དགུན་ཤ

སྟག་འབུམ་རྒྱལ། [མཚོ་ལྷོ] རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སྦྲང་ཆར། སྤེལ་དུས། 01-11


བཅུ་པའི་ལྔ་མཆོད་ཕར་ཡོལ་བའི་རྗེས་སུ། དུད་ཁྱིམ་དག་གིས་དགུན་ཤ་བཤའ་བའི་མགོ་བརྩམས་བྱུང་བས། ཁྱིམ་ཚང་རེ་རེར་སྡིག་དྲི་འཐུལ་བའི་མཁའ་དབུགས་སྟུག་པོ་ཞིག་གིས་ཡོངས་སུ་ཁྱབ།

འབྲི་རྒན་རོག་རིང་དེས་ལོ་བཞིན་བེའུ་མི་འཛིན་པས། བཤས་ནས་དགུན་ཤ་བྱས་ན་ཅི་འདྲ་རེད།ཕ་རྒན་གྱིས་ལག་གཡོན་པས་ཕྲེང་བ་འདྲེན་བཞིན་ཁོན་ཐར་ལ་བལྟས་ནསཁྱོད་ཀྱིས་ལག་རོགས་ཤིག་བོས་ནས་སང་ཉིན་བཤའ་བར་གྱིསཟེར།

ཁོན་ཐར་གྱིས་ཕ་རྒན་གྱི་སྐད་ཆ་དེའི་ཧ་མ་གོ་བ་ལྟརའོ་ན་ཁྱོད་ཀྱིས་འབྲི་མོའི་ཤ་མི་མནོག་པས། གཡག་སྐམས་ཤིག་བཤས་ན་བཟང་ཟེར་བ་མ་ཡིན་ནམཞེས་དྲིས།

ཕ་རྒན་གྱིས་མུ་མཐུད་དུ་ལག་གཡོན་པས་ཕྲེང་བ་འདྲེན་བཞིན་དུ། ཐག་གཅོད་བྱས་ཟིན་པའི་ཚིག་གིསགཡག་སྐམས་དག་བཞག་ནས་བཙོང་ན་ད་དུང་གོང་ཆེན་སྟེར་ངེས་རེདཅེས་བཤད་རྗེས། ལག་གཡས་པས་མདུན་གྱི་དཀར་ཡོལ་བླངས་ཏེ་ཇ་འཐུངས་བྱུང་ལ། དེ་ནི་ཁོའི་སྐད་ཆ་བཤད་ཚར་སོང་བའམ་སེམས་ཐག་བཅད་ཟིན་པའི་བརྡ་རེད།

ཁོན་ཐར་ནི་ཐབས་ཟད་པར་གྱུར་ཏེ་ཡར་ལངས་ཤིང་། ཕ་རོལ་ཏུ་ཧད་ནས་ཡོད་པའི་ཆུང་མ་རིག་མོའི་ངོ་ལ་བལྟས་ཙམ་བྱས་པ་ན། མོས་རེ་བ་གཏིང་ནས་ཆད་སོང་བ་ལྟ་བུའི་མིག་མདངས་ལྕི་མོ་ཞིག་གིས་ཁོ་ལ་བལྟས་འདུག་པ་མཐོང། དེའི་ནང་དོན་ནིཁྱོད་ཀྱིས་ད་དུང་ཕ་རྒན་ལ་གནས་ལུགས་ཤིག་བཤད་ན་མི་ཆོག་གམཞེས་པའི་ནང་དོན་ཡོད་པ་དང་འདྲ་ཡང་། ཁོའི་ཕ་རྒན་ནི་རང་ཉིད་ཀྱིས་སྐད་ཆ་བཤད་ཟིན་པའི་རྗེས་སུ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་ཤེས་ཀྱང་ཨུ་ཚུགས་ཀྱིས་རྒྱུན་འཁྱོངས་བྱེད་མཁན་ཞིག་ཡིན་པས། ཁོན་ཐར་གྱིས་རྦད་དེ་ཆུང་མའི་མིག་མདངས་དང་གཡོལ་ནས་ལྭ་བའི་གོང་བ་ཡར་སྡོག་ཙམ་བྱས་རྗེས་སྒོར་བུད།

ཁོན་ཐར་གྱིས་ཁྱམས་འོག་ཏུ་ཡོད་པའི་འཕྲུལ་རྟའི་སྟེང་གི་རས་ལྭ་རྙིང་བ་དེ་བླངས་ནས་སྤྲུག་ཙམ་བྱས་པ་ན། མཐའ་སྐོར་དུ་ས་རྡུལ་ཉིལ་ལེར་གྱུར་ཅིང་།

འཕྲུལ་རྟའི་རྭ་ཅོའི་ཐོག་དང་སྣུམ་སྒམ་གྱི་རྒྱབ་ཀུན་ཏུ་བཟོ་གྲྭ་ནས་མཛེས་སྤྲས་བྱེད་མ་ཤེས་པའམ། བཟོ་གྲྭའི་ཡིད་ལ་དྲན་མི་སྲིད་པའི་འགྱིག་ཤོག་གི་རི་མོ་སྣ་ཚོགས་ཤིག་སྦྱར་འདུག ཁོས་གོམས་སྲོལ་ལྟར་འཕྲུལ་རྟ་དེད་ཡོང་སྟེ་ར་སྒོར་སླེབས་འཕྲལ་གོང་དུ་བཞོན་ཏེ་གློག་སྒུལ་འཕྲུལ་ཆས་སྦར། སྐབས་དེར་ཆུང་མ་རིག་མོ་ཡང་ཕྱི་བཞིན་བརྒྱུགས་ནས་ཐོན་ཏེཁྱོད་གང་དུ་འགྲོ་ཟེར་བ་ཡིན་ནམཞེས་དྲིས།

ཁོན་ཐར་གྱིས་ཆུང་མའི་གདོང་ལ་བལྟས་དུས། མོའི་ངོ་མདངས་དམར་པོར་གྱུར་ཏེ་ད་སོ་མར་བཙོས་པའི་གོར་དམར་ཞིག་དང་མཚུངས། ཁོས་ང་སོང་ནས་ལག་རོགས་ཤིག་བཙལ་སྙམ་པ་ཡིནཞེས་ལན་བཏབ།

ཆུང་མ་རིག་མོ་ཧ་ཅང་དོགས་མི་བདེ་བའི་ངང་། མགོ་བོ་དུད་དེ