཕ་དང་། སྒོས་སུ་ཁུལ་སློབ་གསོ་ཅུས་ཀྱི་ཁའོ་ཀྲང་ཞིག་ཡིན་པ་རྟོགས་པས། རང་འགུལ་གྱིས་ཚུར་ཡོང་ཞོར་མིག་ཤེལ་ཡར་འདེད་ཙམ་དང་བཅས་ཁོ་ལ་འཚམས་འདྲི་བྱས།
ཁོ་ཚོས་མགྲོན་པོ་གལ་ཆེན་དེ་བསྐོར་ནས་སློབ་ཁང་སོ་སོ་དང་བུད་ཤིང﹙ཨོང་བ་སོགས﹚འཇོག་སའི་ཁང་བ་བཅས་ལ་ཞིབ་ལྟ་བྱས་རྗེས་རིམ་བཞིན་སྒོ་ཁར་བུད།
ཁོ་གཉིས་སློབ་གྲྭ་དང་གྱེས་ཁ་ཏག་ཏག་དེར། བརྩོན་འགྲུས་རྒྱ་མཚོ་ཀུན་གྱི་སྔོན་ལ་བུད་དེ་ངག་འཇམ་པོའི་ངང“དགེ་རྒན་ལགས། དོ་དགོང་ངེད་ཚང་དུ་ཞག་བཞུགས་བྱས་ན་ཨེ་ཆོག་གམ། ཨ་མ་དང་ཨ་ཁུ། ཕུ་བོ་སོགས་ཀྱིས་ནམ་རྒྱུན་ཁྱོད་གླེང་བར་བྱེད་པས། མཉམ་དུ་ཁ་བརྡ་ཞིག་བྱས་ན་ཅི་འདྲ་རེད། ཨ་ཕ་ཁྱོད་གཉིས་སྔོན་ལ་སོང་དང་། སློབ་གྲྭ་གྲོལ་རྗེས་སློབ་གཙོ་ངེད་གཉིས་མཉམ་དུ་ཡོང”ཞེས་མགྲོན་པོ་གལ་ཆེན་དེ་ཁྱིམ་དུ་གདན་འདྲེན་ཞུས།
“ཐུགས་རྗེ་ཆེ། ཡིན་ནའང་ད་རེབ་ང་ལ་འདུག་ཁོམ་མེད་པས་ཕྱིས་སུ་མཇལ་ཡོང་། དེ་རིང་སློབ་གྲྭར་ཡོང་ཁར་ཁྱོད་ཚང་དུ་ཕྱིན་པ་ཡིན། ཁྱོད་ཀྱི་ཨ་མ་དང་ཨ་ཁུ། ཕུ་བོ་གསུམ་པོར་མཇལ་བྱུང་། སེམས་ཁོང་དྲོན་པོར་གྱུར་སོང་། ཁྱོད་ཀྱི་གནས་ཚུལ་ཡང་གསལ་བོར་ཤེས་ཡོད། མུ་མཐུད་དུ་ཨ་ཁུའི་དྲུང་དུ་བོད་ཡིག་སྦྱོངས། ང་ཁྱོད་ལ་ཡིད་ཆེས་ཡོད། བརྩོན་འགྲུས་རྒྱ་མཚོ།”དགེ་རྒན་འཇིགས་མེད་རབ་བརྟན་གྱིས་བསམ་བཞིན་དུ་ཁོའི་མིང་ཧྲིལ་པོ་ལན་གཅིག་བོས་ལ། དེ་ནས་ལག་འཇུ་ཞིག་བྱས་རྗེས“སློབ་གྲྭའི་ནང་ཁོ་ཚོ་དགེ་རྒན་དུ་བསྟེན་ནས་རྒྱ་ཡིག་དང་རྩིས་རིག་ཀྱང་བསླབ་རྒྱུ་མ་བརྗེད། ཁྱོད་ད་རུང་ལོ་ཆུང་བས་བརྩོན་འགྲུས་བསྐྱེད་ཚེ་རྗེས་ནས་སློབ་གྲྭ་གཞན་དུ་རྒྱུགས་སྤྲོད་པའི་གོ་སྐབས་ཡོད་པ་ཡིན། དེའི་རྐྱེན་གྱིས་གོ་སྐབས་དེ་དམ་འཛིན་བྱས་ན་འགྲིག གཞན་དག་ཐད་ངས་ནུས་ཚོད་ཀྱིས་རོགས་རམ་བྱས་ཆོག”ཅེས་སྨྲས་འཕྲལ། དགེ་རྒན་གཞན་དག་དང་བུ་མོ་གངས་ལྷ་མེ་ཏོག་སོགས་ལ་ལག་འཇུ་བྱས་ཤིང་གྱེས་བརྡ་བསྟན་མ་ཐག ཧྲུའུ་ཅི་སངས་རྒྱས་སྐྱབས་དང་མཉམ་པོར་སློབ་གྲྭའི་མདུན་ཐད་ཀྱི་གྲམ་པའི་ཕར་ཕྱོགས་སུ་ལམ་ཕྲན་ཞིག་ཡོད་པ་དེ་དམིགས་ནས་ཕྱིན།
ཁོ་གཉིས་སློབ་གྲྭའི་སྨད་ཀྱི་ལ་ཐུང་ངུ་དེའི་འདབས་སུ་ཡོད་པའི་ཆུ་རྐའི་འགྲམ་དུ་སླེབས་མ་ཐག སློབ་གྲྭའི་ལྷས་སྐོར་ནས“ཏིང་ཏིང་། ཏིང་ཏིང་། ཏིང་ཏིང”ཞེས་པའི་ཚོགས་བརྡ་དེ་གྲགས་སོང་ལ། སྒྲ་གསལ་མོ་དེ་སློབ་གྲྭའི་སྒོ་ལམ་བརྒྱུད་ནས་ཕ་གིའི་བྲག་ཁ་རུ་བྲག་ཅ་འཁོར་ཡོང་།
5
ཕྱི་ལོའི་སློབ་སྐབས་ཀྱི་མགོ་བརྩམས་རྗེས། ཤར་ལུང་ཚོ་དྲུག་སློབ་ཆུང་དུ་དོན་དག་ཅུང་ཆེ་ཞིང་གསར་བ་གཉིས་བྱུང་སྟེ། སྔ་མ་ནི་དགེ་རྒན་ཝང་ཅུན་གྱི་ལས་བསྐྱུར་ཞུ་ཡིག་ལ་འབྲེལ་ཡོད་ལས་ཁུངས་དང་མི་སྣ་རྣམས་ཡིད་འཐད་བྱུང་ནས། རང་འགུལ་སྒོས་རང་ཁྱིམ་དུ་ལོག་པ་དང་། དེ་ནས་ཅང་མ་འགོར་བར་ཁུལ་ཐོག་གི་ཨ་ཞང་ཡོད་སར་ཕྱིན་སོང་། ཁོ་སོང་ཤུལ་དུ་ཐང་རྔ་སྡེ་བའི་ན་གཞོན་ཤེས་ལྡན་པ་ཀྲང་ཅན་ཟེར་བ་དེ་ཁོའི་ཚབ་ཏུ་དམངས་སྒྲུབ་དགེ་རྒན་ལ་བླངས་སོང་བ་དེ་ཡིན་ཞིང་། ཕྱི་མ་ནི་རུ་ཆེན་དང་ཐོན་སྐྱེད་རུ་ཁག་སོ་སོའི་མིང་བཏགས་དང་། མང་ཚོགས་ཀྱི་འཐུས་ཚབ་ཡོངས་རྫོགས་འདུས་ནས། དགེ་རྒན་རྡོ་རྗེ་ལ་སློབ་མ་ཚོར་སློབ་ཁྲིད་བྱེད་པའི་ནུས་པ་མི་འདུག་པས། ལས་གནས་དེ་གཏོང་དགོས་པའི་ཁ་ཏ་སོགས་བྱས་ཀྱང་། ཁོས་ཚུལ་དེ་དང་ལེན་མི་བྱེད་པར་མ་ཟད། ད་དུང“ཁྱོད་ཚོས་ང་འབྱོར་མེད་གྲལ་རིམ་རྡོ་རྗེ་ལ་ཐུབ་ཚོད་བཏང་བྱུང་།
ང་ཉམ་ཆུང་ནུས་མེད་ཀྱི་ཝང་ཅུན་མིན། ངས་གྲལ་རིམ་འཐབ་རྩོད་གཏན་ནས་མི་བརྗེད། ང་ལ་ཟླ་ཕོགས་སྒོར་བཅུ་གསུམ་དེ་དགོས། ང་ལ་ངལ་རྩོལ་གྱི་སྐར་གྲངས་མཐོན་པོ་དེ་དགོས། སུས་ང་ལས་གནས་དེ་རུ་འཕུད་རྒྱུ་ཟེར་ན་ངས་དེའི་ཐོག་ཏུ་རོ་འཇོག་རྒྱུ། ངས་དེ་ཚོ་མང་ཚོགས་ཀྱི་མདུན་དུ་ལངས་སུ་འཇུག་ངེས། ངས་དེར་འཐབ་རྩོད་བར་མེད་བརྒྱག་རྒྱུ་ཡིན”ཞེས་སུས་ཁ་ཏ་བྱས་ན་དེའི་སྟེང་དུ་ཤོར་པར་བྱེད། ཤོར་གྲངས་མང་བ་དང་བསྟུན་ནས་ཚང་མའང་རླུང་ལངས་ཏེ། མི་འདི་ལ་བཟང་བ་ལས་བཙོག་པ་དང་གཉོམ་པོ་ལས་བཙན་པོ་ཡོང་དགོས་ཟེར་ནས། ཁོ་དམངས་སྒྲུབ་དགེ་རྒན་མུ་མཐུད་དུ་བྱེད་ན་འདོད་ཚེ་བྱས་ཆོག་ཀྱང་། ཐོན་སྐྱེད་རུ་ཁག་སོ་སོས་ཁོའི་ཟླ་ཕོགས་ཀྱི་སྒོར་མོ་དེ་སྟེར་མི་ཐུབ་ལ། ངལ་རྩོལ་གྱི་སྐར་གྲངས་ཀྱང་མེད་པར་བྱས་ཟིན། ཡོད་དགོས་འདོད་ན་སྡེ་བའི་ངལ་རྩོལ་ནང་ཞུགས་ཚེ། ངལ་རྩོལ་གྱི་འབྲས་བུར་དམིགས་ནས་སྐར་གྲངས་འགོད་པ་དང་། ལོ་མཇུག་ལ་སྤྱི་བསྡོམས་བྱས་ནས་རྩིས་བརྒྱག་ངེས་ཞེས་པའི་ཡི་གེ་ཞིག་བྲིས་ཐོག ཐོན་སྐྱེད་རུ་ཁག་སོ་སོ་དང་། སྒོས་སུ་ཁོ་ཚང་ཡོད་སའི་ར་ཆག་ནང་ཐོན་སྐྱེད་རུ་ཁག་གི་གཞུང་ཐེལ་གྱིས་རྒྱས་བཏབ་ནས་རུ་ཁག་དེའི་མ་ཎི་ཁང﹙འབྲུ་མཛོད་ཁང་དུ་བསྒྱུར་ཡོད﹚ལས་གཞན། ཤར་ལུང་ཚོ་དྲུག་སློབ་ཆུང་གི་སྒོ་ཁ་སོགས་ལའང་སྦྱར་བར་མངོན།
གནས་ཚུལ་དེ་ཤེས་པས། ཁོས་འདི་ནི་ར་ཆག་ནང་ཐོན་སྐྱེད་རུ་ཁག་གི་རུ་གཙོ་མཁར་བྱམས་ཀྱིས་རང་ལ་ངན་བཅོས་པ་ཡིན་ཟེར་ནས་ཁོ་ཚང་དུ་ཤོར་སོང་ལ། ཕ་རོལ་པོར་ཁྱི་སྡིགས་སྤྲང་སྡིགས་བྱེད་བཞིན་རུ་གཙོ་དེའི་ཐོང་གར་འབྱར་བར། དེས་ཀྱང་གཏེ་བོ་འདིས་སྔོན་ཆད་རང་ཚང་གི་ཨ་ཁུ་ལ་དགག་པ་བརྒྱབ་ནས་ལྕེབས་སུ་བཅུག་པ་སོགས་དྲན་པས། ཞེ་སྤོ་གཏིང་ནས་ལངས་ཏེ་ངག་ནས“མི་ངན་ལ་བཟང་བཅའ་བ་ལས། ཁྱི་ངན་ལ་ལྟོ་བླུད་ན་བཟང”ཟེར་ཞོར་ཐོག་མར་ཁོའི་འདོམས་ནང་ལ་རྡོག་ཐོ་གཅིག་གཞུས་པར། རྡོ་རྗེ་ཡིས་སྐད་ངན་ཞིག་ཕྱུང་ནས་ཐང་དུ་ཙོག་སོང་བ་ལ། མཐུད་ནས་མ་ནེའི་འོག་ཏུ་ཡང་བསྐྱར་རྡོག་ཐོ་གཅིག་གཞུས་པས། མ་གཞི་ནས་སེར་ཞིང་སྐྱ་བའི་ངོ་མདོག་དེ་ཤོག་བུ་སེར་སྐྱ་ལྟ་བུའི་མདོག་ཏུ་གྱུར། ཁོས་སེམས་ནང་གི་ཁོང་ཁྲོ་གནོན་མ་ཐུབ་པར། སྐད་མགོ་ཇེ་མཐོར་བཏང་ནས“ཁྱི་ནི་ནམ་ཡང་ཁྱི་ས་རུ་འཇོག་དགོས། ཁྱི་ལའང་རྣམ་སྨིན་འཁོར་བའི་དུས་ཤིག་ཡོད་ངེས”ཟེར་བཞིན། ཁོའི་སྐྱ་མདོག་གི་ངོ་ལ་གཏད་ནས་རྐང་བཅགས་ཤིག་བྱས་པར། ཁ་སྣ་གཉིས་ནས་ཁྲག་དྲོན་བར་མེད་དུ་བརྡོལ་འོངས།
མཚམས་དེར་ཆུང་མ་བརྒྱུགས་ཡོང་ནས་མཁར་བྱམས་བཟུང་བྱུང་ལ། དེ་ནས་ཁྱོ་ག་བཙན་ཚུགས་ཀྱིས་མེ་ཁང་དུ་ཁྲིད་དེ་ནང་སྒོར་ཕྱི་རུ་ལྕགས་ལུང་བསྐོན་རྗེས། རས་ལེབ་མོ་ཞིག་གིས་རྡོ་རྗེ་ཡི་ཁ་སྣ་གཙང་མར་ཕྱིས། བར་དེར་ཁོའི་དྲན་པ་སོས་ཟིན་པ་འདྲ་སྟེ། ཁྱར་ཁྱོར་ངང་ཡར་ལངས་རྗེས་ཁ་སྣ་སྐྱོར་ཞིང་བཟོ་ལྟ་འཆོལ་བཞིན་རྒྱ་སྒོའི་ཕྱོགས་སུ་འགྲོ་མགོ་བརྩམས། ལན་རེར་ཕྱིར་འཁོར་ནས“མཁར་བྱམས་ཁྱི་ཁ། ཁྱོད་ངར་བ་ཡིན་ན་ངེད་ཚང་དུ་ཤོག ངས་ཁྱོད་ལངས་ནས་ཡོང་བ་ནུར་ནས་འགྲོ་དགོས་པ་ཞིག་ཏུ་གཏོང་ངེས”ཟེར་ཞོར་སྒོར་བུད་འཕྲལ། དྲང་ཐད་དུ་རང་ཁྱིམ་ཕྱོགས་སུ་ཝ་རྔ་མ་ཤ་ལེར་བྲོས་པ་འདྲ་བ་ཞིག་བྱས་ནས་ཕྱིན།
ཉིན་འགའི་རིང་ལ་རྡོ་རྗེ་ནི་ས་འོག་ཏུ་འཛུལ་པ་ལྟར་གྲགས་འགུལ་ཅི་ཡང་མ་བྱུང་མོད། རྨ་ཁ་སོས་ནས་གསོན་ཤུགས་ཅུང་རྒྱས་པ་ལ། ཉིན་ཞིག་གི་སྔ་དྲོའི་དུས་སུ་ཁོའི་གཟུགས་བརྙན་ཤར་ལུང་ཚོ་དྲུག་སློབ་ཆུང་ནང་མངོན་བྱུང་། ཁོས་དབྱུག་པ་ལྕགས་ཁེམ་གྱི་ཡུ་བ་འདྲ་བ་ཞིག་བཟུང་ནས་ཤར་རྒྱུག་གིས་སློབ་གཙོ་གངས་ལྷ་མེ་ཏོག་གི་ཉལ་ཁང་སྒོ་ཁར་སླེབས་འཕྲལ། ཐོག་མར་དབྱུག་པ་དེ་སྤྱད་ནས་སྒོ་མོ་ཁྲོག་ཁྲོག་ཏུ་རྡུང་བ་དང་། མཐུད་ནས་སྐད་མཐོན་པོས“གངས་ལྷ་མེ་ཏོག་ཡིན་ནམ།སྐྱག་ལྷ་མེ་ཏོག་ཡིན་པ་མི་ཤེས་པའི་འདྲེ་མོ་ཁྱོད་ད་སྒོར་ཤོག ཁྱོད་ཀྱིས་ང་སློབ་གྲྭ་ནས་བདའ་རྒྱུ་ཟེར་ན་ངའི་རྣར་མི་འགྲོ། ཁྱོད་ལ་བསྣོག་རྒྱུ་མང་བས་ང་ཚད་འདིར་བསྐྱལ་པ་ཡིན། ང་འབྱོར་མེད་གྲལ་རིམ་རྡོ་རྗེ་ཁ་རོག་ལ་མི་འདུག་ཁོ་ཐག་ཡིན། ངས་ཁྱོད་དབྱུག་པ་གཅིག་གི་སྣ་ནས་ཁ་མལ་དུ་འཇོག་རྒྱུ”ཞེས་སྡིགས་མོ་བར་མེད་དུ་བྱས་པ་ལ། ཉལ་ཁང་དེ་ལས་མོ་སྒོར་ཡོང་བ་མ་མཐོང་བས། དབྱུག་པ་ཕྱར་ནས་དྲ་མའི་ཤེལ་སྒོ་མཐའ་དག་བཅོམ་ཆག་ཅ་ཉིལ་ལ་གཏོང་མགོ་བརྩམས།
དེའི་དུས་དགེ་རྒན་ལི་ཆིན་ཧོ་དང་བརྩོན་འགྲུས་རྒྱ་མཚོ། ཀྲང་ཅན་གསུམ་པོ་མཉམ་དུ་ལྷས་གོང་མར་བརྒྱུགས་ནས་ཡོང་། དེ་དག་ལས་བརྩོན་འགྲུས་རྒྱ་མཚོར་ཞེད་སྣང་སྤུ་ཙམ་ཡང་མེད་པར“དགེ་རྒན་རྡོ་རྗེ། སློབ་གཙོ་རྫོང་ཐོག་ཏུ་ཚོགས་འདུར་བུད་སོང་བས། ཁྱོད་ལ་དོན་དག་ཅི་ཞིག་ཡོད་ན་ང་ཚོར་བཤད་རོགས། འདི་ལྟར་གཞུང་གི་དངོས་པོ་བཅགས་ན་ཁྲིམས་འགལ་གྱི་བྱ་བ་ཡིན་པས་བཟུང་ཆོག”ཅེས་སྨྲས།
“སྐྱག་ལྷ་མེ་ཏོག་གི་རྒྱུག་ཁྱི་ཁྱོད། ཁྱོད་ཀྱི་ཁྱི་ཁ་ཚུམས། ང་དགེ་རྒན་གྱི་ལས་གནས་ལས་འབུད་དགོས་ན་ཁྱོད་ཀྱང་འབུད་དགོས། ཁྱོད་ཀྱིས་བོད་ཡིག་ཙམ་ཤེས་པ་ལས་ཅི་ཞིག་ཤེས་པ་ཡིན། ཁྱོད་རྟ་རྒན་གྱི་དྲིན་ལ་བན་རྒན་དབུས་སུ་འགྲོ་བའི་སྐོར་ཡིན། ཁྱོད་ཀྱི་ཕ་རྒན་མགོ་ཆེ་དེའི་དྲིན་ལ་ཁྱོད་དམངས་སྒྲུབ་དགེ་རྒན་དུ་བླངས་པ་རེད། ཁྱོད་ཀྱིས་རང་ཉིད་དངོས་གནས་ངར་བ་ཞིག་རེད་འདོད་ཡོད་དམ།”
“དངོས་གནས‘ཁྱི་རྒྱགས་མི་ཟུག་དགུ་ཟུག མི་རྒྱགས་མི་བཤད་དགུ་བཤད’ཟེར་བ་ནི་བདེན་ངོ་མ་རེད། ཁྱོད་ཀྱིས་དེ་རིང་ང་ལ་སྡིགས་ཆོག་ཀྱང་། ངའི་ཨ་ཕར་གང་འདོད་དུ་སྡིགས་མི་ཆོག ཁོང་ནི་ཁྱོད་ལྟ་བུ་ཞིག་གིས་སྡིགས་རྒྱུའི་བུ་ཞིག་མིན།”
“མིན་ན་ཅི་རེད། ངས་སྡིགས་སོང་བ་ཡིན། མགོ་ཆེ་དེ་ཡང་བྱ་ལམ་ལ་འགྲོ་བ་ཞིག་མིན། ང་བདའ་མཁན་གྲས་ཀྱི……”
རྡོ་རྗེ་ཡིས་སྐད་ཆ་ལབ་མ་ཚར་གོང་། བརྩོན་འགྲུས་རྒྱ་མཚོ་ནི་རྒྱ་སྟག་ངར་མ་བཞིན་ཁོའི་ཕྱོགས་སུ་ཤོར་སོང་། ཤོར་ནས་ཀྱང་ཕ་རོལ་པོས་དབྱུག་པ་གནམ་ལ་ཕྱར་ནས་མར་འབབ་བཞིན་པའི་སྐད་ཅིག་མ་དེར་ཁོའི་ལུས་སྟེང་དུ་འཐམས་ཐུབ་པར་གྱུར། ཁོ་རྒྱུག་ཤུགས་ཆེས་དྲགས་པའི་དབང་གིས་གཉིས་ཀ་འཐམ་འཁྱུད་ཀྱི་ལམ་ནས་ཐང་དུ་འགྱེལ་པ་ལ། རྒྱ་རིགས་དགེ་རྒན་གཉིས་ཀྱང་ཤོར་ཡོང་ནས་རྡོ་རྗེ་ཡི་རྐང་ལག་ལ་འཐམས། ཚུལ་དེ་སློབ་མ་ཆེ་བ་སྐོར་ཞིག་གིས་མཐོང་སྟེ། ཁོ་ཚོ་མང་ཆེ་བ་ཤེལ་སྒོ་བརྒྱུད་ནས་ལྷས་གོང་མ་མཐོང་ཐུབ་སའི་སྒེའུ་ཁུང་ཁ་དེར་རུབ་ནས། མིག་ཟུང་ཡོ་བ་མེད་པར་སྔར་མཐོང་མ་མྱོང་བའི་ལྟད་མོ་དེར་བལྟས་འདུག
སྐབས་དེར་བརྩོན་འགྲུས་རྒྱ་མཚོས་ཅི་ཞིག་བཤད་སོང་བར། གདོང་བ་དཀར་ཞིང་གཟུགས་གཞི་ཐུང་བའི་དགེ་རྒན་ཀྲང་ཅན་ནི་བྱ་འཕུར་བ་ལྟར་ལྷས་ཞོལ་མར་གཏད་ནས་བརྒྱུགས་པ་དང་། ཅང་མ་འགོར་བར་ཕྱིར་བརྒྱུགས་ནས་སླེབས་བྱུང་སྟེ། སླེབས་དུས་ལག་ནང་དུ་ཐག་ནག་འདོམ་པ་དགུ་ཅན་ཞིག་བཟུང་འདུག ཁོ་ཚོ་མཉམ་རུབ་ཀྱིས་རྡོ་རྗེ་རྒྱབ་ལག་བྱས་ནས་བཀྱིགས། བྱ་བ་དེ་གྲུབ་འཕྲལ་ཐག་སྣེ་ཙན་དན་གྱི་སྡོང་བོ་ཆེན་པོ་དེར་བཅིངས་ནས་ཁྱི་འདོགས་འདོགས་བྱས་སོང་། རྡོ་རྗེས་སྐད་ཕྱུང་ནས་སུ་ཞིག་ལ་སྡིགས་མོ་བྱེད་བཞིན་ཡོད་ཀྱང་། ཁོ་གསུམ་པོས་ཚུལ་དེར་ཁ་ཡ་ཙམ་ཡང་མི་བྱེད་པར་ཅི་ཞིག་ལ་གྲོས་སྡུར་བྱེད་བཞིན་མཆི། མཇུག་མཐར་དགེ་རྒན་ལི་ཆིན་ཧོ་ཁོའི་ཉལ་ཁང་དུ་སོང་བ་དང་། མཐུད་ནས་གྱོན་ཆས་སྟབས་བདེ་ཞིག་བརྗེས་མ་ཐག ལྕགས་རྟ་དེད་དེ་སློབ་གྲྭའི་སྒོ་ཆེན་ཕྱོགས་སུ་དེངས།
དྲོས་ཇའི་སྐབས་སུ། སློབ་མ་ཚོས་རང་རང་གི་དཔེ་ཁུག་ནང་བཅུག་ཡོད་པའི་གོར་སྐྱ་དེ་དམ་བེའི་ནང་གི་ཇ་ནག་དཀྲུག་དང་སྦྲགས་ནས་ཟོས་ཚར་བར། ད་ཅི་དང་མཚུངས་པར་ལ་ལས་སློབ་ཁང་གི་སྒེའུ་ཁུང་ལས་ལྐོག་ཏུ་ལྷས་གོང་མར་བལྟས་འདུག་ལ། སྤོབས་པ་ཆེ་བ་འགའ་རེ་ལྷས་གོང་ཞོལ་གཉིས་ཀ་སྦྲེལ་སའི་བར་ཁྱམས་དེར་ཕྱིན་ནས། དགེ་རྒན་རྡོ་རྗེ་སོ་ཕག་གིས་བརྩིགས་པའི་སྟེགས་བུ་ཞིག་ཏུ་ཙོག་ཅིང་། གཉའ་ཆག་པའི་ཚུལ་ལ་མགོ་བོ་ནང་དུ་སྒུར་ནས་བསྡད་ཡོད་པའི་རྣམ་པ་དེར་ལྟ་བཞིན་མཆི། ཁོས་སློབ་བུ་དག་གིས་དེ་ལྟར་རང་ལ་ལྟ་བཞིན་པ་མཉམ་འཇོག་བྱུང་བར“སྐྱག་ཕྲུག་ཚོ། ཕར་སོང་ཞིག བལྟ་རྒྱུ་ཅི་ཞིག་ཡོད་དམ། མི་འགྲོ་ན་ངས་ཁྱོད་ཚོའང་དབྱུག་པ་གཅིག་གི་སྣ་ནས་ཤེལ་སྒོ་ནང་བཞིན་གཏོར་འགྲོ། དྲིན་ཆེན་གྱི་དྲིན་ལན་མི་ཤེས་པ་འདི་དག དུད་འགྲོ་ཟོག་དང་འདྲ་བ་འདི་ཚོ”ཞེས་སྡིགས་མོ་བར་མེད་བྱེད།
དགེ་རྒན་བརྩོན་འགྲུས་རྒྱ་མཚོ་དང་ཀྲང་ཅན་གཉིས་ཀ་ད་ནི་ལྷོད་ལ་བབས་ཤིང་། མདུན་ཅོག་དམའ་མོ་ཞིག་གི་མཐའ་རུ་ཙོག་ནས་མུ་མཐུད་དུ་ཟ་མ་ཟ་ཞོར་གླེང་མོ་བྱེད་བཞིན་གདའ།
ཕྱི་དྲོའི་སློབ་ཁྲིད་ཀྱི་ཚོགས་བརྡ་བཏང་བར། འཛིན་གྲྭ་གཅིག་གཉིས་ཀྱིས་བོད་ཡིག་དང་རྒྱ་ཡིག་མཉམ་པོར་ཀློག་འདོན་བྱེད་བཞིན་ཡོད་ཅིང་། ཤུལ་ལུས་དགེ་རྒན་ཟུང་གིས་སོ་སོར་འཛིན་གྲྭ་རེར་བོད་ཡིག་དང་རྩིས་རིག་ཁྲིད་བཞིན་འདུག སློབ་ཁྲིད་ལ་མཉམ་འཇོག་བྱས་དྲགས་པས། ཁོ་ཚོས་ལྷས་གོང་མར་བཏགས་ཡོད་པའི་དགེ་རྒན་རྡོ་རྗེ་ལ་མཉམ་འཇོག་བྱས་མ་སོང་། མཉམ་འཇོག་མ་བྱས་པའི་བར་དུ་གཡོ་ཅན་དེས་ཐག་ནག་གི་མདུད་པ་བཀྲོལ་ནས་ཕྱི་རུ་ཤོར་སོང་སྟེ། འགྲོ་ཁར་ད་དུང་རང་ཉིད་འདོགས་སྤྱད་ཀྱི་ཐག་པ་ཡང་ཁྱེར་ནས་ཕྱིན་ཚར།
ཁོ་ཚོས་སློབ་ཁྲིད་ཐུན་དང་པོ་མཚམས་བཞག་ནས་ལྷས་གོང་མར་ཡོང་དུས། དེ་སྔོན་སློབ་ཆུང་འདིར་མཉམ་པོར་དགེ་རྒན་བྱས་མྱོང་བའི་མི་ཕོ་དེའི་རྗེས་ཤུལ་ཙམ་ཡང་མཐོང་ལམ་དུ་མ་མངོན་པས། དགེ་རྒན་གཉིས་ཀ་སྔ་ཕྱིར་སྒོར་བརྒྱུགས་ཕྱིན་ཏེ་སོ་སོར་སློབ་གྲྭའི་སྟོད་སྨད་གཉིས་སུ་རྗེས་འདེད་བྱས་ཀྱང་། རྡོ་རྗེ་ཡི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་། ཕྱིར་ཡོང་དུས་མཐོང་ཡུལ་དུ་མངོན་སུམ་ཤར་བ་ནི། སློབ་གཙོ་གངས་ལྷ་མེ་ཏོག་ལས་གཞན། ལུས་སུ་ལྭ་བ་དཀར་པོ་དང་དོར་མ་སྔོན་པོ་ཕུད།མགོ་ལ་རྒྱ་ཞྭ་དཀར་པོ་ཀླད་ངོས་སྡེར་མ་ལྟར་སྒོར་བ་གོན་མཁན་གྱི་སྤྱི་བདེ་མི་སྣ་གཅིག་བཅས། འཕྲུལ་རྟ་འཁོར་ལོ་གསུམ་ཅན་ཞིག་ལ་བཞོན་ནས་སློབ་གྲྭའི་སྒོ་ཆེན་ཁར་སླེབས་ཡོང་བ་དེ་རེད།
ཁོ་གཉིས་ཀྱིས་གནས་ཚུལ་འདྲི་ཞོར་ཐད་ཀར་ལྷས་གོང་མར་ཕྱིན་ཏེ། སློབ་གཙོའི་ཉལ་ཁང་གི་ཤེལ་སྒོ་བཅགས་པའི་ཚུལ་སོགས་ལ་ལྟ་བ་དང་། མཐུད་ནས་ཟིན་བྲིས་འདེབས་པ་སོགས་བྱེད།
ཡུད་ཙམ་ནས་གངས་ལྷ་མེ་ཏོག་ཚུར་ཡོང་སྟེ“ལྟས་ངན་དེ་དུས་ནམ་ཞིག་ལ་བྲོས་སོང་བ་རེད”ཅེས་དྲིས་འོངས།
བརྩོན་འགྲུས་རྒྱ་མཚོས“ཕལ་ཆེར་ཆུ་ཚོད་གསུམ་པ་ལྷག་ཅིག་ལ་བྲོས་པ་འདྲ། ང་ཚོས་སློབ་མ་ཞིག་ལ་སྲུང་དུ་བཅུག་ཡོད་ཚེ་ཁོ་ཤོར་མེད་ཁོ་ཐག་ཡིན། ང་ཚོའི་ཁ་ནང་ལ་ཡོང་ནས་སྣ་ནང་དུ་ཤོར་སོང་བ་རེད”ཅེས་སེམས་ཁྲལ་གྱི་ཉམས་ཤིག་མངོན་བཞིན་སྨྲས།
“ད་སེམས་ཁྲལ་བྱེད་མི་དགོས། ཁོ་རྒྱལ་ཁྲིམས་ལྕགས་ཀྱི་ར་བ་ལས་འཆོར་ཐབས་མེད། དེ་ལས་ཁྱོད་གཉིས་མུ་མཐུད་དུ་སློབ་ཁྲིད་བྱེད་དུ་སོང་ཞིག སློབ་ཐུན་གཉིས་པ་གྲོལ་མ་ཐག་ང་ཚོས་གཙང་སྦྲ་བྱེད་དགོས། བྱེ་བྲག་གི་དོན་རྣམས་དེའི་དུས་བཀོད་སྒྲིག་བྱས་འགྲོ།”
སློབ་གཙོས་དེ་ལྟར་ལབ་རྗེས། མུ་མཐུད་དུ་སྤྱི་བདེ་མི་སྣ་དེར་རོགས་བྱས་ནས་ཡི་གེ་ཅི་ཞིག་འབྲི་བ་སོགས་ལ་བྲེལ།
ཆུ་ཚོད་ཕྱེད་ཀ་ལས་མ་འགོར་བར། སྤྱི་བདེ་མི་སྣ་དེ་ལམ་དུ་ཆས། སློབ་གྲྭའི་སྒོ་ཆེན་ཁ་རུ་ཁོས་གངས་ལྷ་མེ་ཏོག་ལ“ང་ཐད་ཀར་ར་ཆག་ནང་སྡེ་བར་ལན་གཅིག་འགྲོ། སོང་ནས་དེ་གའི་དམངས་དམག་སོགས་སྐུལ་སློང་བྱས་ནས་འཛིན་ཨེ་ཐུབ་བལྟ། འཛིན་མ་ཐུབ་ཀྱང་ང་དེ་གར་ཡོང་བ་ཤེས་ཚེ་ཕྱིས་སུ་རང་འགུལ་སྒོས་མགོ་འཛུལ་དུ་ཡོང་ངེས། མ་ཡོང་ནའང་རྗེས་སུ་ཁྱོད་ཚོར་གནོད་པ་སྐྱེལ་མི་ཐུབ། ཁྱོད་སེམས་བདེ་མོ་བྱོས”ཞེས་སྨྲས་འཕྲལ། འཕྲུལ་རྟ་འཁོར་ལོ་གསུམ་ཅན་དེར་བཞོན་ནས་གཡོན་ལུང་ལ་འགྲོ་སའི་ལམ་གོང་མ་དེའི་ནང་ཞུགས།
སློབ་ཐུན་གྲོལ་མ་ཐག སློབ་གཙོ་གངས་ལྷ་མེ་ཏོག་གིས་ལྷས་གོང་མ་ནས་ཞོལ་མར་འབུད་སའི་གནས་དེ་ག་རང་དུ་དགེ་སློབ་རྣམས་བསྡུས་ཏེ་ཚོགས་འདུ་ཐུང་ངུ་ཞིག་ཚོགས། མོས་སྐད་མགོ་མཐོ་རུ་བཏེགས་ནས“དེ་རིང་ང་ལ་ཁྱོད་ཚོར་བཤད་རྒྱུའི་དོན་དག་གཉིས་ཡོད། གཅིག་ནི་ད་ནངས་ཚང་མས་རིག་གསལ་ལྟར་རེད། ང་ཚོའི་དགེ་རྒན་ནང་དུའང་སློབ་གྲྭའི་སྒྲིག་ལམ་ལ་གཏོར་བརླག་བྱེད་མཁན་འདུག སློབ་གསོ་ལ་བར་ཆད་གཏོང་མཁན་འདུག གཞུང་དངོས་ཆུད་ཟོས་སུ་གཏོང་མཁན་འདུག ང་ཚོ་ལ་འདི་ལྟ་བུའི་དགེ་རྒན་དགོས་སམ་མི་དགོས”ཞེས་དྲིས་སོང་བར། དེར་འདུས་དགེ་སློབ་ཡོངས་ཀྱིས“མི་དགོས”ཞེས་མགྲིན་གཅིག་དབྱངས་གཅིག་ཏུ་ལབ་པར། མོས་སྐད་མགོ་སྔར་ལས་ཇེ་མཐོར་བཏང་སྟེ“མི་དགོས། གཏན་ནས་མི་དགོས”ཞེས་བརྗོད་འཕྲལ། དགེ་སློབ་ཡོངས་ལ་བལྟས་ཙམ་བྱས་ནས“དོན་དག་གཉིས་པ་ནི་སང་ཉིན་རྫོང་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་མགོ་ཁྲིད་སོགས་ང་ཚོའི་སློབ་ཆུང་དུ་ལྟ་ཞིབ་ལ་ཡོང་རྒྱུ་ཡིན་ཟེར་བས། སློབ་མ་ཚོས་སློབ་ཁང་དང་ལྷས་ཞོལ་མ། སློབ་གྲྭའི་སྒོ་སྔུན་བཅས་ལ་གཙང་སྦྲ་བྱོས། དགེ་རྒན་ཚོས་རང་རང་གི་ཉལ་ཁང་དང་ལྷས་གོང་མར་བདག་བྱོས། ད་དུང་སློབ་ཁྲིད་ཟིན་བྲིས་གྲ་སྒྲིག་ཡག་པོ་བྱོས། དགེ་སློབ་སུ་ཡིན་ཡང་སང་ཉིན་གཅིག་ཀྱང་ཆད་མི་ཆོག གོ་སོང་ངམ”ཟེར་བར། དགེ་སློབ་ཚང་མས་དེ་སྔོན་དང་འདྲ་བར་སྐད་ངག་མཉམ་པོས“གོ་སོང”ཞེས་བསྒྲགས།
1976ལོའི་ཟླ3པའི་ཚེས23ཉིན། གཟའ་མིག་དམར། གནམ་ངོ་དྭངས།
དེ་རིང་དགེ་རྒན་རྡོ་རྗེ་ཡིས་ངའི་ཉལ་ཁང་ལས་སྒེའུ་ཁུང་གི་ཤེལ་སྒོ་ཚང་མ་བཅགས་ཟིན། ད་ལྟ་ཤེལ་སྒོ་མེད་པའི་ཁང་བ་འདིའི་ནང་ཧ་ཅང་འཁྱག སེམས་ནང་རང་དབང་མེད་པར་གྲང་འདར་བརྒྱབ་ཡོང་། ཨ་ཙི། དེ་ནི་གྲང་འདར་རྐྱང་རྐྱང་ཞིག་མིན་པ་འདྲ། གླེན་པ་དེའི་འཆལ་སྤྱོད་ལ་རང་ཉིད་ཅུང་ཙམ་སྐྲག་གིན་ཡོད་འདུག
ཁོ་ནི་དངོས་གནས་གླེན་པ་ལུག་གི་མགོ་བོ་ཅན་ཞིག་རེད།
དུས་ཕྱིས་སུ། རང་ཉིད་འདི་འདྲའི་མི་གླེན་པ་ལ་མི་འཕྲལ་པར་སྨོན།
ཕྱི་ཉིན་སྔ་མོར། སློབ་གྲྭའི་ཕྱི་ནང་ཀུན་པོ་གད་བདར་བྱས་ནས་ཁ་སང་དང་བསྡུར་ཚེ་རྣམ་པ་གསར་བ་ཞིག་ཏུ་བཏང་ནས་ཡོད། སྒོ་ཆེན་གྱི་ཀླད་ངོས་སུ“ཤར་ལུང་ཚོ་དྲུག་སློབ་ཆུང”ཞེས་པ་གཞི་རྩི་དཀར་པོའི་ངོས་ལ་རྒྱ་བོད་ཡིག་རིགས་གཉིས་ཀ་རྩི་དམར་པོས་གོང་འོག་བྱས་ནས་བྲིས་ཡོད་ཅིང་། དེའི་ཡང་སྟེང་གི་རྩིག་སྲུབས་སུ་རྒྱལ་དར་དམར་པོ་ཁྲག་གི་མདོག་ཅན་ངོས་ལ་སྐར་མ་ཟུར་ལྔ་བཀོད་པ་ཞིག་དཔྱིད་དུས་ཀྱི་གྲང་རླུང་བསིལ་མའི་ཁྲོད་ལྷབ་ལྷུབ་ཏུ་སྐྱོད་པར་བྱེད། དེའི་དུས་ནམ་ཟླ་ད་དུང་ཅུང་འཁྱག་པས། སློབ་ཁང་དང་དགེ་རྒན་ཚོའི་ཉལ་ཁང་གི་དུད་ཁུང་ལས་དུ་བ་བར་མེད་དུ་མཆེད་ཀྱིན་གདའ། ནངས་མོ་དེར་དགེ་སློབ་ཚང་མ་ཡོང་བ་ཅུང་སྔ་ལ། མཐུད་ནས་རུ་ཆེན་དང་ཐོན་སྐྱེད་རུ་ཁག་སོ་སོའི་མིང་བཏགས་ཚོ། ད་དུང་མང་ཚོགས་ཀྱི་འཐུས་ཚབ་པ་སྐོར་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་བྱས་ནས་སློབ་གྲྭར་བུད་ཡོང་།
ཆུ་ཚོད་དགུ་པ་ཡོལ་མཚམས་སུ། ལྟ་ཞིབ་ལ་ཡོང་བའི་སྐུ་མགྲོན་རྣམས་སློབ་གྲྭའི་ཞོལ་དུ་རླངས་འཁོར་ལས་བབས་པ་དང་། དེ་ནས་ལ་ཐུང་ངུ་ཞིག་ཡོད་པ་བརྒྱུད་དེ་སློབ་གྲྭའི་སྒོ་མདུན་དུ་སླེབས་པ་ལ། སློབ་གཙོ་དང་དགེ་རྒན་གཞན་དག ད་དུང་རུ་ཁག་སོ་སོ་ནས་ཡོང་བའི་མགྲོན་བསུ་མཁན་རྣམས་ཁོ་ཚོའི་སྔུན་ལ་བུད་དེ། བདེ་མོའི་གཏམ་སྨྲ་ཞིང་བརྩེ་འདང་མཚོན་པའི་ལག་འཇུ་བྱེད་བཞིན་བསུ་མ་བྱས་སོང་བར། སློབ་བུ་དག་ནི་གྲལ་ཤར་གཉིས་སུ་བསྒྲིགས་ནས་ལྷས་ཞོལ་མར་འཐེན་ཡོད་པ་ཚོས་ཀྱང་ལག་ཟུང་ཐལ་མོ་རྡེབ་བཞིན། ངག་ནས“དགའ་བསུ། དགའ་བསུ། ལྷག་བསམ་ཁོལ་བའི་དགའ་བསུ”ཞེས་རྒྱ་སྐད་ཀྱིས་བར་མེད་དུ་བསྒྲགས་པར། སྐུ་མགྲོན་ཚོའི་གདོང་ལ་འཛུམ་དཀར་གྱི་མེ་ཏོག་དགོད་བཞིན་སློབ་མ་དག་གིས་གྲུབ་པའི་གྲལ་ཤར་དེ་བརྒྱུད་ནས་སློབ་གྲྭའི་ནང་དུ་ཕེབས། མགྲོན་གྱི་གཙོ་བོ་ནི་རྒྱ་མི་གཟུགས་རིང་རྒྱུ་མེད་ཀྱང་ལུས་པོ་ཅུང་རྒྱགས་པ་ཞིག་ཡིན་ལ། དེའི་འཕྲོར་ཡོང་བ་ནི་དགེ་རྒན་འཇིགས་མེད་རབ་བརྟན་རེད། མགྲོན་ཚོགས་དེར་མི་བཅུ་ལྷག་ཡོད་དེ། ཕོ་མོ་དང་རྒན་གཞོན་ཆ་མི་སྙོམས་པས་གྲུབ་པའི་དཔུང་ཁག་ཅིག་རེད།
ཁོ་ཚོ་ཐད་ཀར་ལྷས་གོང་མར་ཕྱིན་པ་དང་། དེ་གར་ཕྱིན་ནས་ཐོག་མར་དགེ་རྒན་ཚོའི་ཉལ་ཁང་ལ་བལྟས་བྱུང་སྟེ། བལྟས་ཏེ་སློབ་གཙོ་གངས་ལྷ་མེ་ཏོག་གི་ཉལ་ཁང་དེའི་ཤེལ་སྒོ་ཡོངས་སུ་བཅགས་ཟིན་པ་མཐོང་བས། དེ་གར་ཕན་ཚུན་ཁ་བརྡ་མང་བོ་ཞིག་བྱས་ནས་བསྡད། མཇུག་མཐར་ཁོ་ཚོ་གཞི་ནས་གོང་དུ་མར་འཁོར་ནས་ཡོད་པའི་ཚོགས་ཁང་ཆུང་ངུ་ཉིས་སྒོ་ཅན་དེའི་ནང་དུ་འཛུལ།
ཆུ་ཚོད་ཕྱེད་ཀ་ལྷག་འགོར་རྗེས་སུ། ཉིས་སྒོ་མ་དེའི་སྒོ་མོ་ཡང་བསྐྱར་ཕྱེ་སོང་ལ། སྒོ་མོ་དེ་བརྒྱུད་ནས་ཁོ་ཚོ་ཚང་མ་སྔ་ཕྱི་བྱས་ནས་སྒོར་བུད་ཡོང་། འཇིགས་མེད་རབ་བརྟན་དང་མགོ་ཁྲིད་དེ་གཉིས་ཀྱིས་མགོ་བོ་གཏུགས་ནས་གྲོས་ཤིག་བྱས་རྗེས། ཁོ་ཚོ་ཚན་ཆུང་གཉིས་སུ་བགོས་ཏེ། སྐོར་ཞིག་མགོ་ཁྲིད་དེས་ཁྲིད་ནས་རྒྱ་ཡིག་ཁྲིད་བཞིན་པའི་སློབ་ཁང་ཕྱོགས་སུ་ཕྱིན་པ་དང་། སྐོར་ཞིག་འཇིགས་མེད་རབ་བརྟན་གྱི་རྗེས་འབྲངས་ནས་བོད་ཡིག་ཁྲིད་སའི་སློབ་ཁང་དེའི་ཕྱོགས་སུ་བསྐྱོད།
སློབ་གཙོ་གངས་ལྷ་མེ་ཏོག་གིས་བཀོད་སྒྲིག་དང་སྣེ་ཁྲིད་བྱས་འོག ཐོན་སྐྱེད་རུ་ཁག་གི་རུ་གཙོ་འགའ་དང་མང་ཚོགས་ཀྱི་འཐུས་ཚབ་པ་དག་ཀྱང་། ཚན་ཆུང་གཉིས་སུ་བགོས་ཏེ་ཁོ་ཚོའི་རྗེས་འབྲངས་ནས་སློབ་ཁྲིད་ལ་ཉན་དུ་ཕྱིན་པར་བརྟེན། ད་ནི་ལྷས་སྐོར་ནང་དུ་རུ་ཆེན་གཉིས་ཀྱི་ཧྲུའུ་ཅི་ཟུང་དང་ཐོན་སྐྱེད་རུ་ཁག་གི་རུ་གཙོ་རེ་གཉིས་ལས་ལུས་མི་འདུག་སྟེ། ཁོ་ཚོའང་རིམ་གྱིས་གཅིག་ཏུ་འདུས་ནས་ཁ་བརྡ་གློད་མགོ་བརྩམས།
རུ་གཙོ་ཞིག་གིས“དགེ་རྒན་འཇིགས་མེད་རབ་བརྟན་ཁོང་ང་ཚོའི་རྫོང་ཐོག་ཏུ་ཡོང་ཡོད་པ་མིན་ནམ། ཁོ་མགོ་ཁྲིད་ཅིག་ལ་བསྐོས་འདུག་པ་ཨེ་རེད”ཅེས་དྲིས་བྱུང་བར།
སངས་རྒྱས་སྐྱབས་ཀྱིས“ད་ལོའི་ལོ་གསར་གྱི་རྗེས་སུ་རྨ་གཞུང་རྫོང་སློབ་གསོ་ཅུས་ནང་དུ་ལས་གནས་སྤར་ཟིན་ཟེར། ད་ལྟ་ཅུས་དེ་ཡི་ཅུས་ཀྲང་གཞོན་པའི་འགན་འཁུར་ཡོད་འདུག”ཅེས་སྨྲས་རྗེས། ཡང“རྒྱ་མི་རྒྱགས་པོ་དེ་ནི་ཁོ་ཚོའི་ཅུས་ཀྲང་གཙོ་བོ་རེད། ཡོན་ཏན་པ་ཞིག་ཡིན་ལ་མི་བཟང་བོ་ཞིག་ཀྱང་རེད་ཟེར་བས། འཇིགས་མེད་རབ་བརྟན་གྱི་བྱ་བར་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་འདུག”ཅེས་ཁོ་ཚོའི་བར་གྱི་འབྲེལ་བ་ཁ་ཇེ་གསལ་ལ་བཏང་བྱུང་།
“ད་བཟང་འདུག རེབ་འདིར་གཙོ་བོ་གངས་ལྷ་མེ་ཏོག་གིས་གྲོས་མགོ་བཏོན་ཞིང་ལག་ལེན་ལ་བསྟར་འདོད་ཀྱི་ལས་ཀ་གཙོ་བོ་སྟེ། རུ་ཁག་སོ་སོ་རུ་ཡན་ལག་སློབ་གྲྭ་གཟུག་རྒྱུ་དེར་ལྟ་ཞིབ་ལ་ཡོང་བ་ཡིན་ཟེར། དོན་དེ་དངོས་འབེབས་བྱུང་ཚེ། སློབ་མ་ཆུང་ཆུང་དེ་ཚོས་སང་ཕྱིན་སྡུག་མྱངས་མ་དགོས་པ་རེད། ཁོ་ཚོ་རང་སྡེ་བར་ཡོད་པའི་ཡན་ལག་སློབ་ཆུང་ནང་དུ་སོང་ནས་སློབ་སྦྱོང་གི་རྨང་གཞི་བཏིང་ཆོག”
ལྕགས་ཐར་གྱི་གདོང་ལ་རེ་བས་ཁེངས་པའི་འཛུམ་མདངས་ཤིག་མངོན་བཞིན་དེ་ལྟར་བརྗོད།
“སློབ་གཙོ་མོ་ཡང་དེ་སྔོན་ང་ཚོའི་རུ་ཁག་ཏུ་ཡོང་ཞིང་། སློབ་གནས་མ་ཎི་ཁང་ནང་བཟང་ཟེར་བས། ངས་མང་ཚོགས་ལས་བསམ་བློ་སྔོན་ཐོན་ཅན་རྣམས་རྩ་འཛུགས་བརྒྱུད་ནས་བདག་ཡག་པོ་ཞིག་བྱས་ཡོད། ད་འབབ་རྐྱང་ཡིན། གནད་དོན་ཞིག་ཡོད་པ་ནི་སྒྲོག་ཙེ་དང་རྐུབ་སྟེགས་མེད་པ་དེ་རེད།”
རུ་གཙོ་གཞན་པ་དེས་དེ་སྐད་ལབ་པར། ཡང་གཅིག་གིས་ཀྱང“དེ་འདྲ་ཡིན་ན་འུ་གཉིས་ཀའི་ལས་སྟངས་གཅིག་པ་གཅིག་རྐྱང་རེད། ད་ནི་སློབ་མ་ཚོའི་སྒྲོག་ཙེ་དང་རྐུབ་སྟེགས་གང་ནས་ཁྱེར་ཡོང་བར་བསམ་གཞིག་བཏང་ནས་བསྡད་ཡོད”ཅེས་སྨྲས་རྗེས། ཧྲུའུ་ཅི་གཉིས་ཀའི་གདོང་ལ་ཕུར་ཚུགས་སུ་ལྟ་བར་བྱེད།
“གནད་དོན་དེ་ཅུས་ཀྲང་འཇིགས་མེད་རབ་བརྟན་གྱིས་སློབ་གཙོར་ཁས་བླངས་ཟིན་ཟེར། ཤར་ལུང་ཚོ་དྲུག་སློབ་ཆུང་གི་སྒྲོག་ཙེ་དང་རྐུབ་སྟེགས་ཡོད་ཚད་གསར་བར་བརྗེ་རྒྱུ་ཡིན་ཞེས་བཤད་འདུག དེ་དག་བརྗེ་ཚེ་ད་ཡོད་ཀྱི་དངོས་པོ་དེ་དག་རུ་ཁག་སོ་སོའི་ཡན་ལག་སློབ་ཆུང་ལ་བགོས་ཆོག་ཟེར་བས། ཁྱོད་ཚོས་གྲ་སྒྲིག་བྱས་ཟིན་པའི་སློབ་ཁང་ནང་སྒྲོག་ཙེ་ཡོད་སོང་བ་རེད། རྐུབ་སྟེགས་ཡོད་སོང་བ་ཡིན།”
སངས་རྒྱས་སྐྱབས་ཀྱང་འུར་ལངས་ནས་དེ་ལྟར་བཤད་བྱུང་།
“འོ་ན་ཡན་ལག་སློབ་ཆུང་ནི་དུས་ནམ་ཞིག་ལ་སློབ་མགོ་བརྩམ་རྒྱུ་ཡིན་ནམ། དེ་ཚོའི་དགེ་རྒན་གང་ཞིག་ནས་གདན་འདྲེན་དགོས་པ་རེད།”དང་ཐོག་ཁ་གྲགས་མཁན་གྱི་རུ་གཙོ་དེས་ཁོ་ཚོའི་ཁ་བརྡ་ལ་ཉན་ཡག་ཅིག་བྱས་རྗེས་གཞི་ནས་དེ་ལྟར་དྲིས་འོངས།
དེར་ལྕགས་ཐར་གྱིས“དེ་ང་ཚོ་ཚང་མར་རག་ལས་ཡོད། ཇི་ལྟར་གྲ་སྒྲིག་བྱས་ནས་མགྱོགས་ན་དེ་ལྟར་སྔ་མོ་ནས་སློབ་མགོ་བརྩམ་རྒྱུ་ཡིན་ཟེར། ལྷག་པར་ད་རེབ་ཀྱི་ལྟ་ཞིབ་འདི་གལ་ཧ་ཅང་ཆེ། དགེ་རྒན་ལ་ལོ་རིམ་དང་པོ་དང་གཉིས་པར་སློབ་ཁྲིད་བྱེད་ཐུབ་མཁན་ཡིན་པས་ཆོག དེ་འདྲའི་ཤེས་ཡོན་ཅན་སྡེ་བ་སོ་སོ་ན་ཡོད་འདུག་པས་འདང་རྒྱག་མེད”ཅེས་སྨྲས་རྗེས། ཡང་ཁོ་ཚོར་བལྟས་ཙམ་བྱས་འཕྲལ“རྫོང་གི་ལྟ་ཞིབ་ཚོགས་པ་ནི་སློབ་ཁྲིད་ལ་ཉན་ནས་ཚར་མ་ཐག རུ་ཁག་སོ་སོའི་ཡན་ལག་སློབ་ཆུང་གི་སློབ་གནས་སོགས་ལ་བལྟ་རུ་འགྲོ་རྒྱུ་ཡིན་ཟེར་བས། ཁྱོད་ཚོ་ཆུ་བཟང་སྐེ་རུ་ཁག་གིས་དྲོས་ཇ་གྲ་སྒྲིག་བྱས་ཡོད་དམ། ང་ཚོ་སྒོ་ར་རུ་ཁག་གིས་གྲ་སྒྲིག་བྱས་པ་ཅུང་ཆ་ཚང་ཡིན། ང་ཚོས་མགྲོན་པོ་དག་གི་ངོ་ལེན་ཐུབ་དགོས”ཞེས་གཟབ་ནན་ངང་བརྗོད་སོང་།
ཆུ་བཟང་སྐེ་རུ་ཁག་གི་རུ་གཙོས་དེའི་དུས་སྟོན་བཞིན་པའི་གློག་བརྙན་ནང་དུ་ཁས་ལེན་དམ་བཅའ་བྱེད་པ་བཞིན་ལུས་པོ་སྔར་ལས་ཇེ་དྲང་དུ་བཏང་སྟེ“ང་ཚོས་ཀྱང་གྲ་སྒྲིག་ཡག་པོ་བྱས་ཡོད། མིག་སྟོན་མི་བྱེད་ཁོ་ཐག་ཡིན། ཧྲུའུ་ཅི་གཉིས་ཀས་སེམས་བདེ་མོ་བྱེད་ཆོག”ཅེས་གདེང་ཚོད་ཡོད་པའི་སྒོ་ནས་སྨྲས་འོངས།
“ཁོ་ཚོ་ཚན་སྐོར་གཉིས་སུ་བགོས་ནས་འགྲོ་རྩིས་འདུག ཅུས་ཀྲང་གཙོ་བོ་སོགས་གཡོན་ལུང་དུ་འགྲོ་རྒྱུ་ཡིན་ཟེར་བས། ལྕགས་ཐར་ཁྱོད་ཚོའི་འགན་དེ་ཅུང་ལྕི་ངེས། ད་ཐེངས་གོ་སྐབས་ཡག་པས་རུ་ཁག་གསུམ་པོར་ཁྲིད་རོགས། མང་ཚོགས་ཀྱི་སྐྱིད་སྡུག་ཤེས་སུ་གཞུག་དགོས། བྱིས་པ་ལོ་ཆུང་ཚོའི་དཀའ་ཁག་ལ་རྒྱུས་ལོན་ཐུབ་ན་ཡག”སངས་རྒྱས་སྐྱབས་ཀྱིས་ཞི་འཇམ་གཟབ་ནན་གྱི་སྒོ་ནས་དེ་ལྟར་ལབ་རྗེས། ཡང་ཆུ་བཟང་སྐེའི་རུ་ཁག་གི་རུ་གཙོར་གཏད་ནས“གཡས་ལུང་ལ་ཁྲིད་མཁན་གྱི་ཚན་གཙོ་ནི་ཅུས་ཀྲང་འཇིགས་མེད་རབ་བརྟན་རེད། ཁོང་སྡེ་བ་འདི་དག་ལ་ཆ་རྒྱུས་ཆེ་བས། ང་ཚོས་དོན་དག་དང་དཀའ་ངལ་ཅི་ཡོད་བདེན་པ་བདེན་དྲང་གིས་ཞུ་ཅི་ཐུབ་བྱེད། ཇི་ལྟར་ཞུ་ཤེས་ན་རྗེས་ཕྱོགས་ཀྱི་བྱ་བ་དེ་ལྟར་སྟབས་བདེ་རུ་འགྲོ་ངེས་ཡིན། རྒྱབ་སྐྱོར་དེ་ལྟར་ཡོད་ངེས་ཡིན”ཞེས་བཤད་བྱུང་།
“ཏིང་ཏིང་། ཏིང་ཏིང་། ཏིང་ཏིང་།”
མཚམས་ཤིག་ལ་སློབ་ཐུན་གྲོལ་པའི་ཅོང་བརྡ་གྲགས་བྱུང་བར། དེ་སྔོན་སློབ་ཁང་དུ་འཛུལ་བའི་ལྟ་ཞིབ་ཚོགས་པའི་ཚོགས་མི་དང་། མང་ཚོགས་ཀྱི་འཐུས་ཚབ་པ་སོགས་སྔ་ཕྱིར་སློབ་ཁང་དེ་གཉིས་ལས་ཕྱིར་བུད་ཡོང་ལ། དེར་མཐུད་ནས་དགེ་རྒན་དང་སློབ་མ་ཚོ་ཡང་སྒོར་ཡོང་བཞིན་འདུག རུ་ཆེན་གཉིས་ཀྱི་ཧྲུའུ་ཅི་སོགས་ཀྱིས་ཁོ་ཚོའི་མདུན་བསུས་ཏེ་རུ་ཁག་སོ་སོར་འགྲོ་བར་བསྐུལ་པ་ན། དེ་མ་ཐག་ལམ་ལ་ཆས་རྩིས་བྱས།
སྒོ་ཆེན་གྱི་སྔུན་དུ། ཅུས་ཀྲང་གཙོ་བོ་དེས་སློབ་གྲྭའི་བྱ་བར་གདེང་འཇོག་མི་དམན་པ་ཞིག་མཛད་རྗེས། གངས་ལྷ་མེ་ཏོག་ལ་གཞན་དུ་བསྒྲུབ་འདོད་ཅིང་ངེས་པར་བསྒྲུབ་འོས་ཀྱི་བྱ་བ་ཅི་ཞིག་ཡོད་ཚུལ་དྲིས་པར། མོས་སྤོབས་པ་ཆེར་བསྐྱེད་ཀྱིས“གལ་ཆེན་ནང་གི་དོན་ཆེན་ནི་རུ་ཁག་སོ་སོ་རུ་ཡན་ལག་སློབ་ཆུང་གཟུག་རྒྱུ་དངོས་འབེབས་དོན་འཁྱོལ་ཡོང་བ་དེ་ཡིན་ལ། གཞན་དུ་བྱིས་པ་ཚོར་རྩལ་སྦྱོང་ར་བ་མེད་པས། སྒོ་སྔུན་གྱི་ས་དེ་སྒོ་ར་སྡེ་བར་བཤད་ནས་ཁོ་ཚོས་བསྐྲུན་ཟིན་པའི‘ཚལ་ར’ཡི་ཕྱོགས་སུ་རྒྱ་བསྐྱེད་རྒྱུ་དེ་ཡིན”ཞེས་ཡར་ཞུ་བྱས།
ཅུས་ཀྲང་གིས་བདེན་པའི་བརྡ་ལ་མགོ་བོ་ལྡེམ་ཙམ་བྱས་ནས་དོན་དེ་ཡིད་ལ་བཟུང་ཡོད་ཚུལ་བསྟན་འཕྲལ“དགེ་རྒན་གཞན་པ་ཚོར་རེ་བ་ཅི་ཞིག་ཡོད་དམ”ཞེས་དྲིས་བྱུང་བར། གཞན་དག་གིས་ཅང་ཟེར་མ་ཐུབ་ནའང་། བརྩོན་འགྲུས་རྒྱ་མཚོ་སྔོན་ལ་བུད་དེ་རྒྱ་སྐད་ད་མ་དིག་གིས“སློབ་གཙོས་བཤད་པ་དེ་ངོ་མ་རེད། སློབ་མ་ཚོར་རྩལ་སྦྱོང་ར་བ་ཞིག་མཁོ་བར་འདུག རོགས་བྱེད་ཐུབ་ན་རྗེས་སུ་རྩལ་སྦྱོང་ར་བའི་ནང་ལྒང་ལི་རྩེད་སའི་སྒྲོམ་གཞི་ཞིག་ཡོད་ན་ལྷག་ཏུ་བཟང”ཞེས་བཤད་བྱུང་།སྐད་ཆ་དེ་གོ་བས་ཅུས་ཀྲང་གིས“ཁྱོད་ཀྱིས་ལྒང་ལི་རྩེ་ཤེས་སམ”ཞེས་དྲིས་པ་ལ། ཁོས“གནས་སྐབས་སུ་ཡག་པོ་མི་ཤེས་ཀྱང་། ང་ལ་དེ་རྩེ་འདོད་ཧ་ཅང་ཆེ”ཟེར་བར། ཅུས་ཀྲང་གིས་ཁོའི་གཟུགས་ཀྱི་སྐྱེ་མཆེད་སོགས་ལ་ཞིབ་ལྟ་ཞིག་བྱས་རྗེས“དོན་དེ་ང་ཚོས་གྲོས་བྱས་ནས་ཐག་བཅད་ཡོང”ཞེས་སྨྲས་མ་ཐག དེར་ཡོད་དགེ་སློབ་ཚང་མས་དགའ་བའི་ཐལ་མོ་ཐག་ཐག་ཏུ་བརྡབས་སོང་།
དགའ་སྤྲོའི་ཐལ་མོ་ཡི་རྡེབ་སྒྲའི་ཁྲོད་དུ། ལྟ་ཞིབ་ཚོགས་པ་ལས་སྐོར་ཞིག་ཧྲུའུ་ཅི་ལྕགས་ཐར་དང་འགྲོགས་ཤིང་། ཅུས་ཀྲང་གཙོ་བོའི་རྗེས་འབྲངས་ནས་གཡོན་ལུང་ཕྱོགས་སུ་བུད་སོང་ལ། སྐོར་ཞིག་ཧྲུའུ་ཅི་སངས་རྒྱས་སྐྱབས་ཀྱི་སྣེ་ཁྲིད་འོག ཅུས་ཀྲང་གཞོན་པ་འཇིགས་མེད་རབ་བརྟན་གྱི་སྔ་གཞུག་ཏུ་བུད་ནས་གཡས་ལུང་ཕྱོགས་སུ་ཆས།
6
དུས་ཚིགས་དེ་ནི་མཐོ་སྒང་གི་ཆེས་ལེགས་པའི་དུས་ཚིགས་ཏེ། དབྱར་ཟླ་དྲུག་པ་གངས་རི་ར་བས་ཡོངས་སུ་བསྐོར་པའི་གནས་མཆོག་འདིར་སྔ་མོ་ནས་སླེབས་འདུག དེ་ནི་གཟའ་ཉི་མའི་ཉིན་ཞིག་སྟེ། ཡུལ་ལུང་འདིའི་ནམ་ཟླ་ཧ་ཅང་ལེགས། སྟོད་ཕྱོགས་ཀྱི་སྐྱེས་རི་ཆེན་པོ་ཨ་མྱེས་སྲིན་པོ་ཡི་དབུ་རྩེ་རུ། རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་ཞིག་རྡུལ་ཕྲན་མཚོན་ཆ་གས་རྗེས་ཤ་མོའི་གཟུགས་སུ་མངོན་པ་འདྲ་བ་ཞིག་ལང་ལོང་དུ་འཕྱོ་བཞིན་ཡོད། ཤར་ལུང་ཚོ་དྲུག་གི་ཁོང་གཏོགས་ཀྱི་རུ་ཁག་དྲུག་པོའི་སྟོད་སྨད་དང་གཡས་གཡོན་ཀུན་ཏུ་ལྗོན་ཚོགས་དང་ཞིང་ས་ཡིས་བརྒྱན་འདུག་ཅིང་། བསེར་མ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་སྙེ་མ་མངོན་མ་ཐག་པའི་ལོ་ཏོག་རྣམས། སྔོ་ཡུག་ཡུག་ཕར་ཡོ་ཚུར་ཡོ་བྱེད་པ་ནི་རྒྱ་མཚོའི་རླབས་གཉེར་གཅིག་ལངས་གཅིག་འཇགས་བྱེད་པ་དང་གཉིས་སུ་མེད། བར་སྐབས་དེ་ནི“ཞིང་ལས་ཐད་ཏ་ཀྲའེ་ལ་སློབ་པ”ཡི་དུས་སུ་ཁེལ་ཡོད་པར་རུ་ཁག་གཞན་ལྔ་པོ་རྒྱུན་ལྡན་ལྟར་ངལ་རྩོལ་ལ་ཞུགས་བཞིན་ཡོད་ནའང་། སྒོར་ཐང་རུ་ཁག་ནི་ཀུན་དང་མི་འདྲ་བར་ཟང་ཟིང་ལང་ལོང་དུ་གྱུར་འདུག ལྷག་དོན་སྡེ་སྟོད་ཀྱི་ལུང་མདོ་དེ་རུ་རས་གུར་ཆེ་ཆུང་སྣ་ཚོགས་ཕུབས་ཡོད་དེ། སྡེ་བ་སོ་སོ་ནས་ཤ་དར་ཁྲག་དར་གྱི་ཕོ་མོ་སྐོར་ཞིག་གཅིག་ཏུ་བསྡུས་ཤིང་། མིང་ལ“ཆེད་ལས་ངལ་རྩོལ་རུ་ཁག”ཅེས་པ་ཞིག་བཏགས་ནས་རུ་ཁག་འདིར་ཆུ་མཛོད་ལས་བཞིན་མཆི། འདི་ལ་ཆེད་དུ་ཀུང་ཧྲེའི་ནང་མགོ་ཁྲིད་ཚན་ཆུང་ཞིག་མངགས་ཡོང་བར་མ་ཟད། རུ་ཁག་སོ་སོའི་རུ་གཙོ་དག་ཀྱང་ནམ་རྒྱུན་སྐོར་བར་ཡོང་ནས་ངལ་རྩོལ་འབྲས་བུ་ལ་ལྟ་རྟོག་བྱེད་དགོས་པས། གནས་སྐབས་སུ་ཡུལ་ལུང་འདིའི་བྱ་བ་མཐའ་དག་གི་དཀྱིལ་སྙིང་དེ་གར་སྤོས་ཡོད་པ་དང་ཧ་ཅང་འདྲ།
ཕྱི་ཇ་ཡོལ་ནས་ཅང་མ་འགོར་བའི་དུས་སྐབས་ཤིག་ལ། སྡེ་འདབས་ཀྱི་གཞུང་ལམ་མཐའ་རུ་ཀྲོང་ངེར་འགྱིང་ཡོད་པའི་སྡོང་རྒན་དེའི་ཉེ་འགྲམ་ནས་གངས་ལྷ་མེ་ཏོག་གི་གཟུགས་བརྙན་མངོན་བྱུང་། མོས་ལུས་སུ་རྒྱ་ལྭ་གོན་ཞིང་རྒྱབ་ཏུ་ཁུག་མ་ཞིག་འཁུར་འདུག གོམ་འགྲོས་སྔོན་ཆད་ལྟར་ཡང་ལ་མགྱོགས་ཏེ། གཞུང་ལམ་གྱི་འགྲམ་ངོགས་བརྒྱུད་ནས་ཆུ་ཚོད་སྐར་མ་ཉི་ཤུ་ཙམ་ལས་མ་འགོར་བར། སྒོར་ཐང་སྡེ་བའི་སྲང་མདོ་ལས་ཧྲུའུ་ཅི་སངས་རྒྱས་སྐྱབས་ཚང་ལ་ཡོང་སའི་ལམ་ཕྲན་དེའི་ནང་དུ་ཞུགས། མོ་ཡོང་དུས་ཁོ་ཚང་གི་གཞིས་ཀའི་མདུན་རོལ་གྱི་རྐ་འགྲམ་ན་སྡོང་བོ་ཐར་ཐོར་འགའ་ཡོད་པའི་སར། གཞོན་ནུ་ཞིག་གིས་ཁ་ཕར་འཁོར་ནས་དཔེ་ཆ་བློ་ལ་སྐྱོར་བཞིན་པ་མཐོང་། མོས་ལྟ་ཕྱོགས་ཤིག་གིས་དེ་ནི་བརྩོན་འགྲུས་རྒྱ་མཚོ་ཡིན་པ་འདྲ་བས། རྐང་འཇབ་ལག་འཇབ་ངང་ཕར་སོང་བ་ལ་ཅུང་ཙམ་ཡང་ནོར་མི་འདུག ཁོས་སྐད་དམའ་མོས་རྒྱ་ཡིག་གི་སློབ་ཚན་ཞིག་བློར་སྐྱོར་བཞིན་ཡོད། མོ་ཁོའི་རྒྱབ་ཕྱོགས་སུ་ལངས་ནས་ཡུད་ཙམ་བསྡད་རྗེས། ཁ་ནས“འབ”ཅེས་སྒྲོག་ཞོར་ཁོའི་དཔུང་བའི་ཐོག་སྦར་འབྲད་ལན་གཅིག་བྱས་པར། ཁོ་ཡང་ཅུང་སྐྲག་སོང་བ་འདྲ་སྟེ། གློ་བུར་ཡར་ལངས་ཞོར་དུ་ཐང་ནས་རྡོ་ཞིག་བླངས་འོངས།
“རྒྱ་མཚོ། འཚབ་མི་དགོས། ང་ཡིན། གངས་ལྷ་མེ་ཏོག་ཡིན།”
མོས་གློ་བུར་ཁོས་རྡོ་བས་བརྒྱབ་མི་ཡོང་ངམ་སྙམ་པས་ལམ་སང་དེ་ལྟར་བཤད།
“སློབ་གཙོ་ཡིན་ནམ། ཨ་ཙི། ང་སྐྲག་ཏུ་བཅུག་སོང་། ངས་རང་ཉིད་དེ་རིང་ཁྱི་ལྡོམ་ཞིག་གི་ཁ་ལ་ཤོར་ཟིན་སྙམ་བྱུང་།‘གློ་བུར་སྟག་གིས་མི་ཚུགས’ཟེར་བ་ནི་ངོ་མ་རེད། དངོས་གནས་ཁྱོད་ཕྱིར་བུད་ཡོང་ངམ། འདི་འདྲ་སྔ་མོ་ནས་བུད་ཡོང་ངམ།”
བརྩོན་འགྲུས་རྒྱ་མཚོས་ལག་གི་རྡོ་བ་ཐང་ལ་འཕེན་ཞོར་དུ་དེ་ལྟར་དྲིས།
“འོ་ལེ། ང་སྔ་མོར་ལམ་ལ་ཆས་པ་ཡིན། ཆས་དོན་ནི་ཨ་ཕས་གཟའ་འཁོར་རྗེས་མའི་ནང་ཟི་ལིང་གི་པར་ཁང་ཞིག་གི་ནང། རྒྱ་ཡིག་བོད་ཡིག་གཉིས་ཀ་ཤེས་པའི་ན་གཞོན་སྐོར་ཞིག་བསྡུ་རུ་ཡོང་རྒྱུ་རེད་ཟེར་བས། ཤར་ལུང་ཚོ་དྲུག་ཕྱོགས་སུ་དེ་འདྲའི་མི་བཅུ་གྲངས་ལོངས་པ་རེ་འདུག དེ་ཚོ་གྲོང་ཁྱེར་དུ་འཚོ་བ་རོལ་ཏུ་འགྲོ་འདོད་ཚེ་མིང་ཐོ་དགོད་དུ་འཇུག་རོགས་ཞེས་སྨྲས་བྱུང་། ང་དོན་དེ་སྔ་མོར་བརྡ་བརྒྱག་ཏུ་ཡོང་བ་ཡིན།”
གངས་ལྷ་མེ་ཏོག་གིས་དེ་ལྟར་བཤད་རྗེས། ཡང་ཅི་ཞིག་འདྲི་འདོད་ཀྱིས“ཁྱོད་ཀྱི་ཨ་ཕ་ཁྱིམ་ན་ཡོད་དམ། དོན་འདི་ཧྲུའུ་ཅི་གཉིས་ལ་བརྡ་བརྒྱག་ཏུ་བཅུག་ན་བཟང་། ན་གཞོན་དེ་དག་ལ་མཚོན་ན་ད་རེབ་ཀྱི་གོ་སྐབས་འདི་ཧ་ཅང་ལེགས་པས། སུ་ཡིན་ཡང་གོ་སྐབས་བཟང་བོ་འདི་ཤོར་དུ་མ་བཅུག་ན་ལེགས”ཞེས་བརྗོད།
བརྩོན་འགྲུས་རྒྱ་མཚོས“ཨ་ཕ་ཆུ་མཛོད་ལས་གནས་སུ་བུད་སོང་། ད་རུང་ཕྱིར་ཡོང་མི་སྲིད། འུ་གཉིས་དེ་རུ་འགྲོ་རྒྱུ་ཡིན་ནམ”ཞེས་འདྲི་ཙམ་བྱས་པ་དང་། ཡང་བསམ་བློ་ཞིག་བཏང་རྗེས་དོགས་མི་བདེ་བའི་ཚུལ་དུ“གྲོང་ཁྱེར་དུ་འགྲོ་ཐུབ་ཚེ། ངས་ཀྱང་མིང་ཐོ་བཀོད་ན་བསམས་བྱུང་། སློབ་གཙོ་ཁྱོད་འཐད་པ་ཨེ་ཡིན”ཞེས་འདྲི་བར་བྱེད།
“འཐད་པ་མིན། མིན་དོན་གཙོ་བོ་ནི་ཁོ་ཚོ་གྲོང་ཁྱེར་དུ་སོང་ཡང་བཟོ་པ་ཡིན་ཟེར། ཁྱོད་ཀྱི་བོད་ཡིག་གི་རྨང་གཞི་བཟང་ཐོག རྒྱ་ཡིག་དང་རྩིས་རིག་ཐད་དུའང་འདི་ལྟར་བརྩོན་པ་སྐྱེད་བཞིན་ཡོད་པས། མ་འོངས་པར་ཤེས་ལྡན་མི་སྣ་དགའ་ཞིག་ཡོང་ངེས་རེད། གནས་སྐབས་སུ་ང་ལ་ལག་རོགས་མཁོ་འདུག ངའི་ཨ་ཕས་ཁྱོད་ལ་རེ་བ་མཐོན་པོ་འཆིང་བཞིན་པས། རྗེས་སོར་སློབ་གྲྭ་གཞན་ནང་རྒྱུགས་སྤྲོད་དུ་ཆུགས་ཟེར། ང་ཚོར་ཁྱོད་སྐྱེད་སྲིང་ཡག་པོ་བྱོས་ཟེར།”
ཁོ་གཉིས་ཆུ་མཛོད་ཁར་འགྲོ་ཞོར་དུ་མུ་མཐུད་ནས་ཁ་བརྡ་བྱས།
“ད་ཐེངས་ཀྱི་གཟའ་ཉི་མ་འདིར་ངས་ཁྱོད་ལ་རྩིས་རིག་ཁྲིད་མ་ཐུབ། རྗེས་སུ་དུས་ཚོད་ཅིག་བེད་སྤྱོད་བཏང་ནས་ཁ་གསབ་བྱེད་ཆོག ཁྱོད་ཀྱིས་རྒྱ་ཡིག་ད་དུང་དགེ་རྒན་ལི་ཆིན་ཧོ་ཡི་དྲུང་དུ་སྦྱོང་བཞིན་ཡོད་དམ།”
“འོ་ལེ། ཡིན་ནའང་ཁོ་རྒྱུན་དུ་ཡུལ་ལ་འགྲོ་དགོས་པས། དུས་ཚོད་མང་བོ་ཞིག་མི་འདུག རྗེས་སུ་ཁོ་བརྗེས་ནས་དགེ་རྒན་ཀྲང་ཅན་གྱི་རྩིབ་ནས་སྦྱང་ན་ཨེ་ཆོག་གམ།”
“དེ་མི་ཆོག་རྒྱུ་ཅི་ཡོད། ངས་ཀྱང་དེ་ལྟར་འདོད་བྱུང་། དོན་འདི་ངས་ཁོ་གཉིས་ལ་བཤད་འགྲོ། ཁོ་གཉིས་ཀའང་འཐད་པ་ཡིན་ངེས།”
“དེ་འདྲ་ཡིན་ན་རབ་རེད། ཀྲང་ཅན་ནི་མཚམས་ལན་རེར་མ་གཏོགས་ཡུལ་ལ་མི་འགྲོ་བས། ངས་ནངས་དགོང་གི་དུས་ཚོད་ཀྱང་བེད་སྤྱད་ནས་སྦྱང་ཆོག”
“རེད་ཡ། ཁྱོད་ལ་མཚོན་ན་ད་ནི་ཕྱི་ནང་གི་མཐུན་རྐྱེན་ཡོངས་སུ་ཚང་ནས་ཡོད། དགེ་རྒན་ཀྲང་ཅན་ཡུལ་ལ་འགྲོ་སྐབས་སུ། རང་ཁྱིམ་དུ་ལོག་ཀྱང་ཨ་ཁུ་ཚངས་དབྱངས་ཀྱི་ས་རུ་བོད་ཡིག་སྦྱང་ཆོག་པ་ཡིན། ཁྱོད་ཀྱིས་སློབ་གྲྭ་གཞན་དུ་རྒྱུགས་སྤྲོད་དུས། གཙོ་བོ་བོད་ཡིག་དང་རྒྱ་ཡིག་གི་སྟེང་ནས་སྐར་མ་ལེན་དགོས། རྩིས་རིག་ནི་སྐར་མ་འགའ་རེ་ཡོད་ཚེ་ཆོག་ཟེར། ཡིན་ནའང་ད་ལྟའི་སྤྱི་ཚོགས་ནང་དུ་རྩིས་རིག་ཀྱང་མ་ཤེས་ས་མི་འགྲོ། རྨང་གཞིའི་སྐོར་དེ་ནན་ཏན་གྱིས་སྦྱང་ན་འགྲིག”
ཁོ་གཉིས་ཀྱིས་དེ་ལྟར་ཕར་ལབ་ཚུར་ལབ་བྱེད་བཞིན་ཞིང་གི་གཏད་མར⑪ལམ་དཀྱོགས་ས་ཞིག་ཡོད་པ་དེར་སླེབས་དུས། ཨ་ཅེ་སྒྲོལ་མའི་ལུས་སུ་རས་ལྭ་ནག་པོ་ཞིག་གོན་ཞིང་། མཆན་ལ་དབྱུག་པ་ཞིག་བཙིར་ནས་ཁ་མུར་མུར་གྱིས་ཅི་ཞིག་ཟློ་བཞིན་ཡོང་བ་དང་འཕྲད། མོས་ཁོ་གཉིས་མཐོང་མ་ཐག་གདོང་ལ་དོགས་ཉམས་ཤིག་ཤར་ཏེ། ཁ་མུར་མུར་མི་བྱེད་པར“ཁྱོད་གཉིས་ཆུ་མཛོད་ལས་སར་འགྲོ་རྒྱུ་ཡིན་ནམ”ཞེས་འདྲི་ཙམ་བྱས་རྗེས། བརྩོན་འགྲུས་རྒྱ་མཚོའི་རོགས་སུ་ཡོད་པའི་བུ་མོ་དེར་ལྟ་ཡག་ཅིག་བྱས་པ་དང་། མཐུད་ནས“འདི་སློབ་གཙོ་གངས་ལྷ་མེ་ཏོག་མ་ཡིན་ནམ། ངོ་མ་བུ་མོ་མེ་ཏོག་འདྲ་བ་ཞིག་འདུག མིག་ཁེར་མོར་ལྟད་མོ་ཞིག་ཡོད་ཚུལ་ལ་ལྟོས་དང་། ཐོ་རངས་སྐར་ཆེན་ཤར་འདྲ་རེད”ཅེས་བསྟོད་པ་ཞིག་བྱས་རྗེས། ཡང་དྲན་གསོ་བའི་ཚུལ་དུ“ང་ཆུང་དུས་ནས་ངེད་ཚང་གི་ཨ་ཁུའི་སར《གེ་སར་སྒྲུང》ལ་ཉན་རྒྱུར་དགའ། སྒྲུང་དཔེའི་ནང་གི་གླིང་གེ་སར་དང་སྨན་འབྲུག་མོ་ཟེར་བའང་ཁྱོད་གཉིས་ཀ་ལྟ་བུ་ཞིག་ཡིན་ངེས། ཁྱོད་གཉིས་ཀ་གནམ་གྱིས་སྲུངས”ཞེས་སྨྲས་འཕྲལ། ད་དུང་མིག་ཟུང་གཡོ་བ་མེད་པར་གངས་ལྷ་མེ་ཏོག་གི་གདོང་ལ་ཅེར་ནས་བསྡད་བྱུང་།
སློབ་གཙོ་དོགས་མ་བདེ་བར་ཡོད་པའི་ཚུལ་དེ་མཐོང་བས། བརྩོན་འགྲུས་རྒྱ་མཚོས་མྱུར་དུ“ཨ་ཅེ་རང་ཁྱིམ་དུ་འགྲོ་རྒྱུ་ཡིན་ནམ། ངའི་ཨ་ཕ་ཆུ་མཛོད་ལས་གནས་སུ་ཨེ་འདུག མོ་ངའི་ཨ་ཕར་ཐུག་ནས་ཁ་བརྡ་ཞིག་ཡོད་ཟེར་བས། ངེད་གཉིས་དེ་རུ་འགྲོ་བཞིན་ཡོད”ཅེས་གསལ་བཤད་བྱས།
“སངས་རྒྱས་སྐྱབས་ཡོད་འདུག སྒོ་ར་རུ་ཆེན་གྱི་ལྕགས་ཐར་ཡང་སླེབས་ཡོད། ད་དུང་རུ་ཁག་སོ་སོའི་རུ་གཙོ་མང་ཆེ་བ་ཞིག་ཀྱང་ཡོང་འདུག ལས་བྱེད་ཚན་ཆུང་དང་མཉམ་དུ་རས་གུར་ནང་འཛུལ་ནས་ཅི་ཞིག་ལ་གྲོས་སྡུར་བྱེད་བཞིན་མཆི། ད་གསར་བུ་གསར་མོ་ཚོའི་ཀོ་བ་བཤུ་རྒྱུ་རེད། འེ། ངའི་ཁ་འདི།”
ཨ་ཅེ་སྒྲོལ་མས་རང་གི་ཁ་ལ་ལག་པས་རྡེག་ཙམ་བྱས་རྗེས“ད་ང་འགྲོ་རྒྱུ་ཡིན”ཟེར་ནས་བུད་སོང་།
མོ་སོང་རྗེས་སུ། བརྩོན་འགྲུས་རྒྱ་མཚོས“ཨ་ཅེ་སྒྲོལ་མ་ནི་ཁ་མི་བཟང་བ་མ་གཏོགས་སེམས་མི་བཟང་རྒྱུ་མེད། ཀླད་པ་མཁྲེགས་པོའི་སྐོར་ཡིན་པས། བུ་མོ་ཆེ་བ་ལྷ་མོ་ཐར་ད་ལོའི་ལོ་སྟོད་ནས་བཟུང་རང་ཁྱིམ་དུ་བཀག་པ་རེད། འབྲིང་བ་དེ་ད་ལྟ་སློབ་གྲྭར་སྐྱེལ་བཞིན་ཡོད་ཀྱང་། རྗེས་སུ་ཡོང་དུ་གཞུག་རྒྱུ་ཡིན་མིན་སུས་ཤེས”ཞེས་སྨྲས།
དེར་གངས་ལྷ་མེ་ཏོག་གིས“སྡེ་བ་སོ་སོ་རུ་ད་རུང་མི་དེ་འདྲ་རབ་ཅིག་འདུག འགའ་རེས་རང་གི་བུ་བུ་མོ་སློབ་གྲྭར་མི་སྐྱེལ་བའི་ཁར། ད་དུང་གཞན་ལ་ངན་བསླབས་ནས་གཏོར་བརླག་བྱེད་པས། དེ་ཚོས་རྗེས་སུ་གྱོང་རེག་ཁོ་ཐག་ཡིན”ཟེར།
ཁོ་གཉིས་ཀྱིས་དེ་ལྟར་ཁ་བརྡ་བྱེད་བཞིན་གང་སར་དར་དམར་བཙུགས་ཡོད་པའི་ཆུ་མཛོད་ལས་གནས་སུ་སླེབས་དུས། ཡུལ་འདིའི་མིང་བཏགས་ཚོའི་ཚོགས་འདུ་ད་དུང་གྲོལ་མེད་པས། ན་གཞོན་དགེ་རྒན་འདི་གཉིས་གསར་བུ་གསར་མོ་ཚོའི་ལས་ཀ་ལས་སའི་ཕྱོགས་དེར་ཕྱིན། ལུང་བ་དེ་ནི་ཕུག་ཡངས་ལ་མདོ་ཅུང་དོག་པ་ཞིག་སྟེ། ལྷག་དོན་ལུང་མདོའི་རི་གཉིས་ཀའི་ཁ་ནང་ཕྱོགས་སུ་འཁོར་འདུག་པས། རང་བྱུང་གི་ཆུ་མཛོད་ལས་ས་ཞིག་ཏུ་གྱུར་ཡོད། སྒོ་ར་རུ་ཆེན་གྱི་ངལ་རྩོལ་པ་ཚོས་གཡོན་ཕྱོགས་ཀྱི་རི་སྣ་དེ་རུ་ཤིང་རྟ་བཀོལ་ནས་ས་འདྲུད་བཞིན་ཡོད་པ་དང་། སྒོར་ཐང་རུ་ཆེན་གྱི་ལས་ཀ་པ་ཚོས་གཡས་ཕྱོགས་ཀྱི་རི་སྒང་དེའི་འདབས་བརྐོས་ནས་ལུང་མདོ་རུ་ཤིང་རྟའི་ནང་ས་སྐྱེལ་འདྲེན་བྱེད་ཅིང་མཆི། ཁོ་ཚོས་རྡུལ་ཚུབ་ནང་དེ་ལྟར་ངལ་རྩོལ་བྱེད་བཞིན་ནའང་།“ཧ་ཧ”དང“ཧོ་ཧོ”ཡི་སྐད་སྒྲ་དྭངས་མོ་ནི་མཚམས་མེད་པར་ཕྱོགས་གཉིས་ཀྱི་རི་འདབས་ནས་མཆེད་ཡོང་། ས་འདེད་འཕྲུལ་ཆས་མདོག་དམར་པོ་ཞིག་ནི་རུས་སྦལ་གྱི་འགྲོས་ལྟར་མཐོ་ཚད་ལ་ཁང་ཚད་གཉིས་ཙམ་ཡོད་པའི་ཆུ་རགས་སྟེང་དུ་ཕར་ནུར་ཚུར་ནུར་བྱེད་བཞིན་འདུག་སྟེ། ཕལ་ཆེར་ས་ངོས་སྙོམ་ཞོར་དུ་ཐང་ལ་བཅགས་བཅགས་བྱེད་པའི་ནུས་པ་དེ་འདོན་བཞིན་པ་འདྲ། ཁོ་གཉིས་རགས་སྟེང་བརྒྱུད་ནས་གཡས་ཕྱོགས་སུ་ཕྱིན་པར། རགས་ཞོལ་དུ་ཆུ་སྦུག་ཆེན་པོ་ཞིག་གི་སུམ་ཆའི་གཅིག་ལྷག་ས་ཁར་བུད་འདུག་ཅིང་། ཆུ་སྦུག་གི་མདོ་རུ་རྡོ་དང་ཨར་འདམ་ལས་གྲུབ་པའི་ཆུ་ཉུང་ངུ་གསོག་ས་ཞིག་ལས་ཡོད་དེ། དེའི་སྣེ་མོ་ནི་ན་སྤང་མཚམས་སུ་གཤགས་པའི་རྐ་ཆེན་དེར་འདྲེས་པར་བྱས་སྣང་ངོ་།།
གངས་ལྷ་མེ་ཏོག་གིས་ཚུལ་དེར་ལྟ་བཞིན“བཟོ་སྐྲུན་འདི་གྲུབ་རྗེས། ཤར་ལུང་ཚོ་དྲུག་ཏུ་ཞིང་ས་ཆེས་ཆེ་བའི་སྒོར་ཐང་སྡེ་བས་ཆུ་དཀོན་པའི་ཞྭ་མོ་རྙིང་བ་དེ་འཕུད་ངེས་པས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་སྟེང་སྔ་མོ་ནས་གོམ་པ་སྤོ་ཐུབ་སོང་བ་རེད”ཅེས་སྨྲས་བྱུང་བར།
བརྩོན་འགྲུས་རྒྱ་མཚོས“རེད་ཡ། འདི་ནི་ཨ་ཕའི་མི་ལོ་མང་བོའི་རེ་བ་ཡིན་པས། དུས་སྐབས་འདི་འདྲ་ཞིག་ལ་ད་གཟོད་མངོན་འགྱུར་བྱུང་བ་རེད”ཅེས་བཤད་རྗེས། ཡང་བསམ་བློ་སྐོར་ཙམ་གྱིས“ང་ད་ཅི་ཁྱོད་ཀྱིས་བཤད་པའི་དོན་དེས་སེམས་མི་བདེ་བར་བཏང་སོང་། དེ་ནི་རང་ཉིད་རྒྱུགས་སྤྲོད་དུ་འགྲོ་མི་ཐུབ་པའི་ཆ་དེ་མིན་པར། ང་ཚོས་དེ་སྔོན་སྐྱ་ཐིག་བཀོད་ཟིན་པའི་གསར་བུ་སྐོར་ཞིག་ལ་ད་རེབ་བཟོ་པ་བྱེད་པའི་ལས་ཀ་དེ་རག་འགྲོ་བས། ཡན་ལག་སློབ་ཆུང་གི་དམངས་སྒྲུབ་དགེ་རྒན་གང་ནས་བཙལ་རྒྱུ་ཡིན་ནམ། ད་ནི་དུས་ཚོད་ཀྱིས་གཏུགས་ཏེ་ཡོང་བཞིན་པས”ཟེར་ཞོར་དངན་པ་རིང་བོ་ཞིག་འཐེན།
“གོ་སྐབས་ཡོད་ཚེ་ཤེས་ལྡན་པ་གཅིག་ཕྱི་རུ་འགྲོ་ཐུབ་ནའང་འགྲོ་རུ་བཅུག་ན་བཟང་། ང་ཚོ་ནི་སློབ་གསོ་གཉེར་མཁན་ཡིན་པས། རང་གི་སློབ་མའི་གྲས་ནས་སྐྱེད་སྲིང་བྱས་ན་འགྲིག ཁྱོད་སྐྱེད་སྲིང་བྱེད་པ་ནང་བཞིན་སློབ་བུ་དེ་ཚོ་ཡང་སྐྱེད་སྲིང་བྱས་ན་འགྲིག”
གངས་ལྷ་མེ་ཏོག་གིས་རྒྱང་རིང་ལ་ལྟ་བཞིན་དེ་ལྟར་ཆོད་སེམས་ཆེན་པོའི་སྒོ་ནས་བརྗོད་འོངས།
སྐབས་དེར། ཡུལ་འདི་གའི་མིང་བཏགས་སུ་འབོད་པ་དེ་རྣམས་ཀྱི་ཚོགས་འདུ་གྲོལ་སོང་བ་འདྲ། སོ་སོ་རས་གུར་ཆེ་བ་དེ་ལས་སྒོར་བུད་ཡོང་། དགེ་རྒན་གཉིས་ཀས་རྣམ་པ་དེ་མཐོང་བས་གོམ་འགྲོས་ཇེ་མགྱོགས་སུ་བཏང་ནས་ཁོ་ཚོ་དམིགས་ཏེ་ཕྱིན།
ལས་བྱེད་ཚན་ཆུང་གི་མི་དེ་དག་ད་ཅི་ཁོ་གཉིས་ཡོང་སའི་ལམ་དེར་ཞུགས་ནས་སྒོར་ཐང་སྡེ་བའི་ཕྱོགས་སུ་བུད་སོང་བ་དང་། ཧྲུའུ་ཅི་གཉིས་ཀ་དང་རུ་གཙོ་དག ད་དུང་མི་འགའ་ཞིག་བཟོ་སྐྲུན་ལས་གནས་ལ་དམིགས་ནས་ཡོང་བཞིན་པས། ཁོ་ཚོ་ལམ་དཀྱིལ་དེ་རུ་ངོ་འཕྲད།
གངས་ལྷ་མེ་ཏོག་གིས་ཨ་ཕས་བརྡ་བཏང་བའི་གནས་ཚུལ་དེ་ཞིབ་ཕྲའི་ངང་ཁོ་ཚོར་མཚམས་སྦྱོར་བྱས་རྗེས། ཕྱི་ཉིན་ཧྲིལ་པོར་སློབ་གྲྭའི་ནང་ཡོང་ནས་མོ་ཡོད་སར་མིང་ཐོ་དགོད་དགོས་ལ། གཟའ་འཁོར་རྗེས་མའི་ནང་རྫོང་ཐོག་ཏུ་རྒྱུགས་ལེན་དུ་ཡོང་དགོས་པ་སོགས་བསྙད་ཚར་འཕྲལ། སྐད་མགོ་ཇེ་མཐོར་བཏང་ནས“ང་ལ་ཁྱོད་ཚོར་དེ་ལས་ལྷག་པའི་འཕྲིན་གསར་ཞིག་ཞུ་རྒྱུ་ཡོད། འཕྲིན་གསར་འདི་ད་སྔ་ངས་མི་གཅིག་ལའང་བཤད་མེད། ང་ཚོས་བསྒྲུབ་འདོད་པའི་ཡན་ལག་སློབ་གྲྭར་གོང་རིམ་ནས་ཆོག་མཆན་ཐོབ་ཟིན། སློབ་སྐབས་རྗེས་མ་ནས་བཟུང་མགོ་བརྩམས་ཆོག་ཟེར། དམངས་སྒྲུབ་དགེ་རྒན་ས་གནས་རང་གིས་ཐག་ཆོད་ཟེར”ཞེས་སྨྲས་བྱུང་བ་ལ། དེར་ཡོད་ཚང་མ་སྤྲོ་བས་བརྟས་ཏེ་དགའ་འབོད་བྱས། འབོད་སྒྲ་དེ་འཇགས་མ་ཐག མོས་མུ་མཐུད་དུ“སང་ཉིན་རྫོང་སློབ་གསོ་ཅུས་ཀྱིས་ང་ཚོར་བྱིན་པའི་སྒྲོག་ཙེ་དང་རྐུབ་སྟེགས་སོགས་དྲུད་ནས་ཡོང་རྒྱུ་རེད། ད་ཡོད་ཀྱི་དངོས་པོ་དེ་དག་ཡན་ལག་སློབ་གྲྭར་བགོ་རྒྱུ་ཡིན་པས། རུ་ཁག་སོ་སོས་མི་མང་ཙམ་བཀོད་སྒྲིག་བྱས་ནས་འདྲུད་དུ་ཡོང་རྒྱུ་བརྗེད་མི་ཉན། ཁོ་ཚོས་ད་དུང་སྒྲོག་ཙེ་དང་རྐུབ་སྟེགས་གསར་བ་དེ་དག་འབོག་རོགས་དང་སྐྱེལ་རོགས། སྒྲིག་རོགས་སོགས་ཀྱང་བྱེད་དགོས”ཞེས་བརྗོད་སོང་བར། དེར་ཡོད་ཚང་མས་མགྲིན་གཅིག་ཏུ“ལགས་སོ”ཞེས་བསྒྲགས་རྗེས་ཐལ་མོ་ཡང་ཡང་བརྡབས་བྱུང་།
1976ལོའི་ཟླ6པའི་ཚེས6ཉིན། གཟའ་ཉི་མ། གནམ་ངོ་དྭངས།
ཨ་རབ་ཀྱི་ཨང་ཀི6གསུམ་མཉམ་པོར་ཁེལ་བའི་ཉིན་མོ་འདི་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད།
བཀྲ་ཤིས་པའི་ཉིན་མོ་འདིར། ཤར་ལུང་ཚོ་དྲུག་ས་ཆར་འཕྲིན་བཟང་གསུམ་འབྱོར་ཡོད་དེ། དང་པོ་ནི་ཟི་ལིང་གི་པར་ཁང་ཞིག་གིས་རྫོང་ཁག་འདི་ནས་རྒྱ་ཡིག་བོད་ཡིག་གཉིས་ཀ་ཤེས་པའི་ལས་བཟོ་པ་སྐོར་ཞིག་བསྡུ་རྒྱུ་ཡིན་པ་དང་། གཉིས་སུ་རང་གིས་རེ་ཞུ་བྱས་པའི་ཡན་ལག་སློབ་གྲྭར་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་གནང་སོང་ལ། གསུམ་དུ་རྫོང་སློབ་གསོ་ཅུས་ཀྱིས་ཤར་ལུང་ཚོ་དྲུག་སློབ་ཆུང་ལ་སྒྲོག་ཙེ་དང་རྐུབ་སྟེགས་གསར་བ་མང་བོ་ཞིག་བྱིན་ཟིན་པས། ད་ནི་ཡན་ལག་སློབ་གྲྭ་ཚོ་འཕྲད་ཡོད་པའི་དཀའ་ཁག་མ་ལུས་རེབ་གཅིག་ལ་སེལ་ཐུབ་འདུག
ཨ་ཕ་ལགས། ཁྱེད་ལ་བཀའ་དྲིན་ཞུ། བུ་མོས་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན།
ཤར་ལུང་ཚོ་དྲུག་གི་མི་དམངས་མང་ཚོགས་ཀྱིས་དུས་ནམ་ཡང་ཁྱེད་ཉིད་བརྗེད་མི་སྲིད།
ཕྱི་ཉིན་ཞོགས་པར། སློབ་མ་མང་ཆེ་བ་རུ་ཁག་ནས་མངགས་པའི་རྟ་དྲེལ་བོང་གསུམ་གྱིས་གྲུབ་པའི་ཤིང་རྟ་འཁོར་ལོར་བསྡད་ནས་སློབ་གྲྭའི་ནང་བུད་ཡོང་། སྔ་དྲོ་དེར་ལས་ཀ་ལས་རྒྱུ་མང་བས་རྒྱུན་ལྡན་ལྟར་སློབ་ཁྲིད་ཚོགས་ཐུབ་པ་མ་བྱུང་། ཤེས་ཡོན་ཅུང་ལྡན་པའི་ན་གཞོན་སྐོར་ཞིག་ཀྱང་སྔ་ཕྱི་བྱས་ནས་སློབ་གཙོའི་སར་མིང་ཐོ་དགོད་དུ་ཡོང་བཞིན་འདུག་ལ། དགེ་རྒན་ཚོ་ཡང་ཡར་རྒྱུག་མར་རྒྱུག་བྱས་ནས་དེ་སྔའི་སྒྲོག་ཙེ་དང་རྐུབ་སྟེགས་རྙིང་བ་རྣམས་སྙོམས་བགོ་བྱ་བའི་ཆར་བྲེལ་བཞིན་ཏེ།བགོས་ཟིན་པ་དག་ནི་ངལ་རྩོལ་པ་རྣམས་ལ་སློབ་མ་ཆེ་བ་ཚོས་རོགས་བྱས་ནས་ཤིང་རྟ་འཁོར་ལོའི་ནང་འཇོག་པ་དང་སྡོམས་པ་སོགས་བྱེད་བཞིན་པས། ཚོ་བ་ཆེན་པོ་ཞིག་སྐྱས་སྤོར་གྱིས་ས་ཐག་རིང་བོ་ཞིག་ཏུ་འགྲོ་བ་དང་གཉིས་སུ་མ་མཆིས། ལས་ཀ་དེ་གྲུབ་ནས་ཚང་མས་ངལ་ཅུང་ཙམ་གསོས་པར། རླངས་འཁོར་གྱི་སྒྲ་ཆེན་པོ་ཞིག་གྲགས་པ་དང་བསྟུན་ཏེ། སློབ་གྲྭའི་སྨད་ཕྱོགས་ཀྱི་གྲམ་ཟུར་ནས་རླངས་འཁོར་ཆེ་བ་ཞིག་ཡོམ་ཡོམ་དུ་འགུལ་ཞོར་ཡར་ཡོང་བཞིན་པས། སློབ་མ་དག་ནི་ཆུ་ལོག་བརྡོལ་པ་བཞིན་ཐོག་མར་སློབ་གྲྭའི་སྒོ་ཆེན་ཞོལ་གྱི་སའི་རྔམས་ཁ་དེར་འཚངས་པ་དང་། དེ་ནས་སློབ་མ་པྲ་ཆལ་འགའ་རེས་སྣེ་ཁྲིད་དེ་སྒོར་ཐང་སྡེ་བར་འགྲོ་སའི་ལམ་དེར་ཞུགས་ནས་གཞུང་ལམ་ཁ་དེར་བརྒྱུགས་ཡོང་། རླངས་འཁོར་ནི་ལམ་གཉིས་འདྲེས་མདོ་དེར་དབུགས་ཆད་པ་ལྟར་ཏན་སེར་བསྡད་སོང་ལ། དེ་ནས་མགོ་སྒམ་གྱི་སྒོ་གཡས་གཡོན་ནས་རྒྱ་མི་གཞོན་དར་གཉིས་མཉམ་པོར་ཐང་ལ་བབས་ཡོང་། བར་དེར་རུ་ཁག་སོ་སོའི་ངལ་རྩོལ་པ་དང་སློབ་གྲྭའི་དགེ་རྒན་རྣམས་ཀྱང་དེ་གར་འབྱོར་བྱུང་བར།སློབ་གཙོ་གངས་ལྷ་མེ་ཏོག་སྔུན་དུ་བུད་ནས་ཁོ་གཉིས་ལ་རྒྱ་སྐད་ཀྱིས“ཁྱོད་ཚོ་བུད་ཡོང་ངམ། ལམ་དུ་དཀའ་ལས་བརྒྱབ་མ་སོང་ངམ ”ཞེས་འཚམས་འདྲི་བྱས།
རྒྱ་མི་དར་མ་དེ་ནི་ཁ་ལོ་པ་དང་གཞོན་ནུ་དེ་ཉིད་ལག་རོགས་མཁན་ཡིན་འདུག ཁོ་གཉིས་ཀྱང་ཚུར་ཡོང་ནས“དཀའ་ལས་བརྒྱབ་མ་སོང་། སློབ་གཙོ་ཡིན་ནམ”ཞེས་སྨྲ་བཞིན་སྔ་ཕྱིར་ལག་འཇུ་བྱས།
“ཡིན་ལགས།”
གངས་ལྷ་མེ་ཏོག་གིས་དེ་ལྟར་ལན་བཏབ་རྗེས། ཡང་འགྲེལ་བཤད་ཀྱི་ཚུལ་དུ“སློབ་གྲྭའི་སྒོ་སྔུན་དུ་རླངས་འཁོར་འགྲོ་མི་ཐུབ་པས། ད་འདིར་ཕོག་པ་ལས་ཐབས་གཞན་མེད”ཅེས་བརྗོད་སོང་།
“ཅུས་ཀྲང་འཇིགས་མེད་རབ་བརྟན་གྱིས་ཀྱང་དེ་ལྟར་གསུངས་བྱུང་། ངེད་གཉིས་ཀྱིས་ཚོད་དཔག་བྱས་ནས་འདིར་བསྡད་པ་ཡིན། ”
ཁ་ལོ་པ་དེས་དེ་སྐད་ལབ་བཞིན་ཐ་མག་ཅིག་ལ་མེ་བསྒོས།
“ཁྱོད་གཉིས་སྡོད་ས་ཅུང་ཙམ་ཡང་ནོར་མི་འདུག ཡར་ལ་ཕྱིན་ཚེ་ལམ་ཞེང་དོག་པས་ཁ་ཕྱིར་འཁོར་དགོས་བསམས་ཀྱང་དཀའ་མོ་རེད།” གངས་ལྷ་མེ་ཏོག་གིས་དེ་སྐད་ལབ་རྗེས་སྐད་མགོ་མཐོན་པོས“ཨ་རོག་ཚོ། ད་དངོས་པོ་དག་ཐང་ལ་ཕོག་རན་སོང་། སྒྲོག་ཙེ་དང་རྐུབ་སྟེགས་ཚང་མ་གསར་བ་ཡིན་པས་སེམས་ཆུང་ངང་ཕོག་རོགས། སེམས་
ཆུང་ངང་ཁྱེར་རོགས། སེམས་ཆུང་ངང་སྒྲིག་རོགས། འོ། བརྩོན་འགྲུས་རྒྱ་མཚོ། སློབ་ཁང་ནང་དུ་ཇི་ལྟར་བསྒྲིག་རྒྱུ་དེ་དགེ་རྒན་ཀྲང་ཅན་ཁྱོད་གཉིས་ཀྱིས་བཀོད་སྒྲིག་བྱོས། འདི་གར་དགེ་རྒན་ལི་ཆིན་ཧོ་ངེད་གཉིས་བསྡད་པས་ཆོག”ཅེས་མངགས་བཀོད་མཛད།
“ཡ་ཡ།”ཁོ་གཉིས་ཀས་སོ་སོར་དེ་སྐད་ལབ་རྗེས། སྒྲོག་ཙེ་རེ་རེའི་སུག་བཞི་གནམ་ལ་བསྐོར་ཅིང་།
ངོས་འཇམ་པོ་དེ་རང་གི་ཕྱི་ལྟག་དང་རྒྱབ་གཞུང་ལ་ཁེལ་པར་བྱས་ནས་འཁུར།
སྡེ་མི་དག་གིས་ཀྱང་དེ་ནི་སྒྲོག་ཙེའི་འཁུར་སྟངས་ཤིག་ཡིན་པ་འདྲ་སྙམ་སོང་བ་ལོས་ཡིན། ཚང་མས་ཁོ་གཉིས་ལ་ལད་མོ་བྱས་ནས་དེ་ལྟར་འཁུར་བཞིན་མཆི། སློབ་མ་ཆུང་བ་དག་གི་འགན་ཁུར་གཙོ་བོ་ནི་རྐུབ་སྟེགས་བསྐྱལ་རྒྱུ་སྟེ། དེ་དག་གིས་རྐུབ་སྟེགས་རེ་རེ་ལག་པ་ཟུང་གིས་བཟུང་ནས་ཕོ་བར་སྦྱར་ནས་སྐྱེལ་གྱིན་འདུག དགེ་རྒན་ལི་ཆེན་ཧོ་དང་གསར་བུ་བདེ་མྱུར་ཆེ་བ་གཉིས་ནི་རླངས་འཁོར་སྟེང་དུ་འགོས་ཡོད་ལ། སྒྲོག་ཙེ་རེ་རེ་དང་རྐུབ་སྟེགས་རེ་རེ་མར་བྱིན་པ་ན། གསར་བུ་གཟུགས་རིང་གཉིས་ཀྱིས་རླངས་འཁོར་གྱི་གཞོགས་གཉིས་དང་གཞུག་བཅས་ནས་ཐང་ལ་ལེན་བཞིན་འདུག དངོས་པོ་ཕོག་ནས་ཚར་ལ་ཉེ་སྐབས། གངས་ལྷ་མེ་ཏོག་གིས་སྐད་ངག་འཇམ་པོའི་ངང“དགེ་རྒན་ལི་ཆེན་ཧོ། ཁྱོད་ཐང་ལ་ཤོག ཉལ་ཁང་དུ་སོང་ལ་རང་ཡུལ་དུ་འགྲོ་རྒྱུའི་གྲ་སྒྲིག་བྱོས”ཞེས་སྨྲས་རྗེས། ཁུག་མ་ལས་ཤོག་སྒོར་འགའ་བླངས་ཏེ“འདི་ཡིས་རྫོང་ཐོག་ཏུ་ཁྱོད་གསུམ་པོའི་ཟ་མ་སྟབས་བདེ་ཞིག་ཟོ། ཟས་རིན་གྱི་ཡི་གེ་ཞིག་འབྲི་རུ་ཆུགས་ལ་ཁྱེར་ཤོག ཕྱི་དྲོ་ཁྱོད་ཡོང་མི་དགོས། བྱ་བ་དེ་ནི་ཁྱོད་ཀྱི་ཕྱི་དྲོ་ཡི་འགན་ཁུར་ཡིན”ཟེར་བཞིན་སྒོར་མོ་དེ་དག་ཁོའི་ལག་ཏུ་བཞག
ཆུ་ཚོད་ཕྱེད་ཀའི་རྗེས་སུ། རླངས་འཁོར་གྱིས་ད་ཅི་དང་འདྲ་བའི་འུར་སྒྲ་དེ་སྒྲོག་བཞིན་ཕྱིར་བུད་སོང་ལ། དེ་ནས་ཅང་མ་འགོར་བར་རུ་ཁག་སོ་སོ་ནས་ཡོང་བའི་རུ་མི་དག་གིས་ཀྱང་རང་རང་གི་རྟ་དྲེལ་བོང་གསུམ་ལས་གྲུབ་པའི་ཤིང་རྟ་འཁོར་ལོའི་དཔུང་ཚོགས་ལ་ཁ་ལོ་བསྒྱུར་ནས་སློབ་གྲྭའི་སྟོད་སྨད་ཀྱི་ཕྱོགས་གཉིས་སུ་ཆད་སོང་སྟེ། དེ་ནས་རུ་ཁག་སོ་སོར་འགྲོ་སའི་ལམ་དུ་ཞུགས་པས། སློབ་གྲྭའི་ཁོར་ཡུག་ནི་གློ་བུར་ཅུང་ལྷིང་འཇགས་སུ་གྱུར།
ཕྱི་དྲོའི་དུས་སུ། སློབ་གཙོ་དང་ལས་རོགས་དགེ་རྒན་ཟུང་གིས་སློབ་མ་རྣམས་རྩ་འཛུགས་བྱས་ནས་རང་རང་གི་སྒྲོག་ཙེ་དང་རྐུབ་སྟེགས་ལས་གཞན། སློབ་ཁང་ལས་སྒེའུ་ཁུང་གི་ཤེལ་སྒོ་སོགས་ཀྱང་བྱི་དོར་བྱེད་དུ་བཅུག་པར། སློབ་ཁང་སོ་སོ་ནི་སྔོན་ཆད་ལས་ལྡབ་ཀྱིས་གྲ་ཇེ་དག་དང་ནང་ཇེ་གཙང་ལ་སོང་ཡོད། དེར་བརྟེན་དགེ་སློབ་ཀུན་གྱི་སེམས་སུ་སྔར་མེད་ཀྱི་སྤྲོ་དགའ་དང་གདོང་ལ་ཡིད་ཚིམས་པའི་འཛུམ་མདངས་རྒྱས་བྱུང་།
སྤྲོ་སེམས་ཡོད་ཚེ་བྱ་བ་ཅི་དང་གང་ཞིག་བསྒྲུབས་ཀྱང་སྤོབས་པས་ཁེངས་འགྲོ་བས། བརྩོན་འགྲུས་རྒྱ་མཚོ་དང་ཀྲང་ཅན་གཉིས་ཀྱིས་བོད་ཡིག་དང་རྒྱ་ཡིག་སློབ་ཁྲིད་བྱེད་དུས་ཀྱི་སྐད་མགོ་ཧ་ཅང་མཐོ་ལ། སློབ་མ་ཚོས་ཀློག་འདོན་བྱེད་པའི་སྒྲ་ཡང་སྔོན་ཆད་དང་བསྡུར་ན་མཐོ་ཞིང་མཉམ་ལ་འགྱུར་ཁུགས་ཀྱིས་ཁྱོགས་པ་ཞིག་ཏུ་གྱུར་སྣང་ངོ་།།
གངས་ལྷ་མེ་ཏོག་གིས་རྣ་བྱང་ལ་སོང་བའི་ཀློག་འདོན་གྱི་སྒྲ་དེ་ལ་ཉན་ཞོར་ངོ་གདོང་འཛུམ་གྱིས་ཁེངས་བཞིན་ལྷས་གོང་མར་ཡོང་ལ། མཐུད་ནས་ཙན་དན་དཀར་པོའི་སྡོང་བོ་ཆེན་པོ་དེའི་འོག་ཏུ་ངལ་ཡུད་ཙམ་གསོས་རྗེས། ཐད་ཀར་རང་གི་ཉལ་ཁང་དུ་འཛུལ། ད་ལྟ་ཉལ་ཁང་གི་སྒེའུ་ཁུང་ནར་མོའི་བར་སྤྲད་པའི་ཤེལ་སྒོ་དག་ནི་གསར་བ་གསར་རྐྱང་དུ་བརྗེས་ཡོད་པས། ཁང་བའི་ནང་གི་དཀར་ཆ་ཧ་ཅང་གསལ། མོས་དེ་རིང་ཐོ་འགོད་དུ་ཡོང་བའི་ན་གཞོན་དེ་དག་གི་རུས་མིང་དང་ལོ་ཚོད། ཁྱིམ་བདག་གི་མིང་སོགས་ལ་བལྟས་རྗེས་རིམ་བཞིན་བསམ་གཞིག་གི་ཀློང་དུ་འཁྱམས། དངོས་གནས་སློབ་གྲྭ་རུ་ཡོད་དུས། དགེ་རྒན་དང་མགོ་ཁྲིད་ཚོས་ནམ་རྒྱུན་མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན། ཐོག་མར་སློབ་གསོ་འཛིན་དགོས་ཟེར་བ་ནི་ལེགས་བཤད་རྨ་མེད་པ་ཞིག་ཡིན་འདུག་སྟེ། ཨ་ཕ་ལ་ཆ་བཞག་ནའང་ཆུང་དུས་སློབ་གསོ་མྱངས་པའི་དྲིན་ལ། ཕ་མ་གཉིས་ཀ་གྲོང་ཁྱེར་དུ་གློ་བུར་འདས་པའི་གཞོན་ནུ་ཁེར་རྐྱང་ཞིག་ནས་ས་ཆ་འདིའི་དགེ་རྒན་ཕལ་བ་ཞིག་ཏུ་གྱུར་ལ། ཁོས་ཕལ་བའི་ལས་གནས་དེ་རུ་ལྷག་བསམ་དཀར་པོས་བརྩོན་པ་བསྐྱེད་པས། རྫོང་འདིའི་ས་ཆ་སྡུག་པོ་འདི་རུ་སློབ་གསོའི་ས་བོན་བཏབ། ཕྱིས་སུ་ས་ཆ་འདིའི་སློབ་གསོ་ལ་དར་རྒུད་སྣ་ཚོགས་བྱུང་ཡང་།
སློབ་གྲྭ་ཡོད་པའི་རྐྱེན་གྱིས་སློབ་གསོའི་མཚམས་མ་ཆད་ལ། སློབ་གསོའི་མཚམས་མ་ཆད་པས། ཨ་ཕས་དང་ཐོག་སྐྱེད་སྲིང་བྱས་པའི་སློབ་མ་བཞི་ལྔ་ཞིག་མགོ་ལོག་ཕྱོགས་སུ་ལས་བྱེད་ནང་བླངས་ཏེ་བྱ་བ་བསྒྲུབས་སུ་ཕྱིན་སོང་། དུས་ཕྱིས་ཀྱི་དགེ་རྒན་འགའ་རེས་སྐྱེད་སྲིང་བྱས་པའི་ན་གཞོན་མིང་ཐོ་བཀོད་ཡོད་པ་འདི་དག་ལས་སྐོར་ཞིག་ལའང་། ད་རེབ་གོ་སྐབས་ཐོབ་ནས་གྲོང་ཁྱེར་ལ་བྱ་བ་བསྒྲུབ་ཏུ་འགྲོ་ཐུབ་ངེས། ཚུལ་འདི་དག་ལས་ཀྱང་ཤེས་ལྡན་པ་སྐྱེད་སྲིང་བྱས་ཚེ་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་ར་སྤྲོད་བྱས་འདུག ད་ནི་ཇི་ལྟར་སློབ་གསོ་བཟུང་ནས་ཤེས་ལྡན་པ་སྐྱེད་སྲིང་བྱེད་པའི་འགན་ལྕི་མོ་དེ་རང་སྟེང་དུ་བབས་ཡོད་པས། རང་གིས་གང་ལྟར་བསྒྲུབ་ན་ཕན་འབྲས་ངེས་ཅན་ལེན་ཐུབ་བམ། གོང་རིམ་ནས་ཁྱབ་གདལ་སློབ་གསོ་འཛིན་དགོས་ཟེར་བའི་འགན་ཁུར་དེ་ང་ཚོ་དགེ་རྒན་དག་གིས་འགྲུབ་པར་བྱེད་ནུས་སམ། ཁ་སང་བརྩོན་འགྲུས་རྒྱ་མཚོས་གླེངས་པའི་དམངས་སྒྲུབ་དགེ་རྒན་ལ་སྐྱ་ཐིག་བརྒྱབ་ཡོད་པ་ལས། མང་ཆེ་བའི་རུས་མིང་མིག་སྔུན་གྱི་ཤོག་བུ་འདིའི་སྟེང་དུ་ཡོད་པས། ཁོ་ཚོ་ཚང་མ་འགྲོ་ཐུབ་པ་བྱུང་ན། ཡན་ལག་སློབ་ཆུང་གི་དམངས་སྒྲུབ་དགེ་རྒན་དག་གང་ནས་བཙལ་ལམ། རང་གིས་ད་ལོ་མཐར་ཕྱིན་པའི་སློབ་མའི་ནང་འགའ་ཞིག་མིག་ཐིག་ལ་བླངས་ཡོད་པ་དེ་དག་གིས་འགན་ཁུར་ལྕི་མོ་འདི་ཐེག་ངེས་སམ།
རང་སེམས་ལ་གནོན་ཤུགས་བར་མེད་སྟེར་བའི་དྲི་བ་མང་བོ་ཞིག་ནི་རྒྱ་མཚོའི་རླབས་ལྟར་གཅིག་འཇགས་གཅིག་ལངས་ཀྱི་ཚུལ་དུ་ཡིད་ངོར་ཤར་ཡོང་བས། མོར་སྔོན་ཏག་ཏག་ལ་བྱུང་མྱོང་བའི་དགའ་སྤྲོའི་སེམས་འགྱུ་མཐའ་དག་སྡུག་བསྔལ་གྱི་ངོ་བོར་བསྒྱུར་པས། ཕར་སོང་ནས་མལ་ཁྲིའི་སྟེང་ལོག་ནས་སྡོད་དགོས་བྱུང་།
མཚམས་དེར་སློབ་གྲྭ་གྲོལ་པའི་ཅོང་བརྡ་གྲགས་བྱུང་བས། ཅང་མ་འགོར་བར་སློབ་མ་དག་གི་འུར་སྒྲ་ཡང་ལྷས་ཞོལ་མ་ནས་གོང་མར་མཆེད་ཡོང་ལ། དེ་ནས་དུས་ཡུན་རིང་བོ་ཞིག་མ་འགོར་བར་རིམ་བཞིན་ཞི་འཇགས་སུ་ཕྱིན། དོ་དགོང་བརྩོན་འགྲུས་རྒྱ་མཚོ་དང་ཀྲང་ཅན་གཉིས་ཀའང་ཁྱིམ་དུ་ལྡོག་རྩིས་ཡོད་པ་འདྲ། སྔ་ཕྱི་བྱས་ནས་སྒོ་མོ་ཁྲོག་གེར་བརྒྱབ་རྗེས་ལྷས་ཞོལ་མའི་ཕྱོགས་སུ་འགྲོ་བའི་གོམ་སྒྲ་ཐོས་ཡོང་བས། གངས་ལྷ་མེ་ཏོག་ལ་ཁེར་རྐྱང་གི་ཚོར་བ་ཞིག་དབང་མེད་དུ་སྐྱེས་བྱུང་།
ཚོར་བ་དེ་བརྒྱུད་ནས་མོ་མུ་མཐུད་དུ་བསམ་གཞིག་གི་ཀློང་དུ་བྱིངས། ད་རེབ་མི་བཅུ་ལྷག་གིས་མིང་ཐོ་བཀོད་འདུག་ཀྱང་། ཁོ་ཚོ་ཚང་མས་རྒྱུགས་འཕྲོད་པའི་ངེས་པ་མེད། ཡང་གཅིག་བཤད་ན་རྒྱུགས་འཕྲོད་ཚེ་ངེས་པར་འགྲོ་རུ་འཇུག་དགོས་ཏེ། མི་སུ་ཡིན་ཡང་མདུན་ལམ་ལ་གནོད་པ་བཏང་ན་མི་འགྲིག ཁ་ཁེར་ཞིག་གིས་རྒྱུགས་འཕྲོད་ཀྱང་ཁྱིམ་ཚང་གིས་གཏོང་མིན་མི་ཤེས་པས། རང་ཅག་ལ་གདམ་གསེས་བྱེད་རྒྱུ་ཡོད་ཀྱང་སྲིད། ཡོད་ཚེ་དེའི་ཁར་མཐར་ཕྱིན་སློབ་མ་གསར་བས་ཁ་གསབ་བརྒྱབ་ཚེ་དགེ་རྒན་ལོངས་ངེས་ཅན་ཡིན། གསར་ཐོན་སློབ་མ་དེ་དག་ཅུང་ཞན་ནའང་། ལོ་རིམ་དང་པོ་དང་གཉིས་པ་ལ་སློབ་ཁྲིད་བྱེད་ཐུབ་ངེས། མི་ཐུབ་ཚེ་མུ་མཐུད་དུ་སྐྱེད་སྲིང་བྱས་ན་འགྲིག གང་དུ་ལོག་ས་ནས་ཡར་ལངས་སུ་བཅུག་ན་བཟང་། བརྩོན་འགྲུས་རྒྱ་མཚོ་བཞིན་དུ་སྐྱེད་སྲིང་བྱས་ན་བཟང་། ཕྱོགས་སོ་སོ་ནས་ཧུར་བརྩོན་བྱས་ནས་སྐྱེད་སྲིང་བྱས་ན་བཟང་།
རྒྱང་རིང་ནས་རྒྱང་འབུད་ཀྱི་སྒྲ་ཞིག་བྲག་ཅར་བསྡོངས་ནས་སློབ་གྲྭའི་མཁའ་ལམ་དུ་འཁྱིལ་འོངས། སྒྲ་དབྱངས་དེ་ནི་སེམས་གསོའི་རིལ་བུ་ཞིག་དང་འདྲ་སྟེ། གངས་ལྷ་མེ་ཏོག་གི་བསམ་གཞིག་དང་བསྟུན་ནས་སྤྲིན་བྲལ་གནམ་དྭངས་ཀྱི་ཚོར་བ་ཞིག་སེམས་ཀྱི་གྲུ་ཟུར་གང་རུང་དུ་རྩ་བ་ཚུགས་ཤིང་འདབ་ལག་རྒྱས་པར་བརྟེན། མོ་ནི་རང་དབང་མེད་པར་མལ་ཁྲི་ལས་ལངས་ཏེ་རིམ་བཞིན་སློབ་གྲྭའི་སྒོ་ཁར་བུད།
དངོས་གནས་རང་ཉིད་ཀྱི་ཚོད་དཔག་ནི་ཅུང་ཙམ་ཡང་ནོར་མི་འདུག་སྟེ། རང་གི་ཆུང་དུས་ཀྱི་རྩེད་རོགས་དེས། ཕ་ཡུལ་སྒོར་ཐང་ལ་འགྲོ་སའི་གྲམ་པའི་ཕར་ངོགས་ཀྱི་བྲག་ཐོ་བུམ་པ་འདྲ་བ་དེའི་སྟེང་དུ་ཁ་སློབ་གྲྭ་དང་རང་ཉིད་ཀྱི་ཕྱོགས་སུ་འཁོར་ནས་དིང་གླིང་འབུད་ཀྱིན་འདུག རྒྱང་འབུད་ཀྱི་དབྱངས་ལ་སྦྱར་ནས་དིང་གླིང་འབུད་ཀྱིན་འདུག ཉི་ཟེར་གྱི་ཀློང་དུ་དིང་གླིང་འབུད་ཀྱིན་འདུག
7
སློབ་སྐབས་གསར་བ་ཞིག་གི་མགོ་ཡང་བསྐྱར་བརྩམས་བྱུང་། སློབ་སྐབས་མགོ་རྩོམ་པའི་ཉིན་མོ་དེར། ཤར་ལུང་ཚོ་དྲུག་སློབ་ཆུང་གི་ལོ་རིམ་གསུམ་པའི་ཡན་གྱི་སློབ་མ་ཁ་ཚང་སློབ་གྲྭའི་སྒོ་ཆེན་མདུན་གྱི་སོ་མ་འགྲུབ་པའི་རྩལ་སྦྱོང་ར་བར་འཛོམས་ཡོད་པར་མ་ཟད། རུ་ཁག་སོ་སོར་གསར་དུ་སློབ་མགོ་བརྩམ་རྒྱུ་ཡིན་པའི་ལོ་རིམ་གཉིས་པའི་མན་གྱི་སློབ་མ་ཆུང་ངུ་དེ་དག་ཀྱང་། ལོ་ན་མི་མཉམ་པའི་རང་སའི་དགེ་རྒན་གྱིས་ཁྲིད་ནས་གནས་དེ་གར་འཛོམས་ཡོང་། དེ་རིང་གི་མཛད་སྒོའི་སྟེང་དུ་རུ་ཆེན་གཉིས་ཀྱི་ཧྲུའུ་ཅི་ཟུང་དང་རུ་ཁག་སོ་སོའི་རུ་གཙོ་སོགས་ཀྱང་བོས་ཡོད་པས། ཁོ་ཚོ་ཡང་སྔ་མོ་ནས་སླེབས་འདུག ཡན་ལག་སློབ་གྲྭ་སོ་སོའི་མིང་ཐོ་ལས་གསལ་བ་ལྟར་ན། སློབ་མ་གསར་བ་ཞུགས་པའི་གྲངས་ཚད་ནི་སློབ་སྐབས་སྔོན་མ་ལས་རབ་ཅིག་འཕར་ཟིན་པས། སློབ་གཙོ་གངས་ལྷ་མེ་ཏོག་ནི་ཉིན་འདི་དག་རིང་སྔ་མ་གསུམ་གྱི་སྔོན་མ་བྱས་ནས་ཡོང་སྟེ། དོན་དེ་རྒྱུས་ལོན་བྱུང་བས་དགའ་བ་ཁོང་དུ་མ་ཆུད་པར་ཡོད། ད་ལྟ་ཁོ་ཚོས་སློབ་མ་ཆེ་བ་རྣམས་དཀྱིལ་དང་ཆུང་བ་རྣམས་མཐའ་གཉིས་ལ་བསྒྲིགས་སུ་བཅུག་ཅིང་། ཁ་སློབ་གྲྭའི་སྒོ་ཆེན་ཕྱོགས་སུ་བསྐོར་ནས་སློབ་སྐབས་གསར་བ་མགོ་རྩོམ་པའི་མཛད་སྒོ་སྤེལ་རྩིས་བྱེད་བཞིན་མཆི། སློབ་མའི་རུ་དཔུང་གི་མདུན་ཐད་དུ་སྒྲོག་ཙེ་བསྟར་ཕྲེང་གཅིག་ཡོད་སར་སློབ་གཙོ་ཐེ་བའི་དགེ་རྒན་བཅུ་ཙོག་འདུག་ལ། སློབ་གཙོ་ནི་ཁོ་ཚོའི་དཀྱིལ་དབུས་སུ་བསྡད་ཡོད་ཅིང་། མོ་ལས་དགེ་རྒན་གཞན་ཡོད་ཚད་ནི་སྐྱེས་པ་རྐྱང་རྐྱང་ཡིན་པས། སྐྱེས་པ་དགུ་པོས་མོ་གཅིག་པུ་བཙིར་ནས་བསྡད་འདུག་འདྲའི་སྣང་བ་སྦྱིན་འོངས།
ཆུ་ཚོད་དགུ་པའི་སྟེང་མཛད་སྒོ་དངོས་སུ་བསྟར་པ་ལ། ཐོག་མར་སློབ་གཙོ་གངས་ལྷ་མེ་ཏོག་ཡར་ལངས་ནས་སློབ་སྐབས་གསར་བ་མགོ་བརྩམས་ཚུལ་བསྒྲགས་པ་དང་། དེ་ནས་རྒྱལ་གླུ་གྲགས་སུ་བཅུག་པའི་སྒྲ་དབྱངས་ཁྲོད་དུ། དམར་ཆུང་དམག་གི་རུ་གཙོ་ཡིས་སློབ་གྲྭའི་སྒོ་ཆེན་ཀླད་ནས་རྒྱལ་དར་དལ་བ་དལ་བུར་སྒྲེང་མགོ་བརྩམས། རྒྱལ་གླུ་གྲགས་མ་གྲགས་ཀྱི་མཚམས་སུ། དགེ་རྒན་དག་ཀྱང་ཡར་ལངས་ནས་རྒྱལ་དར་སྒྲེང་བའི་རྣམ་པར་ལྟ་བཞིན་མཉམ་པོར་རྒྱལ་གླུ་བླངས་སོང་། གཟབ་རྒྱས་ཆེ་བའི་ཚན་པ་དེ་མཇུག་བསྒྲིལ་མ་ཐག དགེ་རྒན་གཞན་པ་རྣམས་མར་ཙོག་པར། སློབ་གཙོ་གངས་ལྷ་མེ་ཏོག་སྔར་ལྟར་ལངས་བསྡད་དེ“འདི་ནས་ཐོག་མར་ངས་ཚང་མར་དགེ་རྒན་ཚོ་མཚམས་སྦྱོར་ཞིག་བྱེད། དགེ་རྒན་སུའི་མིང་བོས་ན་དེ་ཡར་ལངས་ནས་སློབ་མ་ཚོར་གུས་འདུད་བྱོས་ཤིག”ཅེས་སྨྲས་འཕྲལ། སྐད་མགོ་སྔར་ལས་ཇེེ་མཐོར་བཏང་ནས“ལི་ཆིན་ཧོ། ལོ་སོ་ལྔ། ལོ་རིམ་ལྔ་པའི་འཛིན་བདག་ཡིན། ཀྲང་ཅན། ལོ་ཉེར་གཅིག ལོ་རིམ་བཞི་པའི་འཛིན་བདག་ཡིན། བརྩོན་འགྲུས་རྒྱ་མཚོ། ལོ་བཅུ་དགུ། ལོ་རིམ་གསུམ་པའི་འཛིན་བདག་ཡིན། དགེ་རྒན་འདི་གསུམ་པོ་རྒྱུན་དུ་སློབ་གྲྭ་འདིར་ཡོང་དགོས། ཁོ་ཚོའི་སློབ་མ་དག་ཀྱང་སློབ་གྲྭ་འདིར་ཡོང་དགོས། ཡོང་ནས་སློབ་གྲྭའི་སྒྲིག་ལམ་བརྩི་དགོས”ཞེས་བཤད་པ་དང་། དེ་ནས་དགེ་སློབ་ཡོངས་ལ་བལྟས་ཙམ་བྱས་རྗེས“ཞོལ་ནས་ངས་ཡན་ལག་སློབ་གྲྭའི་དགེ་རྒན་ཚོ་ངོ་སྤྲོད་ཅིག་བྱེད། བསོད་ནམས་རྒྱལ། ལོ་ཉེར་ལྔ། ར་ཆག་ནང་རུ་ཁག་གི་དགེ་རྒན་ཡིན། ལྷ་མཆོག ལོ་ཉེར་གཉིས། སྒོ་ར་རུ་ཁག་གི་དགེ་རྒན་ཡིན། བྱམས་པ་ཚེ་རིང་། ལོ་བཅོ་ལྔ། ཐང་རྔ་རུ་ཁག་གི་དགེ་རྒན་ཡིན། བློ་བཟང་། ལོ་བཅོ་ལྔ། ནག་རྒྱ་རུ་ཁག་གི་དགེ་རྒན་ཡིན། རིན་ཆེན་དོན་གྲུབ། ལོ་ཉི་ཤུ། ཆུ་བཟང་སྐེ་རུ་ཁག་གི་དགེ་རྒན་ཡིན། ཡི་དམ་སྐྱབས། ལོ་བཅུ་བཞི། སྒོར་ཐང་རུ་ཁག་གི་དགེ་རྒན་ཡིན། དགེ་རྒན་འདི་དྲུག་པོས་རུ་ཁག་སོ་སོ་རུ་ཡན་ལག་སློབ་གྲྭ་དག་ལ་དོ་དམ་དང་སློབ་མ་ཚོར་སློབ་ཁྲིད་བྱེད་དགོས། རང་རང་སར་འགན་ཐེག་དགོས། འདིར་བཤད་རྒྱུ་ཞིག་ལ་དགེ་རྒན་འདི་ཚོ་ནི་མང་ཚོགས་ཀྱིས་འོས་སྦྱོར་བྱས་པ་དང་། རུ་ཁག་སོ་སོ་ཡི་རུ་གཙོས་བློར་བབས་ལ། ད་དུང་ང་ཚོ་དགེ་རྒན་ཚོས་རྒྱུགས་བླངས་ནས་བདམས་ཐོན་བྱུང་བ་ཡིན་པས། ང་ཚོ་ཁྱོད་ཅག་ལ་ཡིད་ཆེས་ཡོད། འདི་དག་ལས་གསུམ་ནི་དེ་སྔོན་ཟི་ལིང་གི་པར་ཁང་ལ་རྒྱུགས་འཕྲོད་ཀྱང་ཁྱིམ་བདག་གིས་འགྲོ་རུ་མ་བཅུག་པ་དེ་ཚོ་ཡིན་ལ། གསུམ་ནི་ན་ནིང་དོ་ཚིགས་སློབ་ཆུང་འདི་རུ་མཐར་ཕྱིན་མ་ཐག་པའི་ཕུལ་བྱུང་སློབ་མ་ཚོ་ཡིན། ཕྱི་མ་ཚོར་མཚོན་ན་ལོ་ཆུང་བར་བརྟེན། ཐོག་མར་དཀའ་ཁག་སྣ་ཚོགས་ལ་འཕྲད་ངེས་ཀྱང་། ཁྱོད་ཚོའི་རྒྱབ་དཔུང་དུ་སློབ་གྲྭ་འདི་ཡོད།དགེ་རྒན་ཚོ་ཡོད། མང་ཚོགས་ཡོད། རུ་ཁག་གི་མིང་བཏགས་ཚོ་ཡོད། དེའི་རྐྱེན་གྱིས་ནམ་ཡིན་ཡང་ཕམ་མི་རུང་། ཕྱི་བཤོལ་བྱེད་མི་རུང་། འཇིགས་པ་མེད་པར་སྔོན་ལ་བསྐྱོད་དགོས། ཁྱོད་ཚོས་ཤེས་རྒྱུ་ཞིག་ཡོད་པ་ནི་གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན་མོར་སློབ་མ་ཚོ་ཁྲིད་ནས་སློབ་གྲྭ་འདིར་ཡོང་དགོས། ཕན་ཚུན་གཤིབ་སྡུར་བྱས་ནས་ཆད་པའི་ཆ་ཡོད་ཚད་དུས་ལྟར་ཁ་གསབ་བྱས་ཏེ། སློབ་མ་ཚོའི་ཆུ་ཚད་དོ་མཉམ་པོར་གཏོང་དགོས”ཞེས་བཤད་རྗེས། ཕྱོགས་ཀུན་མིག་ཉུལ་ཞིག་བྱས་པར།རང་གི་གཡས་གཡོན་གྱི་དགེ་རྒན་དང་མདུན་ངོས་ཀྱི་སློབ་མ་ཚོ། ད་དུང་སློབ་མ་དག་གི་རྗེས་སུ་ལངས་འདུག་པའི་རུ་གཙོ་སོགས་ཀྱིས་འཇམ་ཅག་གེར་ཉན་འདུག་པའི་རྣམ་པ་མཐོང་བས། མོས་གཟབ་ནན་ངང“སློབ་གྲྭ་ཞིག་ལ་མཚོན་ན་གཙོ་བོ་སློབ་སྦྱོང་དང་སྒྲིག་ལམ་འཛིན་དགོས། ཡན་ལག་སློབ་གྲྭའི་དགེ་རྒན་ཁྱོད་ཚོ་དེ་རིང་ནས་བཟུང་སྟེ་ངལ་རྩོལ་པའི་དཔུང་སྡེ་ནས་བུད་པ་ཡིན། དགེ་རྒན་གྱི་དཔུང་སྡེའི་ནང་ཞུགས་པ་ཡིན། དགེ་རྒན་ཡིན་ན་ཡོན་ཏན་དགོས། ཡོན་ཏན་འབྱོར་བ་ལ་སློབ་སྦྱོང་བྱེད་དགོས། དགེ་རྒན་བརྩོན་འགྲུས་རྒྱ་མཚོར་སློབ་སྦྱོང་བྱས་ནས་ཤེས་བྱ་ཡོན་ཏན་སྦྱང་དགོས། རང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དེའི་འཕྲོར་སློབ་མ་ཚོར་སྒྲིག་ལམ་བཅའ་རྒྱུ་བརྗེད་མི་ཉན་ལ། རང་གིས་སྒྲིག་ལམ་བརྩི་རྒྱུའང་བརྗེད་མི་རུང་། དོན་དག་གལ་ཆེན་ཡོད་ཚེ་རུ་གཙོ་ལ་གནང་བ་ཞུ་དགོས། སློབ་མ་ཚོའི་སློབ་སྦྱོང་ལ་དལ་འགོར་བྱེད་མི་རུང”ཞེས་བརྗོད་ཞོར་སླར་ཡང་དགེ་སློབ་ཚང་མར་བལྟས་ཙམ་བྱས་འཕྲལ། སྐད་མགོ་སྔར་ལས་ཇེ་མཐོར་བཏང་ནས“སློབ་མ་ཚོར་མཚོན་ནའང་སྔོན་ཆད་ལྟར་སློབ་སྦྱོང་ཕྱོགས་སུ་འགྲོ་ཐབས་འདུག་ཐབས་བྱས་ས་མི་འགྲོ། ང་ཚོས་སློབ་ཁྲིད་འཆར་གཞི་ཁ་ཚང་ཞིག་ལས་ཡོད་པས། དེའི་ནང་ལྟར་བསྒྲུབ་རྒྱུ་ཡིན། སློབ་སྦྱོང་ལ་ཞན་པ་ཚོ་སློབ་གྲྭ་གྲོལ་རྗེས་འགོག་རྒྱུ་ཡིན། དྲོས་ཇའི་སྐབས་སུའང་ཟུར་ཁྲིད་བྱེད་རྩིས་ཡོད། ཁྱོད་ཚོ་ལ་རང་རེའི་སློབ་གྲྭའི་ནང་མིག་དཔེ་བལྟ་ས་མེད་པ་མིན་ཏེ། ད་ལྟའི་ལོ་རིམ་ལྔ་པའི་སློབ་མ་བསོད་ནམས་དར་རྒྱས་དང་དཔལ་ཆེན། ལོ་རིམ་བཞི་པའི་སློབ་མ་གནམ་གོ་དང་བཀྲ་ཤིས་འབུམ་སོགས་སུ་ཡིན་ཡང་མིག་དཔེར་བཟུང་ཆོག ཁོ་ཚོ་ནང་བཞིན་དུས་ཚོད་དམ་འཛིན་བྱེད་དགོས། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས། ལྷག་པར་བསྐྱར་བཤད་བྱ་རྒྱུ་ཞིག་ལ་སློབ་མའི་སྒྲིག་ལམ་གྱི་སྐོར་ཡིན། ན་ནིང་ལོ་ཧྲིལ་པོར་བཤད་པས་ཁྱོད་ཚོ་སུན་བཞིན་ཡོད་ནའང་དོན་འདི་ངེས་པར་བཤད་དགོས། ཡང་ཡང་བཤད་དགོས། སྒྲིག་ལམ་ཐད་ཚབས་ཆེ་བ་ནི་སློབ་བྱོལ་བྱེད་མཁན་འགའ་རེ་ཡོད་པ་དང་། སློབ་གྲྭ་གྲོལ་ཚེ་རུ་ཁག་རུ་ཁག་བྱས་ནས་རྡོ་འཛིང་བྱས་འགྲོ་བ་དེ་རེད། སྔ་མ་ལས་སུ་ཞིག་མ་ཡོང་ན་ང་ཚོས་དུས་ལྟར་ཁྱིམ་བདག་ལ་ཡི་གེ་བསྐུར་རྒྱུ་ཡིན། རུ་ཁག་ནང་ཕ་མའི་ངལ་རྩོལ་གྱི་སྐར་གྲངས་གཅོག་ཏུ་འཇུག་རྒྱུ་ཡིན། ཕྱི་མ་ལ་མཚོན་ན་སློབ་གྲྭའི་གོང་དུ་ར་ཆག་ནང་དང་སྒོ་ར་ཕྱོགས་གཅིག་དང་། ནག་རྒྱ་དང་ཆུ་བཟང་སྐེ་ཕྱོགས་གཅིག་བྱས་ནས་རྡོ་འཛིང་བྱེད་བཞིན་འདུག སློབ་གྲྭའི་སྨད་དུའང་སྒོར་ཐང་དང་ཐང་རྔ་ཡི་སློབ་མ་ཚོའི་བར་དུའང་དེ་ལྟར་བྱེད་བཞིན་ཡོད། རྡོ་གཟུ་མོ་མགོ་ལ་ཁེལ་ནས་བསད་སོང་ན་སུས་འགན་འཁུར་རྒྱུ་ཡིན། རང་རང་གིས་འགན་འཁུར། ཁྱིམ་བདག་གིས་འགན་འཁུར།སྐད་ཆ་འདི་རུ་གཙོ་ཀུན་གྱི་སེམས་ལ་འཛིན་རོགས། ཁྱིམ་བདག་རྣམས་ལ་གོ་རུ་འཇུག་རོགས། ང་ལ་བཤད་རྒྱུ་ཞིག་ཡོད་པ་ནི་དེ་ཚོ་ཡིན”ཞེས་བཤད་ཚར་འཕྲལ་གཞི་ནས་མར་ཙོག
སློབ་གཙོ་གངས་ལྷ་མེ་ཏོག་མར་ཙོག་རྗེས་གཡས་གཡོན་གྱི་དགེ་རྒན་རྣམས་ལ་གཏམ་བཤད་རྒྱུ་ཡོད་མེད་དྲིས་སོང་བར། ཁོ་ཚོས་མགོ་བོ་གཡུག་གཡུག་བྱས་ནས་ཅང་མེད་ཚུལ་གྱི་བརྡ་བསྟན་བྱུང་བ་ལ། མོ་ཡང་བསྐྱར་ཡར་ལངས་རྗེས“སློབ་སྐབས་གསར་བ་མགོ་རྩོམ་པའི་མཛད་སྒོ་མཚམས་འདིར་མཇུག་རྫོགས་པར་བྱ། རུ་གཙོ་རྣམས་རྗེས་སུ་ཅུང་ཙམ་སྡོད་ཅིག ཡན་ལག་སློབ་ཆུང་གི་དགེ་སློབ་རྣམས་ཕྱིར་སོང་ཆོག”ཅེས་སྨྲས་པར། སློབ་མའི་རུ་དཔུང་དེ་ནི་གད་པ་ཕྱོགས་སུ་ཉིལ་བ་ལྟར་སྐད་ཅིག་མར་གང་སར་ཐོར།
སློབ་མ་ཚོ་ཐོར་ཤུལ་དུ། དགེ་རྒན་དག་དང་རུ་གཙོ་རྣམས་སློབ་གྲྭའི་སྒོ་ཆེན་ནང་སྔ་ཕྱི་བྱས་ནས་འཛུལ་ལ། ཡན་ལག་སློབ་གྲྭའི་དགེ་རྒན་ཚོས་སློབ་མ་ཆུང་བ་རྣམས་གྲལ་བསྒྲིགས་སུ་བཅུག་ནས་རང་རང་སར་ཁྲིད་སོང་བར། སློབ་གྲྭའི་སྒོ་ཆེན་མདུན་གྱི་རྩལ་སྦྱོང་ར་བ་གསར་བའི་ནང་གངས་ལྷ་མེ་ཏོག་དང་རུ་ཆེན་གྱི་ཧྲུའུ་ཅི་གཉིས་བཅས་ཤུལ་དུ་ལུས། དེར་ལྕགས་ཐར་གྱིས“དངོས་གནས་མཛད་སྒོ་ཡག་པོ་ཚོགས་ཐལ། གཏམ་ཡག་པོ་བཤད་ཐལ། ཁྱོད་དགེ་རྒན་བྱས་ནས་ལོ་གཅིག་ལས་མ་འགོར་བར་ཁ་ལྕེ་འདི་འདྲ་སྦྱངས་སོང་བས། རྗེས་སུ་དཔོན་པོའི་གོ་ས་མཐོ་ནས་མཐོ་རུ་འགྲོ་ངེས། རང་གི་ཨ་ཕ་ལས་ཀྱང་མཐོ་བའི་གོ་ས་ལོན་ངེས་རེད”ཅེས་ཀུ་རེ་དང་བདེན་གཏམ་འདྲེས་མར་བཤད་བྱུང་བ་ལ། གངས་ལྷ་མེ་ཏོག་དགོད་ཙམ་བྱས་རྗེས“ཁྱོད་གཉིས་ཚོགས་རར་ཡོད་ཚེ་ང་རང་བཞིན་གྱིས་འཚབ་འགྲོ། ད་ཅི་སྐད་ངག་འདར་བཞིན་པ་མ་ཚོར་རམ། འཚབ་དྲགས་པས་རུ་གཙོ་དག་ལས་གཞན། ཁྱོད་གཉིས་ཀའང་རྗེས་སུ་སྡོད་ཅེས་བཤད་རྒྱུ་ལུས་སོང”ཞེས་ལབ་རྗེས། ཡང་འཇམ་པོའི་ངག་གིས“ད་འུ་ཅག་མཉམ་པོར་ནང་དུ་འགྲོ། དམངས་སྒྲུབ་དགེ་རྒན་ཚོའི་ཟླ་ཕོགས་སོགས་རུ་ཁག་སོ་སོས་ཇི་ལྟར་འཁུར་བའི་ཆར་གྲོས་ཞིབ་མོ་བྱེད”ཟེར་བཞིན་ཁོ་གཉིས་སློབ་གྲྭའི་ནང་གདན་འདྲེན་ཞུས།
“ངེད་གཉིས་མི་འགྲོ་རྒྱུ་བྱེད། ཡན་ལག་སློབ་གྲྭའི་དམངས་སྒྲུབ་དགེ་རྒན་ཚོ་གཏན་ཁེལ་བྱེད་ཐུབ་པ་བྱུང་བས། ད་ནི་ཁྱོད་སེམས་བདེ་ལ་བབས་ཆོག ཁོ་ཚོའི་ཟླ་ཕོགས་ཀྱི་དོན་སོགས་རུ་གཙོ་དག་ལ་ནན་མོ་བྱས་ནས་བཤད་ཡོད། ཁོ་ཚོས་དང་ལེན་བྱེད་ངེས་ཡིན། ངེད་གཉིས་ད་དུང་སྒོར་ཐང་རུ་ཁག་གི་ཆུ་མཛོད་ལས་གནས་སུ་འགྲོ་དགོས་པས། ཁྱོད་ཚོའི་བྱ་བར་དལ་འགོར་མི་བྱེད།”
སངས་རྒྱས་སྐྱབས་ཀྱིས་དེ་སྐད་སྨྲས་མ་ཐག་ཕྱིར་འགྲོ་རྩིས་བྱས་བྱུང་།
“འོ། ངས་ཁྱོད་གཉིས་ལ་བཀའ་དྲིན་ཞུ་རྒྱུའང་བརྗེད་འདུག དབྱར་གནང་སྐབས་སུ་ཁྱོད་ཚོས་སྒོར་ཐང་ཆུ་མཛོད་ལས་རྒྱུ་གཞུག་ལ་བསྐྱུར་ནས‘ངལ་རྩོལ་ཆེད་ལས་རུ་ཁག’དྲངས་ཡོང་སྟེ་སློབ་གྲྭའི་རྩལ་སྦྱོང་ར་བ་ལས་པ་ཡིན། ད་ང་ཚོར་རྩལ་སྦྱོང་ར་བ་འདི་ལྟར་ཡངས་ཤིང་རྒྱ་ཆེ་ལ་བདེ་ཞིང་ཁོད་སྙོམས་པ་ཞིག་ཡོད་པས། རྗེས་སུ་མང་ཚོགས་ལ་དཀའ་ལས་བཟོས་ན་མི་འགྲིག‘དྲུག་གཅིག་བྱིས་པའི་དུས་ཆེན’དང‘མཐར་ཕྱིན་མཛད་སྒོ’གང་ཡིན་རུང་འདི་རུ་བསྒྲུབ་ཆོག མང་ཚོགས་དང་མཉམ་དུ་བསྒྲུབ་ཆོག སློབ་མ་ཚོར་འཁྲབ་སྟོན་བྱེད་དུ་བཅུག་ནའང་ཆོག་པ་ཡིན།”
གངས་ལྷ་མེ་ཏོག་གིས་བཀའ་དྲིན་ཞུ་བའི་དུས་མཚུངས་སུ། རྗེས་ཕྱོགས་ཀྱི་འཆར་གཞི་གསར་བ་དེ་ཡང་སྨྲས་འོངས།
“འཆར་གཞི་དེ་དངོས་གནས་བཟང་འདུག དེ་ལྟ་ན་སློབ་གྲྭ་དང་མང་ཚོགས་ཟུང་འབྲེལ་བྱེད་ཐུབ་པས། མང་ཚོགས་ཀྱི་བསམ་བློ་བཅིངས་འགྲོལ་བྱེད་པའི་ཆར་ཕན་པ་ཡོད་ངེས་ལ། སློབ་མ་སློབ་གྲྭར་འཇུག་པའི་ཆར་དེ་བས་ཀྱང་ཕན་པ་ཡོད་ངེས། འོ་ན་དེ་ལྟར་བྱེད། ངེད་གཉིས་འགྲོ་རྒྱུ་ཡིན། རྗེས་སུ་མཇལ་ཡོང་། ”
ལྕགས་ཐར་ཁོ་ཡང་ཆུ་མཛོད་ལས་གནས་སུ་འགྲོ་བར་བྲེལ་བཞིན་པ་འདྲ། ལག་པ་བསྲིངས་འོངས་ནས་གངས་ལྷ་མེ་ཏོག་ལ་ལག་འཇུ་ཞིག་བྱས་རྗེས། གྲོགས་པོ་སངས་རྒྱས་སྐྱབས་དང་མཉམ་དུ་སྒོར་ཐང་ལ་འགྲོ་སའི་ལམ་དུ་ཞུགས།
1976ལོའི་ཟླ9པའི་ཚེས1ཉིན། གཟའ་ལྷག་པ། གནམ་ངོ་དྭངས།
རུ་ཆེན་དང་རུ་ཁག་སོ་སོའི་མིང་བཏགས་རྣམས་ཀྱི་རྒྱབ་སྐྱོར་དང་། སློབ་གྲྭའི་དགེ་གྲོགས་ཚོའི་རོགས་རམ་འོག ད་ནི་ཡན་ལག་སློབ་གྲྭ་ཚང་མའི་དགེ་རྒན་ཚོ་གཏན་ཁེལ་བྱེད་ཐུབ་སོང་བས། རང་སེམས་བདེ་ལ་བབས་ཆོག་ཆོག་ཡིན།
ཡན་ལག་སློབ་གྲྭར་མཚོན་ན་རང་གིས་ཤར་ལུང་ཚོ་དྲུག་གི་རུ་ཁག་སོ་སོར་བརྟག་དཔྱད་ཡང་ཡང་བྱས་ཐོག སྔ་འདང་གཞུག་འདང་མང་དུ་བརྒྱབ་ཅིང་། བསམ་
འཆར་བརྗེ་རེས་མོད་པོ་བྱས་ནས་དངོས་སུ་བཙུགས་པ་ཡིན་པས། སློབ་གསོའི་འཐབ་ཕྱོགས་སྟེང་གི་གསར་གཏོད་ཅིག་ཏུ་བགྲང་ཆོག་པར་སྣང་བ་ལ། རྒྱལ་ཁ་ལེན་པ་ལས་ཕམ་ཁ་འཁུར་མི་རུང་།
ནམ་རྒྱུན་དོན་དག་གི་ཞིབ་ཕྲའི་ཆ་ལ་བསམ་བློ་གཏོང་དགོས་ཏེ། འདི་ནི་ཨ་ཕས་རང་ལ་རྒྱུན་དུ་གདམས་པའི་གདམས་ངག་གལ་ཆེ་བ་དེ་ཡིན་པས། དུས་ནམ་ཡང་བརྗེད་མི་རུང་།
ཡིད་ལ་ཟུངས་ཤིག རིག་བཟང་བུ་མོ།
“ཏིང་ཏིང་། ཏིང་ཏིང་། ཏིང་ཏིང་།”
སློབ་ཁྲིད་ཚོགས་པའི་བརྡ་བཏང་བྱུང་བས། གངས་ལྷ་མེ་ཏོག་ཀྱང་ཁ་ཕྱིར་འཁོར་ནས་སློབ་གྲྭའི་སྒོ་ཆེན་ནང་དུ་འཛུལ། དགེ་རྒན་གསུམ་པོས་རང་རང་གི་འཛིན་གྲྭའི་སློབ་མ་ཚོར་དཔེ་ཆ་དང་འབྲི་དེབ་གསར་བ་སོགས་སྟེར་བཞིན་པ་མཐོང་བས། མོས་ལྷས་གོང་མར་རང་ཉིད་ལ་བསྒུགས་འདུག་པའི་རུ་གཙོ་རྣམས་ཁྲིད་དེ་ཚོགས་ཁང་ནང་དུ་ཕྱིན།
ཁོ་ཚོས་ཐོག་མར་ཡན་ལག་སློབ་གྲྭའི་དམངས་སྒྲུབ་དགེ་རྒན་ཚོར་ཟླ་རེར་ཟླ་ཕོགས་སྒོར་བཅོ་ལྔ་སྟེར་རྒྱུ་གཏན་ཁེལ་བྱུང་ལ། དེ་ནས་ངལ་རྩོལ་ཐོབ་སྐར་ཉིན་རེར་ཅི་ཙམ་སྟེར་བའི་ཆ་ལ་གྲོས་བྱས། ལ་ལས་སློབ་གྲྭ་གལ་ཆེ་བས་མཐོན་པོ་སྟེར་དགོས་ཚུལ་གླེངས་བྱུང་ལ། འགའ་རེས་དགེ་རྒན་གྱི་ལས་ཀ་དེ་འདྲ་མི་ལྕི་བས་ཅུང་དམའ་མོ་བྱིན་ན་འགྲིག་ཅེས་ཀྱང་སྨྲ་བར་བྱེད། མཇུག་མཐར་སློབ་གཙོ་གངས་ལྷ་མེ་ཏོག་གིས“བར་ནས་བཅད་ན་ཅི་འདྲ་འདུག”ཅེས་བསམ་འཆར་བཏོན་པར། ཚང་མའི་བསམ་འཆར་གཅིག་མཐུན་བྱུང་ནས་ཉིན་རེར་ངལ་རྩོལ་ཐོབ་སྐར་དགུ་རེ་སྟེར་རྒྱུ་བྱས། གླེང་མོལ་ཆེས་འཁྲུག་པོ་ནི་དམངས་སྒྲུབ་དགེ་རྒན་དག་གི་བཟའ་འབྲུ་གང་ནས་ཡོང་བའི་ཆ་དེར་བྱས་སོང་། འགའ་རེས་གཞུང་ནས་བྱིན་ན་འགྲིག་སྟེ། དགེ་རྒན་ཚོས་རུ་ཁག་གཞུང་གི་བྱིས་པ་ཚོར་བྱ་བ་སྒྲུབ་བཞིན་ཡོད་ཅིང་། ལོ་རེར་རྒྱ་མ་ཅི་ཙམ་སྟེར་རྒྱུ་གཏན་ཁེལ་བྱས་རྗེས་ལོ་མཇུག་ཏུ་བྱིན་ན་འགྲིག་ཟེར། ལ་ཤས་ཀྱིས་ཡོད་ཚད་གཞུང་གིས་འཁུར་ན་ཁྱིམ་བདག་སྐོར་ཞིག་གིས་བྱིས་པ་སློབ་གྲྭར་མི་སྐྱེལ་བར་བརྟེན། ང་ཚོའི་དམིགས་ཡུལ་འགྲུབ་ཐུབ་མེད། དེ་བས་ཁྱིམ་ཚང་རེ་རེར་འཁུར་དུ་བཅུག་ན་བཟང་སྟེ། དེ་ལྟར་བྱུང་ན་ཁྱིམ་བདག་ཚོས་བྱ་བ་འདིའི་གལ་ཆེན་རང་བཞིན་ཤེས་ནུས་ཟེར། ཡང་རེ་འགས་རུ་ཁག་སོ་སོས་སློབ་གྲྭའི་ཉེ་ས་རུ་དམངས་སྒྲུབ་དགེ་རྒན་རེ་ལ་ཞིང་ས་རེ་བྱིན་ཏེ་རང་རང་ལ་འདེབས་སུ་བཅུག་ན་ལེགས། མང་ཚོགས་ཀྱི་ལག་ནས་འབྲུ་བསྡུ་རྒྱུ་ཟེར་ན་དཀའ་མོ་རེད། བསམ་འཆར་བཤད་མཁན་ཡང་ཇེ་མང་ལ་འགྲོ་ངེས་ཟེར་བས། ཚང་མས་གྲོས་ཁ་སྡུར་བའི་མཐའ་ལ་བསམ་འཆར་རྗེས་མ་དེའི་སྟེང་དུ་བབས་བྱུང་།
རུ་གཙོ་རྣམས་འགྲོ་ཁར། གངས་ལྷ་མེ་ཏོག་གིས་ར་ཆག་ནང་རུ་ཁག་གི་རུ་གཙོ་མཁར་བྱམས་བོས་སོང་སྟེ། འབོད་དོན་ནི་ཁོའི་བུ་གསེར་ཏོག་སོགས་གཞོན་ནུ་བདུན་ཟི་ལིང་གི་པར་ཁང་ནང་བྱ་བ་བསྒྲུབས་སུ་ཕྱིན་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་པ་དེ་ཡིན་འདུག
ཁོ་སློབ་གཙོའི་ཉལ་ཁང་ལས་གཞུང་སྒྲུབ་སྒྲོག་ཙེ་ཆེ་རྒྱུ་མེད་པ་དེ་ཡི་མཐའ་རུ་འདུག་སྟེགས་ཤིག་ཡོད་པ་དེའི་སྟེང་ཙོག་ནས་བསྡད་པར། མོས་ཐོག་མར་ཁོ་ལ་ལྕགས་ཕོར་དཀར་པོའི་ནང་ཇ་གང་བླུགས་ལ། དེ་ནས་རང་གི་འདུག་སྟེགས་སུ་བསྡད་རྗེས“ངའི་ཨ་ཕས་ཁྱོད་ཚང་གི་གསེར་ཏོག་སོགས་ཟི་ལིང་དུ་བྱ་བ་བསྒྲུབས་སུ་ཕྱིན་རྗེས་ཀྱི་གནས་ཚུལ་ཤེས་འདོད་པས། ད་ལྟ་བྱ་བར་ལོབས་ཀྱིན་ཡོད་དམ། འཚོ་བའི་ཐད་དཀའ་ཁག་མེད་དམ། རང་ཁྱིམ་ལ་གོ་ཞིག་ཆོད་ངེས་སམ”ཞེས་བསྟུད་མར་དྲི་བ་འགའ་དྲིས་འོངས།
རུ་གཙོ་མཁར་བྱམས་ཀྱིས་ཇ་ཧུབ་འགའ་འཐུངས་རྗེས“ཐོག་མར་ཁྱོད་ཕ་བུ་གཉིས་ལ་བཀའ་དྲིན་ཆེ་ཞུ། ཟླ་སྔོན་མར་ང་ཁོ་ཚོར་སྐོར་ཞིག་རྒྱག་ཏུ་སོང་བ་ཡིན། ཁོ་ཚོའི་བཟོ་གྲྭ་དེ་ཞིང་ཆེན་རླུང་འཕྲིན་ཁང་དང་ཐག་ཉེ་ས་ཞིག་ཏུ་འདུག མི་གཉིས་རེ་ཁང་བ་གྱན་གཅིག་གི་ནང་དུ་བསྡད་ཡོད། བཟོ་གྲྭ་གཞུང་ལ་ཟ་ཁང་ཡོད་པས་ཟ་མ་ཟ་བར་སྟབས་ཧ་ཅང་བདེ། གློག་བརྙན་བལྟ་སའི་ཚོམས་ཁང་ཅུང་ཆེ་བ་ཞིག་ཀྱང་འདུག་པས། དགོང་མོ་ལས་རྒྱུ་མེད་ཚེ་གློག་བརྙན་ལ་བལྟས་ཆོག སྦྱོང་བརྡར་བྱེད་འདོད་ཚེ་གློག་བརྙན་ཁང་གི་མདུན་དུ་ལྒང་ལི་རྩེ་ས་ཡང་འདུག”ཅེས་བཤད་པ་དང་། ཡང་བསམ་བློ་ཞིག་བཏང་རྗེས“བྱ་བ་དུས་ལྟར་སྒྲུབ་ཏུ་འགྲོ་དགོས་ཀྱང་། ལས་ཀ་ལྕི་རྒྱུ་མེད་ཟེར། གཞན་གྱིས་བྲིས་ཡོང་བའི་མ་ཡིག་ལ་བལྟས་ནས་ཞ་ཉེ་སྟེང་བརྐོས་པའི་ཀ་ཁ་སོགས་བསྒྲིགས་པས་ཆོག་ཟེར། ཟླ་ཕོགས་ཀྱང་འོས་འཚམ་ཞིག་ཡོད་པ་རེད”ཅེས་སྙན་སེང་ཞུས་བྱུང་།
“འོ་ན་རང་ཁྱིམ་ལ་གོ་ཞིག་ཆོད་དམ། གོ་ཐོས་སུ་མགོ་ལོག་ལ་བྱ་བ་བསྒྲུབས་སུ་ཕྱིན་པ་དེ་ཚོས་ཁྱིམ་བདག་ལ་མཚམས་མེད་པར་སྒོར་མོ་ཉུང་ངུ་རེ་བསྐུར་ནས་ཡོང་བཞིན་འདུག་ཟེར།”
གངས་ལྷ་མེ་ཏོག་གིས་ཁོ་ཚོ་གོ་བསྡུར་ནས་དྲིས།
“ཟི་ལིང་གི་དེ་ཚོ་མགོ་ལོག་གི་ལས་བྱེད་དག་ལ་སྡུར་ཐབས་མི་འདུག ཕལ་ཆེར་ཁོ་ཚོ་བཟོ་པ་ཡིན་པའི་རྐྱེན་ཡིན་པ་འདྲ། ཡང་གཅིག་བཤད་ན་ཟི་ལིང་དུ་འགྲོ་སྒོ་ཆེ་བའི་རྒྱུ་མཚན་ཡིན་ནའང་ཐང་། སྒོར་མོའི་ཐད་རོགས་ཆེན་པོ་བྱེད་ཐུབ་ཀྱིན་མེད། འོན་ཀྱང་རང་རང་སྐྱིད་པོ་བྱས་ནས་བསྡད་འདུག དེ་མིན་ཚེ་ཡུལ་ན་ལས་ཀ་ལས་ནས་བསྡད་ཡོད་ངེས། ས་ནང་དུ་འཛུལ་ལ་ཁད་བྱས་ནས་བསྡད་ཡོད་ན་ཐང་།”
རུ་གཙོ་མཁར་བྱམས་ཀྱིས་དེ་ལྟར་ལབ་པ་དང་། ཡང་འདང་ཞིག་བརྒྱབ་རྗེས“གོ་ཆོད་མི་འདུག་ཟེར་ནའང་མི་འགྲིག ད་རེབ་ལ་ཆ་བཞག་ནའང་རླངས་འཁོར་གྱི་གླ་དང་ཟས་རིན་ཚང་མ་གསེར་ཏོག་གིས་བྱིན་པ་རེད། རྒྱ་ལྭ་འདི་ཡང་ཁོས་ང་ལ་ཉོས་པ་ཡིན། ཁོའི་ཨ་མ་དང་སྲིང་མོ་གཉིས་ལའང་ཚི་ལེན་རེ་དང་ལག་ཕྱིས་རེ་ཉོས་སོང་། བུ་ཁོ་ཟི་ལིང་དུ་འགྲོ་ཐུབ་མེད་ཚེ། ང་གྲོང་ཁྱེར་དེར་ཕྱིན་ཡང་གང་དུ་འདུག་གམ། ཕར་འགྲོ་ཤེས་ཀྱང་ཚུར་ཡོང་མི་ཤེས་ཁོ་ཐག་རེད”ཟེར་བཞིན་ཡང་ཇ་ལ་ཧུབ་གཅིག་བྱས་པ་དང་། མཐུད་ནས་སློབ་གཙོའི་སྒེའུ་ཁུང་ལ་ཞིབ་ལྟ་ཞིག་བྱས་རྗེས“ཤེལ་སྒོ་སྤྲད་ཟིན་ནམ། རྡོ་རྗེ་ཡིས་སྤྱི་བདེ་མི་སྣས་ཁོ་འཚོལ་བཞིན་འདུག་ཟེར་བ་གོ་བས་ད་བར་དུ་ཡུལ་ལ་ཡོང་ཐུབ་མེད། ཁོ་དགེ་རྒན་གྱི་ལས་གནས་ལས་འཐེན་པ་དེ་ང་ཚོའི་སློབ་གྲྭ་འདིར་མཚོན་ན་འགྲིག་ཡོད། རྩ་བ་ནས་འགྲིག་སོང”ཞེས་ཚིག་མགོ་གཞན་དུ་བསྐོར།
“ང་ཉིན་མོ་དེར་སློབ་གྲྭ་རུ་མེད་པ་འགྲིག་འདུག ཡོད་ཚེ་གླེན་པ་དེས་ངའི་མགོ་ལ་དབྱུག་པས་བསྣུན་ཡོད་ངེས། སྨན་ཁང་ལ་བསྐྱལ་ཡོད་ཀྱང་སྲིད།”
གངས་ལྷ་མེ་ཏོག་གིས་ཀྱང་དགེ་རྒན་རྡོ་རྗེའི་སྐོར་གླེངས་བྱུང་།
“མི་ངན་ཁྱི་འདྲ་བ་དེའི་སྐོར་ལ་དཔའ་ཡོད་མི་སྲིད། དེའི་དུས་ངེད་ཚང་དུ་ཤོར་ཡོང་དུས་ངས་ཁོར་ཁྱི་རྐུན་ལ་གཅར་གཅར་བྱས་མྱོང་། ངའི་ཆུང་མ་ཁྱིམ་དུ་མེད་ཚེ། མཇུག་འབྲས་ཅི་ལྟ་བུ་བྱུང་ཡོད་མིན་མི་ཤེས། ཁོ་སློབ་གྲྭར་ཡོང་ཐུབ་ཡོད་མིན་བཤད་དཀའ།”
རུ་གཙོ་མཁར་བྱམས་ཀྱིས་དོན་དེ་གླེང་སྐབས་སྐད་མགོ་ཇེ་མཐོ་ནས་ཇེ་མཐོར་གྱུར།
“འོ་ན་ཁོ་རང་ཁྱིམ་དུ་མི་ཡོང་བར་གང་དུ་སོང་བ་ཡིན་ནམ། ཉེ་མི་དག་གིས་ཀྱང་གར་སོང་གི་རྗེས་དང་འདིར་སོང་གི་གཏམ་ཅི་ཡང་མཐོང་ཐོས་བྱུང་མེད་དམ།”
གངས་ལྷ་མེ་ཏོག་གིས་ཁོའི་ཇ་ཕོར་ཁར་ཇ་ཞིག་བསྣན་རྗེས་གོམ་གང་མདུན་སྤོས་ཀྱི་ཚུལ་དུ་དྲིས།
“སྡེ་མི་འགའ་རེའི་བཤད་ཚུལ་ལྟར་ན། ཐོག་མར་ཡར་ནང་རྐང་ཚའི་འབྲོག་རུ་ན་ལུག་འཚོས་ནས་འཚོ་བ་འཕུད་ཐབས་བྱེད་བཞིན་ཡོད་ཟེར། རྗེས་སུ་བ་རྒྱ་ཐང་ཀུང་ཧྲེའི་ཁོངས་གཏོགས་ཀྱི་སྡེ་བ་ཞིག་ཏུ་མག་པར་བསྡད་འདུག་ཟེར། གང་ལྟར་ད་བར་དུ་ཡུལ་ལ་ཐེངས་གཅིག་ཀྱང་ཡོང་མ་མྱོང་།”
རུ་གཙོ་མཁར་བྱམས་ཀྱིས་ཀྱང་ཡ་ཡོ་མེད་པར་དྲང་བོའི་ངག་གིས་དེ་ལྟར་ལན་བཏབ།
མོས“ང་ཚོ་བོད་རིགས་དང་རྒྱ་རིགས་གཉིས་ཀྱི་བསམ་གཞིག་གཏོང་སྟངས་ནི་ཁྱོན་ནས་མི་འདྲ་བ་རེད། ང་ཚོར་མཚོན་ན་རང་ཉིད་ཀྱིས་མི་ནུས་བཞིན་དུ་ད་དུང་ཨུ་ཚུགས་བྱས་འགྲོ་ལ། རེ་བ་མེད་པ་ཤེས་བཞིན་དུ་ད་དུང་གནམ་གྱི་སྐར་མ་འཛིན་སྙམ་བྱེད། མཐའ་མར་རང་གིས་གྱོང་རེག་འགྲོ། དཔེར་ན་དགེ་རྒན་རྡོ་རྗེ་ལྟ་བུ་རེད། རྒྱ་མི་དག་ལ་དཔེ་བླངས་ན་དུས་ཀྱི་བབ་དང་བསྟུན་ནས་བྱ་བ་ལས་འགྲོ་སྟེ། རང་ལ་ལམ་འདིར་ཞུགས་ཚེ་མདུན་ལམ་མེད་པ་ཤེས་འཕྲལ། མྱུར་དུ་ལམ་བུ་གཞན་ཞིག་བཙལ་འགྲོ་ལ། ལམ་བུ་དེ་བརྒྱུད་ཚེ་སྔོན་ཆད་ལས་ལྷག་པའི‘གྲོ་མ་བརྐོ་རྒྱུ’མེད་ཀྱང་ལམ་དེ་གཏན་སྲུང་བྱེད་ངེས། མཐར་གཏུགས་ན་རང་ལ་གྱོང་རེག་ཏུ་མི་འཇུག དཔེར་ན་དགེ་རྒན་ཝང་ཅུན་ལྟ་བུ་ཡིན”ཞེས་བཤད་རྗེས། ཡང་ཡིད་ལ་ཅི་ཞིག་འཁོར་བ་ལྟར“ཡན་ལག་སློབ་གྲྭ་སོ་སོའི་དམངས་སྒྲུབ་དགེ་རྒན་ལས། ཁྱིམ་ཐབ་བཟུང་ཟིན་པ་ནི་ཁྱོད་ཚོ་རུ་ཁག་གི་དགེ་རྒན་བསོད་ནམས་རྒྱལ་གཅིག་པུ་རེད། ངས་ཤེས་གསལ་ལྟར་ན་ཁོ་ཚང་དུ་གོང་ན་ལོ་ལོན་དང་ཞོལ་ན་བྱིས་པ་མང་བས། སློབ་མར་སློབ་ཁྲིད་བྱེད་པ་ལས་ཁྱིམ་གྱི་ལས་ཀ་ཙག་ཙིག་ནང་ལྡིང་ན་ཐང་། ངས་
ཁོ་ལ་དེའི་རྒྱུ་མཚན་ཟུར་དུ་བོས་ནས་གསལ་བོར་བཤད་ཡོད། ཁྱོད་ཀྱིས་རྒྱུན་དུ་ལྟ་རྟོག་བྱེད་རྒྱུ་མ་བརྗེད། ལན་རེར་ཁོམ་པ་ཡོད་ཚེ་སློབ་གྲྭའི་ནང་སྐོར་བ་རེ་བྱོས། སློབ་གསོ་རེ་ཐོངས། གནད་དོན་ཚབས་ཆེ་ཚེ་ང་ལ་བཤད་རོགས”ཞེས་ཀྱང་གདམས།
“ཡ་ཡ།”རུ་གཙོ་མཁར་བྱམས་ཀྱིས་དེ་ལྟར་ཁས་ལེན་བྱས་རྗེས“སློབ་གཙོ་ལགས། ད་བྱ་བ་གཞན་མེད་ཚེ་ང་འགྲོ་རྒྱུ་ཡིན། ཁྱོད་དགེ་རྒན་འཇིགས་མེད་རབ་བརྟན་ལ་འཕྲད་ཚེ་ངས་འཚམས་འདྲི་བྱེད་ཀྱིན་འདུག་ཅེས་ཞུ་རོགས། རྗེས་སུ་གསེར་ཏོག་རང་ཁྱིམ་དུ་སླེབ་སྐབས་ཆེད་དུ་ཁོང་ལ་བཀའ་དྲིན་ཞུ་རུ་ཡོང་ངེས”ཞེས་འཆད་ཞོར་འདུག་སྟེགས་ལས་ཡར་ལ་ལངས།
8
དུས་དེ་ནི་མའོ་ཀྲུའུ་ཞི་སྐུ་གཤེགས་ནས་ཟླ་གཉིས་ཙམ་འགོར་མ་ཐག་པའི་སྐབས་ཤིག་ཡིན། དུས་དེ་ནི་རྒྱལ་ཡོངས་མི་དམངས་རང་གི་གཙོ་འཛིན་གཤེགས་པའི་གདུང་བའི་མུན་པ་ལས་ཡོངས་སུ་གྲོལ་མེད་པའི་དུས་ཤིག་ཡིན། སྟོན་གཞུག་དེར། ནམ་ཟླ་གློ་བུར་ཇེ་འཁྱག་ལ་སོང་བས། སྒོར་ཐང་སྡེ་བའི་ཆུ་མཛོད་འཛུགས་སྐྲུན﹙འགྲུབ་ལ་ཉེ﹚ལས་གནས་ཐོག་ཡོད་པའི“ངལ་རྩོལ་ཆེད་ལས་རུ་ཁག”གི་གསར་བུ་གསར་མོ་ཚོའང་། གཟའ་འཁོར་གཅིག་གི་སྔོན་ནས་རང་རང་གི་རུ་ཁག་ནང་ལོག་ཏུ་བཅུག་ཟིན། ཡིན་ནའང་ཁོ་ཚོ་ནི་དུས་ནམ་ཡང་སྡེ་བའི་ངལ་རྩོལ་གྱི་གདུང་མ་སྟེ། ད་ལྟ་གསར་མོ་ཚོས་ཨ་ཡེ་རྣམས་ལ་རོགས་བྱས་ནས་འབྲུ་རིགས་གཙང་སེལ་བྱེད་བཞིན་མཆི་ལ། གསར་བུ་དག་གིས་ནངས་སྔ་མོ་ནས་རྟ་དྲེལ་སོགས་ཀྱི་རྒྱབ་དང་སྐེ་ལ་ཤིང་རྟ་འཁོར་ལོའི་འདྲུད་ཆས་བསྐོན་ཅིང་། བུད་མེད་དག་གིས་སྒྱེ་མོའི་ནང་བླུགས་ཤིང་ཁ་བསྡམས་ཚར་བའི་འབྲུ་སྒྱེ་རེ་རེ་འཁུར་ནས་ཤིང་རྟའི་ནང་བརྩིགས་རྗེས། གྲལ་བསྟར་རིང་བོ་ཞིག་བསྒྲིགས་ནས་རྫོང་མཁར་ཕྱོགས་སུ་འབྲུ་ཁྲལ་འཇལ་དུ་འགྲོ་བཞིན་ཡོད།
ཉིན་འདི་དག་གི་ནང་། སློབ་གཙོ་གངས་ལྷ་མེ་ཏོག་གིས་ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་ཁྲིད་ཀྱི་འགན་ཁུར་དེ་འཛིན་བདག་གསུམ་པོར་བཀོད་སྒྲིག་བྱས་རྗེས། རང་ཉིད་ཀྱིས་ཁུག་མ་ཁྲ་བོ་ཞིག་འཁུར་ནས་རུ་ཁག་སོ་སོར་ཡོད་པའི་ཡན་ལག་སློབ་གྲྭ་དག་ལ་ལྟ་ཞིབ་བྱེད་བཞིན་འདུག
སློབ་སྐབས་གསར་བ་དེ་མགོ་བརྩམས་རྗེས་སུ། ཁོ་ཚོས་གཟའ་སྤེན་པའི་ཉིན་མོར་རྒྱུན་དུ་རུ་ཁག་ནང་ཡོད་པའི་དགེ་སློབ་ཡོངས་རྫོགས་ཤར་ལུང་ཚོ་དྲུག་སློབ་ཆུང་ནང་བསྡུས་ནས། ལྷན་དུ་སློབ་ཁྲིད་དང་མཉམ་མྱོང་བརྗེ་རེས་བྱེད་དུ་བཅུག་པ་དང་། གཟའ་ཉི་མའི་ཉིན་དགེ་རྒན་ལི་ཆིན་ཧོ་དང་ཀྲང་ཅན་གཉིས་རེས་འཁོར་ནས། ཡན་ལག་སློབ་གྲྭའི་དགེ་རྒན་རྣམས་ལ་རྒྱ་ཡིག་དང་རྩིས་རིག་གི་སློབ་དེབ་ཁྲིད་དུ་འཇུག་ལ། ཡང་ལན་རེར་སློབ་གཙོ་གངས་ལྷ་མེ་ཏོག་དང་དགེ་རྒན་བརྩོན་འགྲུས་རྒྱ་མཚོ་གཉིས་རེས་འཁོར་ནས། བོད་ཡིག་གི་སློབ་དེབ་གཙོར་བཟུང་ནས་ཁྲིད་བཞིན་ཡོད། ལྷག་དོན་དགེ་རྒན་གསར་བ་དེ་དག་གིས་མི་ཤེས་པའི་སྐོར་ནི་ཡང་དང་བསྐྱར་དུ་ཁྲིད་པར་བརྟེན། ད་ནི་ཁོ་ཚོ་ཡང་སློབ་ཚན་གང་ཁྲིད་དགོས་ཀྱང་ཁ་བྱང་ལག་བྱང་ལ་རབ་ཅིག་སོང་འདུག མོས་ཡན་ལག་སློབ་གྲྭ་དྲུག་པོའི་སློབ་ཁྲིད་ལ་ཉན་ཚར་རྗེས། སྤྱི་བསྡོམས་ཀྱི་ཚུལ་དུ་དོན་ཚན་འགའ་ཐོ་ལ་བཀོད་པ་ནི། གཅིག་ན་སློབ་མའི་ཞུགས་ཚད་བརྒྱ་ཆའི་བདུན་ཅུའི་ཡན་ལ་བུད་པས། སློབ་གསོ་ཁྱབ་གདལ་དུ་གཏོང་བའི་འགན་ལྷག་འགྲུབ་བྱུང་ཡོད་པ། གཉིས་སུ་ལོ་ལྔ་དྲུག་ཅན་གྱི་བྱིས་པ་དག་གིས་ཀྱང་ཆེ་བ་ཚོ་ལ་ལད་མོ་བྱས་ནས་ཀློག་སོགས་སྦྱོང་བཞིན་པས། སློབ་གྲྭར་མ་ཞུགས་པའི་སྔོན་གྱི་སློབ་གསོ་ཐག་ཞོར་འབྲེང་འདྲུད་ཀྱི་ཚུལ་དུ་མྱོང་བཞིན་པ། གསུམ་དུ་དགེ་རྒན་རྣམས་ཀྱི་ཁྲིད་སྟངས་ཕལ་ཆེར་འདྲ་སྟེ། ལོ་རིམ་དང་པོར་སློབ་ཁྲིད་བྱེད་དུས་ལོ་རིམ་གཉིས་པའི་སློབ་མ་ཚོས་སྒོའི་ཕྱི་ནང་ཀུན་ཏུ་བློར་འཛིན་པའམ། ཡང་ན་ཐང་ལ་ཡི་གེ་འབྲི་བ་སོགས་བྱེད་བཞིན་པར་བརྟེན། དུས་ཚོད་བཀོལ་སྤྱོད་བྱས་པ་ཚན་རིག་དང་མཐུན་པ། བཞི་རུ་སྡེ་མི་དང་རུ་གཙོ་སོགས་ཀྱིས་ལྟ་རྟོག་བྱས་པ་དམ་པས། སློབ་གྲྭའི་སྒྲིག་ལམ་ཇེ་བཟང་དང་སློབ་མའི་སྦྱངས་འབྲས་ཇེ་མཐོར་འགྲོ་བཞིན་པ་བཅས་སོ།།
ཉིན་དེ་ནི་གཟའ་པ་སངས་ཀྱི་ཉིན་མོ་ཞིག་སྟེ། དགེ་རྒན་ལི་ཆིན་ཧོ་ཡིས་སློབ་ཐུན་དང་པོ་ཚོགས་པའི་བརྡ་བཏང་བྱུང་བར། བརྩོན་འགྲུས་རྒྱ་མཚོས་དགེ་རྒན་ཀྲང་ཅན་གྱིས་དེ་སྔོན་ཁོ་ལ་ཁྲིད་པའི་དམའ་འབྲིང་གཉིས་པའི་རྒྱ་ཡིག་དེབ་སྟོད་ཆ་ལས། མཐའ་མཇུག་གི་སློབ་ཚན་དེ་འདོན་མཚམས་བཞག་འཕྲལ། ལོ་རིམ་གསུམ་པའི་བོད་ཡིག་སློབ་དེབ་དང་སློབ་མ་ཚོའི་འབྲི་དེབ་དག་བཟུང་ནས་སློབ་ཁང་དུ་བརྒྱུགས།
ཁོ་སློབ་ཁང་དུ་སླེབས་མ་ཐག ནམ་རྒྱུན་ལྟར་སློབ་མ་ཚོ་མཉམ་དུ་ཡར་ལངས་ཞོར“དགེ་རྒན་བཟང”ཞེས་ཁམས་འདྲི་བྱས་བྱུང་།
“སློབ་གྲོགས་ཚོ་བདེ་མོ།”ཁོ་ཁྲིད་སྟེགས་ལས་མར་འཁོར་ནས་དེ་སྐད་སྨྲ་བཞིན་ལོབས་ཕྱོགས་ལྟར་མགོ་བོ་སྒུར་ཙམ་བྱས་རྗེས“ཚང་མ་མར་ཙོག་ཅིག”ཅེས་བཤད།
སློབ་མ་ཚོ་རང་རང་གི་འདུག་སྟེགས་སུ་འཇམ་ཐིང་ངེར་བསྡད་མ་ཐག ཁོས་སྐད་མགོ་ཇེ་མཐོར་བཏང་ནས“ཐོག་མར་ལས་བྱ་བྲིས་པའི་གནས་ཚུལ་བཤད། སློབ་གྲོགས་ཡེ་ཤེས་སྐྱབས་དང་དཀོན་མཆོག འཕྲིན་ལས་ཉི་མ་གསུམ་པོས་བྲིས་ནས་ཚར་མི་འདུག དྲོས་ཇ་འཐུངས་རྗེས་སློབ་ཁང་དུ་ཤོག་ལ་ཕྲིས། བྲིས་ཚར་བ་ན་ངའི་ཉལ་ཁང་དུ་ཁྱེར་ཤོག ཁྱེར་མི་ཡོང་ཟེར་ན་ཕྱི་དྲོ་སློབ་གྲྭ་གྲོལ་ཟིན་ཀྱང་དུས་ལྟར་རང་ཡུལ་ལ་སོང་མི་ཆོག ནམ་བྲིས་ཚར་ན་དེའི་དུས་སོང”ཞེས་བཤད་རྗེས། ཡང་འབྲི་དེབ་གཉིས་ཟུར་དུ་བླངས་ནས“སློབ་གྲོགས་ནོར་བུ་རྒྱལ་དང་དབང་གྲུབ་གཉིས་ཀྱིས་ལས་བྱ་བྲིས་པ་ཧ་ཅང་བཟང་། གྲ་དག་ཡིན་པའི་ཁར་ནོར་འཆུགས་གཅིག་ཀྱང་མེད་པས། ལུགས་སྲོལ་བཟང་བོ་འདི་རྒྱུན་སྐྱོངས། འདི་ལྟར་བསླབ་ལ་བརྩོན་ཚེ་རྗེས་སུ་ཁུལ་དགེ་ཐོན་སློབ་གྲྭའི་ནང་དུ་ལས་སླ་མོར་འགྲོ་ཐུབ། ལས་བྱེད་པ་བཅའ་ཐུབ་རྒྱུར་འདང་རྒྱག་ཅི་ཡང་མེད། ཡིད་མི་ཆེས་མཁན་ཡོད་ཚེ་ཚང་མས་རེས་སྐོར་ནས་ལྟོས་ཤིག སློབ་སྦྱོང་ལ་ནན་ཏན་མི་བྱེད་མཁན་དག་གིས་ཡང་ཡང་ལྟོས། ལས་བྱ་མི་འབྲི་མཁན་ཚོས་ཞིབ་ཏུ་ལྟོས”ཟེར་བཞིན་མར་ཡོང་ནས་འབྲི་དེབ་དེ་གཉིས་སློབ་ཁང་གི་སྒོ་མོ་ཡོད་སའི་གྲལ་ཤར་དེའི་སྒྲོག་ཙེ་མགོ་མའི་སྟེང་དུ་བཞག་པར། སློབ་བུ་དེ་གཉིས་ཀྱིས་ཕན་ཚུན་བརྗེས་ནས་བལྟས་འཕྲལ། སྒྲོག་ཙེ་ཕྱི་མ་དེའི་སྟེང་དུ་བཞག་ནས་སློབ་གྲོགས་གཞན་ཚོར་བལྟ་རུ་འཇུག་པ་སོགས་བྱེད།
མཚམས་དེར་སློབ་ཁང་གི་སྒོ་མོ“ཐག་ཐག”ཏུ་རྡུང་བར། བརྩོན་འགྲུས་རྒྱ་མཚོ་ཕར་སོང་ནས་སྒོ་ཕྱེ་བ་ལ། ཨ་ཡེ་རྒན་མོ་ཞིག་གིས་ངག་འདར་འདར་ངང“དགེ་རྒན། ཁྱོད་སྒོར་ཤོག ང་ཁྱོད་ལ་གཏུག་རྒྱུ་ཞིག་ཡོད”ཅེས་བཤད་བྱུང་བར། ཁོས་སློབ་ཁང་གི་སྒོ་མོ་ཁྲོག་གེར་བརྒྱབ་རྗེས་སྒོར་བུད།
མ་གཞི་རྒན་མོ་དེ་ནི་ནག་རྒྱ་སྡེ་བའི་ཨ་ཡེ་མཁའ་འགྲོ་ཟེར་བ་དེ་ཡིན་འདུག མོའི་ལག་ཏུ་བ་ཕྱུགས་ཀྱི་རྔ་མ་ཁྲག་གིས་བརྫིས་པ་ཞིག་བཟུང་ཡོད་པ་དགེ་རྒན་བརྩོན་འགྲུས་རྒྱ་མཚོར་སྟོན་ཙམ་བྱས་རྗེས། ཁོང་ཁྲོའི་ངང་དུ“ང་ཚོ་རུ་ཁག་གི་ཨ་རྒྱ་མགོན་པོ་ཚང་གི་དཔལ་ལྡན་དགྲ་ཁ་ཁྱོད་ཀྱི་སློབ་མ་ཡིན་ཟེར་བ་ཨེ་བདེན”ཞེས་དྲིས་བྱུང་།
“བདེན་པ་ཡིན། ཁོ་སློབ་ཁྲིད་ལ་ཡོང་ཡོད།”
དགེ་རྒན་གྱིས་ཅི་ཡིན་ཆ་མ་འཚལ་བར་དེ་ལྟར་ལན་བཏབ།
“ཡོང་ཡོད་ན་བཟང་འདུག ཁོས་ང་འབྱོར་མེད་གྲལ་རིམ་ལ་ཐུབ་ཚོད་བྱས་འདུག ཨ་ཡེ་རྒན་ཚང་ལ་ཐུབ་ཚོད་བཏང་ཡོད། ཚོད་ཚོད་ལ་ངེད་ཚང་གི་སྒོ་ཟོག་ཁེར་མོ་སྟེ། བ་མོ་དམར་ཁྲ་མའི་རྔ་མ་བཅད་སོང་། བཅད་པའི་མི་ཚད་རྔ་མ་ངེད་ཚང་གི་སྒོ་ལམ་དུ་གཡུགས་བྱུང་། འདི་འདྲའི་ཐུབ་ཚོད་གཏོང་སྲོལ་ཞིག་ཡོད་དམ། སྤྱི་ཚོགས་རྙིང་བའི་ནང་དུ་མེད། སྤྱི་ཚོགས་གསར་བའི་ནང་དུ་ཡོད་ག་ལ་ཆོག ཁོས་རྔ་མ་འདི་འཚབ་དགོས། ཁྱོད་ཚོ་སོང་ནས་ཨ་རྒྱ་མགོན་པོར་བཤད་ནས་འཚབ་ཏུ་འཇུག་དགོས། མི་འཚབ་ཟེར་ན་ང་ཀུང་ཧྲེ་ནང་ལ་གཏུག་ཏུ་འགྲོ་རྒྱུ་ཡིན། ང་སུས་ཀྱང་མི་ཁོགས།”
མོས་དབུགས་ལྷེམ་ལྷེམ་བྱེད་ཞོར་དེ་ལྟར་གཏུགས་རྗེས། རྔ་མ་དགེ་རྒན་བརྩོན་འགྲུས་རྒྱ་མཚོའི་ལག་ཏུ་བཞག་སོང་།
“ཁྱོད་ལ་ཁག་མི་འདུག ང་ཚོས་ཐོག་མར་དོན་འདི་རྩད་གཅོད་ཅིག་བྱེད། དོན་དེ་མི་ཆེ་ཟེར་ན་ཅུང་ཆེ་ཡང་། ཡར་གཏུག་མར་གཏུག་བྱས་ན་མི་བཟང་། ཁྱོད་ཉིན་ཁ་ཀན་ལ་སོང་ནས་ངལ་ཅུང་ཙམ་གསོས་དང་། ངས་དཔལ་ལྡན་གྱི་ས་ནས་གནས་ཚུལ་རྒྱུས་ལོན་བྱས་རྗེས། ཁྱོད་ཡོད་སར་ཁྲིད་ཡོང་།”
བརྩོན་འགྲུས་རྒྱ་མཚོས་དེ་སྐད་སྨྲས་རྗེས་རྔ་མ་བཟུང་ནས་སློབ་ཁང་དུ་ཕྱིན་པ་དང་། ཁྲིད་སྟེགས་སྟེང་བརྟན་མོར་ལངས་རྗེས་རྔ་མ་དེ་གཡུག་གཡུག་བྱེད་བཞིན“ང་ཚོ་འཛིན་གྲྭའི་སློབ་མ་ཞིག་གིས་མདང་དགོང་ཨ་ཡེ་རྒན་ཚང་ཞིག་གི་བ་མོའི་རྔ་མ་བཅད་ཟིན། ཁྱིམ་བདག་སློབ་གྲྭའི་ནང་གཏུག་བཤེར་ལ་ཡོང་འདུག སློབ་ཁྲིད་ལ་བར་ཆད་བྱེད་དུ་ཡོང་ནས་ཡོད། གཏེ་བོ་དེ་སུ་ཡིན་པ་རང་སེམས་སུ་ཁྲིགས་ཁྲིགས་ཡིན། ཐོག་མར་ངས་སློབ་མ་དེའི་རྣམ་འགྱུར་ལ་བལྟ་འདོད། རང་འགུལ་གྱིས་ཁས་ལེན་བྱས་ན་ཆད་པ་ཡང་མོ་གཅོད་ངེས། འཛིན་གྲྭའི་ནང་ཐག་གཅོད་བྱ་རྒྱུ། དེ་བས་རྣམ་འགྱུར་དྲང་མོ་བྱས་ནས་ཡར་ལོངས”ཞེས་སྐད་འགྲགས་བཀོལ་ནས་བརྗོད་པར། སློབ་མ་ཚོས་འོག་མིག་ལིང་ལིང་དང་བཅས་ཕན་ཚུན་གྱི་ངོ་ལ་ལྟ་བར་བྱེད།
གྲལ་རྔ་རུ་ཡོད་པའི་དཔལ་ལྡན་དགྲ་ཁ་ཟེར་བའི་སློབ་མ་དེས་ཀྱང་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་དལ་བ་དལ་བུར་ཡར་ལངས་ཤིང་། སྐེ་ལ་འཕྲུག་འཕྲུག་བྱེད་ཞོར“དགེ་རྒན། བ་མོའི་རྔ་མ་གཅོད་མཁན་དེ་ང་ཡིན། ངས་རང་སྐྱོན་ངོས་ལེན་བྱས་པ་ཡིན། འོན་ཀྱང་ངས་བསམ་གཟས་ནས་བཅད་པ་མིན”ཞེས་སྐད་དམའ་མོའི་ངང་བཤད་བྱུང་།
དགེ་རྒན་ཁོ་ཁྲིད་སྟེགས་ལས་མར་བབས་རྗེས་ཐད་ཀར་དཔལ་ལྡན་དགྲ་ཁའི་གམ་དུ་སོང་བ་དང་། ངག་ནས“ཁྱོད་འདི་ཡ་རབས་ཀྱི་བྱ་བ་སྣ་གཅིག་གི་ནང་དུའང་མི་ཞུགས། མ་རབས་ཀྱི་བྱ་བའི་ནང་དུ་ཐེ་ཐེ⑫ལ་ཡོད། ཟོག་གི་རྔ་མ་བཅད་ན་དུད་འགྲོ་ཡིན་ཡང་ཚ་བ་ཨེ་ཤེས”ཟེར་བཞིན་སློབ་མ་དེའི་མུར་གོང་གི་སྐྲ་ནས་བཟུང་སྟེ་ཡར་ཤུགས་ཀྱིས་འཐེན་ཙམ་བྱས་པར། དཔལ་ལྡན་དགྲ་ཁའི་ངག་ནས་དབང་མེད་དུ“ཨ་ཚ”ཞེས་ཤོར།
“འདི་ངས་ཁྱོད་ཀྱི་སྐྲ་འཐེན་པ་ཙམ་ཡིན། ཁྱོད་ཀྱིས་དུད་འགྲོ་དེའི་རྔ་མ་དུམ་སེ་བཅད་འདུག དོན་དམ་དུ་གང་ཚ་རྒྱུ་རེད།”བརྩོན་འགྲུས་རྒྱ་མཚོས་ཁོང་ཁྲོའི་ངང་དེ་ལྟར་བཤད་རྗེས“ཁྱོད་ཀྱི་སེམས་ལ་བ་ཕྱུགས་ཀྱི་རྔ་མ་གཅོད་རྒྱུ་དེ་ཇི་ལྟར་ཤར་བ་ཡིན། ཇི་ལྟར་བྱས་ནས་བཅད་པ་ཡིན། འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱི་མདུན་ནས་ཤོད་ཅིག”ཅེས་བཀའ་ཕབ་པར།
དཔལ་ལྡན་དགྲ་ཁས་མགོ་བོ་སྒུར་བཞིན་དུ“མདང་དགོང་ཕྱི་དྲོ་ང་ཚོ་བྱིས་པ་འགའ་གནའ་ལུང་མདོ་རུ་ཟོག་བསྡུ་རུ་ཕྱིན། ཕྱིར་ཡོང་དུས་ལམ་བུ་དོག་པས་བ་ཕྱུགས་ཚོ་འཚང་ག་ཤིག་ཤིག་གིས་འགྲོ་བཞིན་འདུག ངས་བ་ཕྱུགས་རྗེས་མ་དེ་ཚོའི་རྔ་མ་རིང་བོ་དེ་མཐོང་བས་ཐོག་མར་ལག་ཏུ་བཟུང་ནས་རྩེ་བ་ཡིན། རྩེ་བཞིན་རྩེ་བཞིན་མདུད་པ་བརྒྱབ་པར། དེ་གཉིས་ཀྱིས་འཐེན་རེས་བྱས་སོང……” འཆད་ཀྱིན་འཆད་ཀྱིན་ཁོའི་སྐད་མགོ་ཇེ་དམའ་དང་ངག་སྒོ་དིག་བྱུང་བར། དགེ་རྒན་གྱིས་བཤད་མཚམས་བཅད་དེ“འཐེན་རེས་བྱས་ནས་དུམ་སེ་བཅད་པ་ཨེ་རེད”ཅེས་དྲིས།
སློབ་གྲོགས་འགའ་རེ་དགོད་ཁ་ཤོར་པར། དཔལ་ལྡན་དགྲ་ཁའི་མགོ་བོ་སྔར་ལས་དུད་པར་གྱུར་ཐོག ཡང་བསྐྱར་སྐེ་ལ་འཕྲུག་འཕྲུག་ཅིག་བྱས།
“ཁྱོད་ཀྱི་སྐེ་ལ་ཤིག་འཚངས་སོང་བ་མ་ཡིན་ནམ། སྐྱོན་ཆ་ལས་རྗེས་གཉོམ་ཆུང་གི་ཚུགས་ཀ་བསྟན་འགྲོ། སྐྱོན་ཆ་ལས་བཞིན་པའི་སྒང་ལ་སྐེ་ཚིགས་འཕྲུག་ན་མི་ཆོག་གམ། བསམ་བློ་བཏང་ན་མི་ཆོག་གམ།”བརྩོན་འགྲུས་རྒྱ་མཚོས་དེ་ལྟར་སྡིགས་རྗེས། ཡང་བཀའ་ཕབ་པའི་ཚུལ་དུ“མ། རྔ་མ་འདི་ལག་ཏུ་ཟུངས། འུ་གཉིས་འགྲོ་ལ་ཨ་ཡེ་མཁའ་འགྲོར་དགོངས་དག་ཞུ”ཞེས་སྨྲས་རྗེས་ཁོ་དེད་ནས་བུད་སོང་ལ། འགྲོ་ཞོར་དུ“སློབ་མ་ཚང་མས་དེ་རིང་གི་སློབ་ཚན་གཤར་སྦྱོང་བྱོས”ཞེས་ཡང་བཀའ་འདྲ་བ་ཞིག་ཕབ་བྱུང་།
ཁོ་གཉིས་སློབ་ཁང་གི་སྒོར་བུད་པ་ན། ཨ་ཡེ་མཁའ་འགྲོ་ད་དུང་སྔར་གྱི་ཁ་མལ་དུ་ལངས་ནས་བསྡད་འདུག མོས་དཔལ་ལྡན་དགྲ་ཁ་མཐོང་མ་ཐག“ཐེའུ་ཕྲུག་འདིས་རུ་ཁག་ནང་གི་བྱིས་པ་ཚོ་འདུག་ཏུ་མི་འཇུག་པའི་ཁ་ལ། ད་ནི་ཁྱིམ་ཚང་གི་སྒོ་ཟོག་ཀྱང་འདུག་ཏུ་མི་འཇུག ཁྱོད་ཀྱིས་ངེད་ཚང་གི་བ་མོའི་རྔ་མ་བཅད་ནས་དེ་ཟ་འདོད་པ་ཡིན་ནམ”ཞེས་སྡིགས་མོ་བྱས་འོངས།
དཔལ་ལྡན་དགྲ་ཁས“ཨ་ཡེ། ཁོང་ཁྲོ་མི་ལང་བར་ཞུ། ངས་བསམ་གཟས་ནས་བཅད་པ་མིན། ངས་རྩེད་མོ་ཞིག་བརྩེས་པས། མ་ཤེས་པའི་བར་ནས་བཅད་པ་ཡིན”ཞེས་ཉམ་ཉེས་པའི་སྒོ་ནས་དགོངས་དག་ཞུས།
“བརྩེ་རྒྱུ་དེ་འདྲ་མང་བོ་ཞིག་ཡོད་བཞིན་དུ། བ་ཕྱུགས་ཀྱི་རྔ་མ་རྩེ་དགོས་པ་ཡིན་ནམ། ངེད་ཚང་གི་བ་མོའི་རྔ་མ་རྩེ་དགོས་པ་ཡིན་ནམ། རང་ཚང་གི་བ་མོའི་རྔ་མ་རྩེ་ན་མི་ཆོག་གམ།”
ཨ་ཡེ་མཁའ་འགྲོ་ཁོང་ཁྲོ་ལངས་ནས་འདར་སིག་སིག་བྱེད་བཞིན་འདུག་སྟེ། ཁ་མཁས་ལྕེ་བདེ་ཡིན་པས་བསྟུད་མར་འདྲི་ཚིག་གསུམ་འཕངས་ནས་སྡིགས་མོ་བྱེད་ཅི་ཐུབ་བྱས།
“ཨ་ཡེ། ངས་རྒྱུས་ལོན་བྱས་པ་ལྟར་ན། ད་རེབ་ཀྱི་དོན་འདི་ནི་ཁོས་བསམ་བཞིན་དུ་སྒྲུབ་པ་མིན་པས། ཁྱོད་ཀྱིས་ཁོ་གུ་ཡངས་སུ་གཏོང་རོགས། གང་ལྟར་བ་མོའི་རྔ་མ་བཅད་ཟིན་པར་བརྟེན། ང་ཚོས་ཁོ་ལ་སློབ་གྲྭའི་སྒྲིག་ལམ་ལྟར་ཆད་པ་ནན་མོ་གཅོད་ངེས། ཁྱོད་སེམས་བདེ་མོ་བྱེད་ཆོག”
དོན་དག་དེ་ཡག་པ་ཡོན་ཏན་དང་ལྡན་པའི་སྒོ་ནས་ཐག་གཅོད་པ་དང་། ཨ་ཡེའི་ཁོང་ཁྲོ་ཞུ་རུ་འཇུག་སླད། བརྩོན་འགྲུས་རྒྱ་མཚོས་གླགས་དེ་དང་བསྟུན་ནས་ཐབས་མཁས་ཀྱི་སྐད་ཆ་དེ་འདྲ་ཞིག་བཤད།
“ཆད་པ་ནན་མོ་གཅོད་ངེས”ཞེས་པ་དེ་གོ་བས། ཨ་ཡེ་གློ་བུར་ཇེ་ལྷོད་ལ་བུད་སོང་། མོས་དཔལ་ལྡན་དགྲ་ཁར་བལྟས་ཙམ་དང་། དེ་ནས་ན་གཞོན་དགེ་རྒན་དེ་ལ་བལྟས་ཙམ་བྱས་རྗེས“ཆད་པ་བཅད་ན་འགྲིག ཆད་པ་ནན་མོ་ཟེར་བ་ངས་གསལ་བོ་མི་ཤེས། ཁྱོད་ཚོས་ལྟོས་ཤིག སྲོག་ལ་གནོད་པ་ཡོད་མི་ཉན”ཞེས་བཤད་རྗེས། ཡང་དཔལ་ལྡན་དགྲ་ཁ་ལ་བལྟས་ནས“ངས་གཙོ་བོ་ཁྱོད་ཀྱི་ཨ་ཕའི་ངོ་ལ་བལྟས་པ་ཡིན། ཁོང་སྔོན་ཆད་ངེད་ཚང་ལ་དྲིན་ཆེ། ཁོང་གི་དྲིན་ལན་བསམ་བཞིན་ཡོད། ད་ང་འགྲོ་རྒྱུ་ཡིན”ཟེར་ནས་ལམ་ལ་ཆས། འགྲོ་ཞོར་དུ་ཡང་སེམས་ལ་ཅི་ཞིག་དྲན་པ་ལྟར“ད་ངེད་ཚང་གི་བ་མོར་རྔ་མ་མེད་པས་ཅི་ཞིག་བྱའམ། ལས་ངན་མ་དེ་ཟོག་གྲལ་དུའང་འགྲོ་སྲོལ་མེད་པར་བཏང་འདུག”ཅེས་ཁེར་ལབ་ལྟ་བུ་ཞིག་བྱེད་བཞིན་བུད་སོང་།
ཨ་ཡེ་མཁའ་འགྲོ་སོང་ཤུལ་དུ། བརྩོན་འགྲུས་རྒྱ་མཚོས་དཔལ་ལྡན་དགྲ་ཁ་སློབ་ཁང་ནས་བདས་སོང་བ་ནང་བཞིན་ལྷས་ཞོལ་མའི་སྲིབ་ཕྱོགས་སུ་དེད་དེ། སློབ་གཙོ་གངས་ལྷ་མེ་ཏོག་གིས་སྔོན་ཆད་རང་ཉིད་བསླངས་མྱོང་བ་བཞིན་དུ་ཁོའང་དྲང་མོར་གནས་དེ་ག་རང་དུ་ལངས་སུ་བཅུག ཡང་རང་གིས་ཡར་སྔོན་སློབ་མ་པྲ་ཆལ་ཡོད་དགུ་ལངས་སུ་བཅུག་མྱོང་བ་བཞིན་དུ། སློབ་མ་དྲེད་པོ་འདིར་ལན་གྲངས་གསུམ་པའི་ཆད་པ་དེ་བཅད་པ་རེད། ཁོ་འགྲོ་ཁར་ད་དུང“དེ་རིང་ང་མེད་རྒྱུ་ན། ཨ་ཡེ་མཁའ་འགྲོ་ཁོང་ཁྲོ་ལངས་ནས་ཁྱོད་ཀྱི་ནེ་ནེ⑬འབལ་ངེས་ཡིན། བལ་ནས་ཁྱི་ལྡོམ་དེ་ཚོར་སྟེར་ངེས་ཡིན། ད་རྔ་མ་དེར་ལྟོས་ལ་ཞིབ་ཏུ་འདང་རྒྱོབས། སང་ཕྱིན་པྲ་ཆལ་གྱི་བྱ་བ་མི་ལས་པའི་དམ་བཅའ་ཡི་གེ་འབྲི་བའི་ཐད་བསམ་བློ་ཐོངས”ཞེས་གཟབ་ནན་ངང་བཤད།
བརྩོན་འགྲུས་རྒྱ་མཚོ་སློབ་ཁང་ནང་འཛུལ་ནས་ཅང་མ་འགོར་བར། སློབ་མ་ཚོས་སློབ་ཚན་ཀློག་འདོན་བྱེད་པའི་སྒྲ་དེ་ཤེལ་སྒོ་བཅགས་ཟིན་པའི་སྒེའུ་ཁུང་རེ་གཉིས་བརྒྱུད་ནས་གྲགས་འོངས། ཉིན་འདི་དག་ནང་ཁོས《མི་དམངས་ལ་ཞབས་འདེགས་ཞུ་བ》ཞེས་པའི་སློབ་ཚན་དེ་ཁྲིད་བཞིན་པ་འདྲ། སློབ་མ་ཚོས་སྐད་གདངས་མཉམ་པོར“ང་ཚོའི་གུང་ཁྲན་ཏང་དང་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་པ་ལུའུ་ཅུན་དང་ཞིན་སི་ཅུན་ནི་གསར་བརྗེའི་དཔུང་སྡེ་ཞིག་ཡིན། ང་ཚོའི་དཔུང་སྡེ་འདི་ནི……”ཞེས་ཀློག་འདོན་བྱེད་པའི་སྒྲ་གསལ་ཞིང་དྭངས་པ་དེ་སྒྲ་འཛིན་གྱི་བུ་གར་མཚམས་མེད་དུ་འཛུལ་ཡོང་།
1976ལོའི་ཟླ11པའི་ཚེས18ཉིན། གཟའ་ཕུར་བུ། གནམ་ངོ་དྭངས།
དོ་དགོང་ཡང་སློབ་གྲྭའི་དགེ་རྒན་ཚོར་རང་རང་སར་དོན་དག་ཡོད་པས། སློབ་གྲྭ་གྲོལ་མ་ཐག་སོ་སོའི་ཁྱིམ་དུ་བུད་སོང་།
ང་ལ་ལས་རྒྱུ་ཆེར་མེད་པས། དེ་སྔོན་ཡན་ལག་སློབ་གྲྭ་དག་ལ་ལྟ་ཞིབ་ཏུ་ཕྱིན་པར་བྲིས་པའི་སྤྱི་བསྡོམས་ཡི་གེ་དེ་བསྐྱར་བཅོས་བྱས། བྱ་བ་གང་ཡིན་ཡང་དུས་ཐོག་ཏུ་སྤྱི་བསྡོམས་བྱ་རྒྱུ་ནི་གལ་ཧ་ཅང་ཆེ། དེ་ལྟ་བས་ན་ལོག་ལམ་དུ་འགྲོ་བའི་ཆ་ནི་ཁོལ་མ་ཁོལ་ཐོག་ཏུ་ཡོ་བསྲང་བྱེད་ནུས། འདི་ལ“དངོས་ཐོག་བདེན་འཚོལ”ཞེ་ན་ཨེ་འགྲིག་གམ།
རང་གིས་ལས་ཀ་དངོས་ཀྱི་ནང“དངོས་ཐོག་བདེན་འཚོལ”བྱེད་ཐུབ་ཡོད་དམ།
ཕལ་ཆེར་ཡོད་ཐུབ་རྒྱུ་མ་རེད།
ཕྱི་དྲོ་སློབ་གྲྭ་གྲོལ་མ་ཐག དགེ་རྒན་ལི་ཆིན་ཧོ་ནི་ལྕགས་རྟར་བཞོན་ཏེ་རང་ཁྱིམ་དུ་བུད་སོང་ལ། ཉིན་མོ་དེར་དགེ་རྒན་ཀྲང་ཅན་གྱིས་ཀྱང་ཕ་རྒན་སྨན་ཁང་ལ་སྟོན་དགོས་ཟེར་ནས་གནང་བ་ཞུས་པར་བརྟེན། བརྩོན་འགྲུས་རྒྱ་མཚོར་ཁོམ་པ་ཡོད་པས་རེ་ཞུ་བྱས་པ་ལྟར། གངས་ལྷ་མེ་ཏོག་གིས་རང་གི་ཉལ་ཁང་ནང་ཁོ་ལ་རྩིས་རིག་ཁྲིད་བཞིན་ཡོད།
ཆུ་ཚོད་ཕྱེད་ཀ་ལྷག་འགོར་མཚམས་སུ། སྒོར་ཐང་གི་ལྷ་སྐྱིད་དང་སློབ་གྲོགས་བུ་མོ་གཞན་ཞིག་ཚབ་ཚུབ་ངང་མོའི་ཉལ་ཁང་སྒོ་ཁར་བརྒྱུགས་ཡོང་ལ། དེ་ནས་དབུགས་ཧལ་ཧལ་དུ་ལེན་ཞོར“མ་འགྲིག་ཐལ། ད་ཅི་སྒོར་ཐང་དང་ཐང་རྔ་ཡི་ཞི་ལི་ཚོ་མ་འགྲིག་པར་རྡོ་འཛིང་བྱས་པས། སྒོར་ཐང་གི་དགའ་རབ་ར་མགོས་ཐང་རྔ་ཡི་ཆོས་དཔལ་གྱི་མིག་ཕུད་སོང་། མིག་ནང་དུ་ཁྲག་བར་མེད་བཞུར་གྱིན་འདུག”ཅེས་ཡར་ཞུ་བྱས་བྱུང་བ་ལ།
སློབ་གཙོ་གངས་ལྷ་མེ་ཏོག་གི་ངོ་མདངས་གློ་བུར་འགྱུར་བཞིན“ཁོ་ཚོ་ད་ལྟ་གང་དུ་ཡོད་དམ”ཞེས་དྲིས་རྗེས། བརྩོན་འགྲུས་རྒྱ་མཚོར་གཏད་ནས“ང་ཚོ་ད་ལམ་ལ་ཆས”ཞེས་བཤད་འོངས།
ལྷ་སྐྱིད་ཀྱང་ཅུང་འཚབ་བཞིན་པ་འདྲ། ངག་དིག་བཞིན་དུ“ཆོས། ཆོས་དཔལ་ཁོ་སློབ་གྲོགས་འགས་བསྐྱོར་ནས་ཐང་རྔའི་ཕྱོགས་སུ་བུད་ཐལ། དགའ་རབ་ར་མགོ་ཁོ་ཚོ་ཡང་སྐྲག་ནས་སྒོར་ཐང་ཕྱོགས་སུ་བྲོས་སོང”ཞེས་བྱེ་བྲག་གི་གནས་ཚུལ་བསྡུས་པ་ཞིག་བརྗོད།
“ཡ། ཁྱོད་གཉིས་དུས་ལྟར་ཡར་ཞུ་བྱེད་དུ་ཡོང་བ་བཟང་འདུག ལམ་ནས་དལ་འགོར་མི་བྱེད་པར་ཡུལ་ལ་སོང་ཨ།”
མོས་དེ་སྐད་ལབ་རྗེས། སྒོར་འགྲོ་བའི་སྟ་གོན་བྱེད་མགོ་བརྩམས།
སློབ་གྲྭའི་ཕྱི་སྒོར་ཟྭ་རྒྱག་སྐབས། གངས་ལྷ་མེ་ཏོག་གིས“ཆོས་དཔལ་ཟེར་བ་དེ་ཐང་རྔ་རུ་ཁག་གི་སུའི་བུ་རེད”ཅེས་དྲིས་པར། བརྩོན་འགྲུས་རྒྱ་མཚོས“ར་རྫི་རྒད་པོ་རྒྱ་གར་གྱི་བུ་རེད། ཁོ་ཡང་པྲ་ཆལ་ཞིག་ཡིན་པས། དགའ་རབ་ར་མགོ་ཡི་རྗེས་སུ་ཆོད་ལ་ཉེ”ཞེས་བཤད་རྗེས། ཡང་སེམས་འཚབ་བཞིན“འུ་གཉིས་མྱུར་དུ་འགྲོ། ད་འགྲོ་ན་ཐང་རྔ་རུ་ཁག་ལ་འགྲོ་དགོས་པ་ཨེ་རེད”ཅེས་དྲིས་པར།
གངས་ལྷ་མེ་ཏོག་གིས་སེམས་ཐག་ཆོད་པོའི་ངང“རེད”ཅེས་ལན་བཏབ་རྗེས། ཁོ་གཉིས་སློབ་གྲྭའི་སྨད་དུ་ཐང་རྔའི་ཕྱོགས་སུ་འཐེན་པའི་ལམ་བུ་དེར་ཞུགས་ནས་རྒྱུག་མ་འདུར་གྱིས་ཕྱིན།
ཁྱིམ་དེ་གར་ཡོད་འདྲི་རྩད་བྱེད་ཞོར་ཕྱིན་པ་ལ། ཅང་མ་འགོར་བར་བཙལ་ནས་རྙེད་སོང་སྟེ། ཁོ་ཚོས་ཆོ་ངེ་འདོན་བཞིན་པའི་ཆོས་དཔལ་ཤིང་རྟ་འཁོར་ལོ་ཞིག་གི་ནང་བཞག་ནས་རྫོང་སྨན་ཁང་དུ་འདྲུད་རྩིས་བྱས་འདུག ར་རྫི་རྒད་པོ་རྒྱ་གར་ནི་ངོ་ནག་རོག་གེར་བུ་ཡི་ལུས་སྟེང་སློག་པ་འགེབ་པ་སོགས་བྱེད་བཞིན་པས། དགེ་རྒན་གཉིས་ཀ་སླེབས་པ་མཐོང་ཡང་ཅང་མི་ཟེར་ནའང་། ཁོའི་ཆུང་མ་ངོ་དམར་སྐྲ་ལོ་སྒྱིད་ཁུགས་སུ་སླེབས་པ་དེ་བརྒྱུགས་ཡོང་ནས་སློབ་གཙོ་གངས་ལྷ་མེ་ཏོག་གི་སྟེང་དུ་འཐམས་བྱུང་སྟེ། མོར་འཐམས་ཏེ་འཛིང་རེས་བྱེད་འདོད་པ་གང་ཞིག་བརྩོན་འགྲུས་རྒྱ་མཚོས་བཟུང་བྱུང་བར། མོས་གསར་བུ་སྟོབས་ཀྱིས་ཁེངས་པ་དེའི་བྲང་ཁ་སོགས་ལ་རྡེག་བཞིན“ཁྱོད་ཚོ་དགེ་རྒན་ཚོས་སློབ་མར་ཇི་ལྟར་བདག་བྱས་པ་ཡིན། སྒོར་ཐང་གི་ཁྱི་ཕྲུག་དེར་ཇི་ལྟར་སློབ་གསོ་བཏང་བ་ཡིན། ངའི་བུ་ཁྲ་ཕྲུག་འདྲ་བ་འདིའི་མིག་ཕུད་འདུག ངའི་ཞི་ལིའི་མིག་ཞར་ཚེ་ཇི་ལྟར་བྱའམ། ཨ་རྒྱ་གར། ཁྱོད་བུ་ཞིག་ཡིན་ན་ཕྱིར་ཡོང་རྗེས་དགའ་རབ་ར་མགོ་ཟེར་བ་དེ་སོད་ཅིག ཁྱོད་ཀྱིས་གསོད་མི་ཐུབ་ན་ང་གསོད་དུ་འགྲོ་རྒྱུ་ཡིན”ཞེས་ངུ་ཞོར་དང་ངར་སློང་ཞོར་བྱས་ནས་བཤད་འོངས།
“ཁྱོད་དགེ་རྒན་ཚོའི་ཐོག་ལ་ཤོར་ནས་ཅི་བྱེད། གཙོ་བོ་ཁྱི་ཕྲུག་དེ་ལན་པ་ཡིན། ངས་ཁྱི་ཕྲུག་དེ་གསོད་ངེས་ཅན་ཡིན། ཁྱོད་སེམས་བདེ་མོ་བྱས་ཆོག”ར་རྫི་རྒད་པོ་རྒྱ་གར་གྱིས་ཀྱང་བསྲན་མ་ཚུགས་པར་ངར་སྐད་འདྲ་ཞིག་སྒྲོག་ཞོར་དུ་སྨྲས་རྗེས། ཡང“གསར་བུ་ཚོ། མོ་ཁྱིམ་ལ་ཁྲིད་ཅིག ང་འགྲོ་རྒྱུ་ཡིན”ཟེར་བཞིན་ཤིང་རྟ་འཁོར་ལོར་ཁ་ལོ་བསྒྱུར་ནས་ཕྱིན་པར། དགེ་རྒན་གཉིས་ཀའང་ཁོའི་རྗེས་འབྲངས་ནས་སྲང་ལམ་དུ་ཞུགས།
གྱང་སྣ་ཞིག་ལ་སླེབས་དུས། གངས་ལྷ་མེ་ཏོག་གིས་སྐད་དམའ་མོས“བརྩོན་འགྲུས་རྒྱ་མཚོ། ང་ཁྱིམ་བདག་ལ་འགྲོགས་ནས་སྨན་ཁང་དུ་འགྲོ། ཁྱོད་རང་སྡེ་བའི་ནང་དུ་སོང་ལ་དགའ་རབ་ར་མགོའི་ཕ་མ་གཉིས་ལ་དོན་རྐྱེན་འདིའི་ཚབས་ཆེན་རང་བཞིན་གསལ་བོར་ཤོད། ནངས་དུས་སྒོར་མོ་བཟུང་ནས་སྨན་ཁང་དུ་སླེབས་པར་བྱོས་ཤིག”ཅེས་སྨྲས་རྗེས། ཡང་ཡིད་ལ་ཅི་ཞིག་འཁོར་བ་ལྟར“ཀྲང་ཅན་ཡང་སྨན་ཁང་དུ་ཡོད་པས། ཁོས་ང་ལ་རོགས་བྱས་པས་ཆོག སློབ་གྲྭ་མུ་མཐུད་དུ་ཚོགས་དགོས། དགེ་རྒན་ལི་ཆིན་ཧོ་ཁྱོད་གཉིས་ཀྱིས་ཧུར་བརྩོན་བྱེད་དགོས”ཞེས་གདམས།
ཐང་རྔ་རུ་ཁག་གི་གཡོན་ཟུར་དུ་སློབ་གྲྭ་དང་རྫོང་མཁར་ལ་འགྲོ་སའི་ལམ་གཉིས་འདྲེས་ས་དེར། བརྩོན་འགྲུས་རྒྱ་མཚོས་གོམ་མཚམས་གཞི་ནས་བཞག་སོང་། ཁོ་ལམ་འགྲམ་གྱི་དེའུ་འབུར་ཆུང་ངུ་དེའི་སྟེང་དུ་བུད་ནས་རྒད་པོ་རྒྱ་གར་དང་གངས་ལྷ་མེ་ཏོག་གཉིས་ལ་མིག་སྐྱེལ་བྱས། ཁོ་གཉིས་གྲམ་པར་འབབ་སའི་ལམ་སྣེ་རུ་ཡལ་མ་ཐག གཞི་ནས་ཁ་ཕྱིར་འཁོར་ཏེ་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་རང་སྡེ་བའི་ཕྱོགས་སུ་ཕྱིན།
ཕྱི་ཉིན་སྔ་དྲོ། རྫོང་སྨན་ཁང་གི་སྨན་པ་ཚོས་ལས་མགོ་བརྩམས་ནས་ཅང་མ་འགོར་བར། གངས་ལྷ་མེ་ཏོག་གིས་ནངས་འཚལ་ལ་བཏུང་རྒྱུའི་ཟ་མ་ཞིག་བསྐོལ་ནས་སློབ་བུ་ཆོས་དཔལ་སྡོད་སའི་ཐོག་ཁང་གི་རྩེག་རིམ་དང་པོའི་ནད་ཁང་དེའི་ནང་སླེབས་པ་དང་།
རོགས་སུ་མོའི་ཨ་ཕ་འཇིགས་མེད་རབ་བརྟན་དང་དགེ་རྒན་ཀྲང་ཅན་གཉིས་ཀའང་འདུག
མདང་དགོང་སྨན་བཅོས་བྱས་པ་བརྒྱུད་ནས། ད་ནི་སློབ་བུ་ཆོས་དཔལ་གྱི་ན་ཟུག་ཡོངས་སུ་བཞག་ཟིན་པ་འདྲ། སྔུར་བ་ཡང་མོ་ཞིག་འཐེན་བཞིན་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་འདུག མིག་གི་མཚམས་དེ་སེང་རས་དཀར་པོས་གཅུད་ནས་ཁ་སྣ་དང་ཐོད་པ་ལས་ངོ་ཚུགས་ཆ་ཚང་ཞིག་རིག་མི་ཐུབ། སྐྲངས་ད་རུང་ཞི་མེད་པས་སྔོན་ཆད་ཀྱི་ཁ་སྣ་དེ་ཇེ་ཆེར་རབ་ཅིག་སོང་འདྲའི་སྣང་བ་སྟེར། ར་རྫི་རྒད་པོ་རྒྱ་གར་གྱིས་རྐུབ་སྟེགས་ཤིག་ཁྱེར་ཡོང་ནས་ཅུས་ཀྲང་དེའི་སྟེང་ལ་སྡོད་དུ་བཅུག
ཅུས་ཀྲང་འཇིགས་མེད་རབ་བརྟན་གྱིས“ཡ་རྒད་པོ། ད་སེམས་ཁུར་མ་བྱེད། ཐོག་མར་ནངས་འཚལ་ཐུངས་དང་། ཅུང་ཙམ་ནས་ངས་སྨན་པ་ཚོའི་ས་རུ་རྒྱུས་ལོན་ཞིབ་མོ་ཞིག་བྱེད”ཅེས་སྨྲས་རྗེས། ཡང་བསྐྱར་ནད་པར་བལྟས་ནས་བསྡད་བྱུང་།
རྒད་པོས་ནངས་འཚལ་འཐུངས་ཚར་ནས་ཅང་མ་འགོར་བར། སྨན་པ་རྣམས་ནད་པར་བརྟག་དཔྱད་བྱེད་དུ་བུད་ཡོང་བས། ནད་སྲུང་མཁན་དང་ཁམས་འདྲི་ལ་ཡོང་བའི་མགྲོན་པོ་རྣམས་སྒོར་འགྲོ་རུ་བཅུག ཁོ་ཚོ་བར་ཁྱམས་སུ་ལངས་ནས་སྡོད་དུས། སངས་རྒྱས་སྐྱབས་ཀྱིས་དགའ་རབ་ར་མགོའི་ཨ་ཕ་ཁྲིད་ནས་མགྱོགས་མྱུར་ངང་ཁོ་ཚོ་དམིགས་ནས་སླེབས་བྱུང་། ཁོ་གཉིས་ཡོང་བཞིན་པ་མཐོང་འཕྲལ་ར་རྫི་རྒད་པོ་རྒྱ་གར་ནི་ཕ་གསོད་ཀྱི་ལག་དམར་ཞིག་ལ་ཕྲད་པ་བཞིན་ངག་ནས“ཨ་ཁྱི་རྐུན། ཁྱོད་ཀྱིས་ངའི་ཞི་ལིའི་མིག་ཚབ་དགོས། ངའི་ཞི་ལིའི་མིག་ཚབ་མི་ཐུབ་ན། ངས་ཁྱི་ཕྲུག་དེ་ཤ་ཉོག་རུས་ཉོག་ལ་གཏོང་ངེས”ཟེར་བཞིན་ཕར་ཤོར་སོང་བར། སངས་རྒྱས་སྐྱབས་ཀྱིས་ཀྱང་དེ་འདྲའི་གནས་ཚུལ་འབྱུང་བར་སེམས་ཀྱིས་གྲ་སྒྲིག་བྱས་ཡོད་པ་འདྲ། ཚུར་ལ་བརྒྱུགས་ཡོང་ནས་རྒད་པོ་རྒྱ་གར་དམ་དུ་བསྡམས། ཟང་ཟིང་གི་རྣམ་པ་དེ་མཐོང་བས། ནད་པ་སྲུང་མཁན་སྐོར་ཞིག་དེ་གར་རུབ་ནས་བུད་ཡོང་ལ། སྨན་པ་རེ་གཉིས་ཀྱང་སྒོར་བུད་ནས་བལྟས་ཙམ་བྱས་བྱུང་།
བར་དེར་ཅུས་ཀྲང་འཇིགས་མེད་རབ་བརྟན་ཡང་ཕར་ཕྱིན་ཏེ། ཧྲུའུ་ཅི་སངས་རྒྱས་སྐྱབས་ལ་རོགས་བྱས་ནས་རྒད་པོ་རྒྱ་གར་གྱི་དཔུང་བ་ཡ་གཅིག་ནས་བཟུང་རྗེས། ཁོ་གཉིས་ཀས་ཁྲོས་འཁྲུག་རྔམས་པའི་རྒད་པོ་དེ་དྲུད་པ་འདྲ་ཞིག་བྱས་ཤིང་ཐོག་ཁང་གི་སྒོ་ཁའི་ཕྱོགས་དེ་དམིགས་ནས་ཕྱིན། གངས་ལྷ་མེ་ཏོག་གིས་གོ་སྐབས་དེ་དམ་འཛིན་བྱས་ནས་དགའ་རབ་ར་མགོའི་ཨ་ཕར་ཅི་ཞིག་བཤད་སོང་བར། རྒད་པོ་དེས་མགོ་བོ་ལྡེམ་ལྡེམ་དང་བཅས་ཁ་ནས“ཡ་ཡ”ཟེར་བཞིན་ཡོད་ཚད་ཁས་ལེན་བཞིན་མཆི། དགེ་རྒན་ཀྲང་ཅན་གྱིས“བལྟ་རྒྱུ་ཅི་ཞིག་ཡོད་དམ། ཕྱིར་རང་རང་སར་སོང་ཞིག”ཅེས་ནད་པ་སྲུང་མཁན་དེ་དག་ལ་བརྗོད་མ་ཐག དེ་ཚོས་ཀྱང་ལྟད་མོ་ཅི་ཡང་མེད་པ་ཧ་གོ་བས་རང་རང་སར་ཕྱིན།
ནད་པ་སྡོད་སའི་ཐོག་ཁང་གི་གྲུ་ཟུར་ཞིག་ཏུ། ཁོ་གཉིས་ཀྱིས་རྒད་པོ་རྒྱ་གར་གྱི་དམ་དུ་བཟུང་བའི་དཔུང་བ་དེ་གློད་སོང་སྟེ། མཐུད་ནས་སེམས་ལྷོད་ལ་ཕབ་ནས་སེམས་གཏམ་བཤད་མགོ་བརྩམས།
“རྒད་པོ་རྒྱ་གར། ཁྱོད་ལ་ཁག་མི་འདུག གནམ་འོག་གི་ཕ་མའི་སེམས་ཡོད་ཚད་གཅིག་པ་གཅིག་རྐྱང་ཡིན། ང་ཚོས་རྒྱུས་ལོན་བྱེད་ཐུབ། གངས་ལྷས་མདང་དགོང་དོན་རྐྱེན་འདིའི་མགོ་མཇུག་བར་གསུམ་བཤད་པས་ངས་འདང་ཞིབ་མོ་བརྒྱབ་པ་ཡིན། གལ་ཏེ་དེ་རིང་ནད་ཁྲིའི་ཐོག་ཉལ་ཡོད་པ་དེ་དགའ་རབ་ར་མགོ་ཟེར་བ་དེ་ཡིན་ན་ཁྱོད་ཀྱིས་ཇི་ལྟར་བསམ་མམ། གལ་ཏེ་ཁྱོད་ཀྱིས་ནད་བཅོས་བྱེད་སྤྱད་ཀྱི་སྒོར་མོ་བཟུང་ཞིང་སེམས་ཁྲལ་བྱེད་བཞིན་སྨན་ཁང་དུ་ཡོང་ཚེ། ཕ་རོལ་པོས་གཤེད་མས་གཤེད་མ་མཐོང་བ་བཞིན་དུ་ཁྱོད་ལ་སྡང་སྡིགས་བཀོལ་དུས། ཁྱོད་ལ་དྲན་འཆར་ཅི་འདྲ་ཞིག་འབྱུང་ངེས། མི་ཞིག་ཡིན་ན་ངེས་པར་མི་རང་ས་དང་རང་མི་སར་བཞག་ནས་འདང་རྒྱག་ཤེས་དགོས། དེ་ལྟར་འདང་བརྒྱབ་ཚེ་ཡོད་ཚད་ལ་འདང་ཕོག་ངེས་ཡིན། ད་ནི་ང་ཚོའི་བྱ་བ་གཙོ་བོ་འཁོན་འཛིང་བྱ་རྒྱུ་དེ་མིན། དགྲ་ཤ་རྩོད་རྒྱུ་དེ་མིན། གཙོ་བོ་བུ་ཆོས་དཔལ་གྱི་མིག་བསྐྱབ་རྒྱུ་དེ་ཡིན། ཁོ་ལ་འོད་སྣང་སྩོལ་རྒྱུ་དེ་ཡིན།”
ཅུས་ཀྲང་འཇིགས་མེད་རབ་བརྟན་གྱིས་གནས་ལུགས་ལུ་གུ་རྒྱུད་དུ་བསྟར་ནས་བཤད་པར། ར་རྫི་རྒད་པོ་རྒྱ་གར་གྱི་ཁོང་ཁྲོའང་ཅུང་ཞི་རུ་བཅུག་ཟིན་པ་འདྲ། ཁོར་ཟེར་རྒྱུས་ཕོངས་ཏེ“མི་ངན་དེས་བསམ་གཟས་ནས་ངའི་བུ་ཡི་མིག་ནང་དུ་བརྒྱབ་པ་ཡིན། ང་འབྱོར་མེད་གྲལ་རིམ་རེད་བསམས་ནས་དོན་རྐྱེན་འདི་བསླངས་པ་རེད”ཅེས་སྨྲས་བྱུང་།
“ཁྱོད་ཀྱིས་དེ་ལྟར་འདང་རྒྱག་མི་རུང་། བསམ་གཟས་ནས་བརྒྱབ་ཚེ་མིག་ནང་ལ་ཁེལ་བའི་ངེས་པའང་མེད། ཅུས་ཀྲང་འཇིགས་མེད་རབ་བརྟན་གྱིས་བཤད་པ་ངོ་མ་གནས་ལུགས་དང་མཐུན། དགའ་རབ་ཀྱི་ཨ་ཕས་ད་ནངས་ལམ་ཧྲིལ་པོར་སེམས་ཁུར་བྱས་ནས་བུད་ཡོང་། སྒོར་མོ་མེད་པར་གཞན་ལ་བསྐྱིས་ནས་ཡོང་ཡོད། ཆོས་དཔལ་གྱི་མིག་དྲག་སོང་ན་དོམ་ཅི་འདྲ་ཁུར་དགོས་ཀྱང་འཁུར་ངེས་ཟེར་ནས་ཡོང་བ་ཡིན། ད་གཙོ་བོ་གཅིག་གིས་གཅིག་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ།”སངས་རྒྱས་སྐྱབས་ཀྱིས་ཀྱང་ཅུས་ཀྲང་གི་སྐད་ཆར་རམ་བུ་བཏེགས་ནས་སྨྲས་རྗེས། ཡང་ཅི་ཞིག་དྲན་བྱུང་བ་ལྟར“ཁོས་མདང་དགོང་དགའ་རབ་གནམ་ལ་བཏགས་ནས་གཅར་བ་ཡིན་ཟེར། ཁ་ནང་ལ་རྩམ་དྭངས་མི་འགྲོ་བ་ཞིག་གཅར་སོང་ཟེར། མདོར་ན་མི་དགོས་ས་རུ་བྱིས་པ་གཉིས་ཀས་གྱོང་རེག་འདུག”ཅེས་བཤད་རྗེས་རྒད་པོ་རྒྱ་གར་གྱི་གདོང་ལ་བལྟས་ནས་བསྡད།
མཚམས་དེར་གངས་ལྷ་མེ་ཏོག་ནི་ཐོག་ཁང་གི་སྒོར་བུད་དེ་ཕར་ལྟ་ཚུར་ལྟ་ཞིག་བྱས་པར། ཁོ་གསུམ་པོས་ཅི་ཞིག་གི་ཁ་བརྡ་བྱེད་བཞིན་པ་མཐོང་བས། སྐད་མགོ་མཐོ་རུ་བཏེགས་ནས“ཨ་ཕ། སྨན་པས་ཁྱོད་འབོད་བཞིན་འདུག་པས་མྱུར་དུ་ཡོང་རོགས། ཁྱོད་ལ་བཤད་རྒྱུ་ཞིག་ཡོད་པ་འདྲ”ཞེས་ལབ་འོངས།
ཅུས་ཀྲང་འཇིགས་མེད་རབ་བརྟན་སྨན་པའི་ས་ནས་ཕྱིར་ནད་ཁང་དུ་ཡོང་དུས། ཁོ་ཚོ་ཚང་མ་དེ་གར་འདུས་ནས་འདུག ཁོས་སྐད་དམའ་མོས“ང་ལས་ཁུངས་སུ་འགྲོ་རན་ལ་སླེབས་སོང་བས་འགྲོ་རྒྱུ་ཡིན། ཧྲུའུ་ཅི་དང་གངས་ལྷ་གཉིས་སྒོར་ཤོག་དང་།
ང་ཁྱོད་གཉིས་ལ་བཤད་རྒྱུ་ཞིག་འདུག”ཟེར་བཞིན་སྒོར་བུད།
ཐོག་ཁང་གི་སྒོ་སྔུན་དུ། ཅུས་ཀྲང་གི་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་བཞིན“སྨན་པས་བཤད་པ་ལྟར་ན་མིག་གི་རྒྱལ་མོ་གཅོལ་འདུག་ཟེར། ད་སྨན་བཅོས་རེ་བྱེད་པ་ལས་ཐབས་གཞན་མེད་གསུངས་བྱུང་། ལག་ཆགས་ན་མིག་རྫུན་མ་སྤྲད་ཆོག་ཟེར་བས། དོན་དེ་ཁྱོད་གཉིས་ཀྱིས་ཁྱིམ་ཚང་ གཉིས་ཀར་བཤད་ཤེས་བྱོས། གཞུག་བཤད་མེད་པ་ཞིག་སྒྲུབ་རོགས”ཞེས་སྨྲས་རྗེས། གོམ་ཞེང་ཆེན་པོ་སྤོ་བཞིན་ལས་ཁུངས་ཕྱོགས་སུ་ཕྱིན་སོང་།
(འཕྲོ་མ་དེབ་རྗེས་མར་མུ་འགོད་བྱའོ)
མཆན་འགྲེལ།
① ཚར་མ། ཞིང་སྡེ་རུ་གྲོ་ཤོག་མང་བོ་མཐོན་པོར་བརྩིགས་པའི་དོན།
② འདུན། སྐྱེ་བོ་གང་ཞིག་ཚེ་ལས་འདས་པར་ཡུལ་མི་དག་གིས་མྱ་ངན་བྱེད་པ་ལ་གོ་དགོས།
③ ཨ་རྒྱ། ཨ་མདོའི་ཁ་སྐད་དེ། ཕུ་བོའི་དོན་ཡིན།
④ ཆུ་བཟང་སྐེ། སྒྲུང་རིང་འདིའི་ནང་གི་སྒོར་ཐང་སྡེ་བའི་གོང་དུ་ཆགས་པའི་སྡེ་བ་ཞིག་གི་མིང་།
⑤ ཁ་ལ་ཡུག བྱ་ཁུག་རྟའི་མིང་ཡིན།
⑥ ཝར་མ། ཨ་མདོའི་ཁ་སྐད་དེ། བུད་མེད་འཕྱོན་མའི་རིགས་ལ་གོ
⑦ ས་ས་སེའུ། འབྲི་ཏ་ས་འཛིན་གྱི་དོན་ཡིན།
⑧ སློང་། ཀེ་རེར་ལངས་སུ་བཅུག་པའོ།།
⑨ མགོ་ཡངས་གཏོར་བ། མགོ་བོ་ཐང་ལ་བརྡབས་དྲགས་པས་ཀླད་རུས་ལ་གནོད་སྐྱོན་ཕྲན་བུ་བྱུང་བའི་དོན།
⑩ ཟླ། སྐབས་འདིར་བྱིས་པ་བཙས་རྗེས་བུད་མེད་དེས་ཁྱིམ་ནང་ངལ་གསོས་ཡོད་པ་ལ་གོ་དགོས།
⑪ གཏད་མ། ཞིང་ས་སོགས་ཀྱི་མར་སྣེའི་དོན་ཡིན།
⑫ ཐེ་ཐེ། སྐབས་འདིར་ལས་ཀ་ངན་པ་དེའི་ནང་དུ་ཞུགས་པའམ་ཚུད་པའི་དོན།
⑬ ནེ་ནེ། ཨ་མདོའི་ཁ་སྐད་དེ། ན་ཆུང་བྱིས་པའི་ཕོ་མཚན་ལ་གོའོ།།
(རྩོམ་སྒྲིག་འགན་འཁུར་པ་མཁའ་འགྲོ་ཚེ་རིང་ཡིན)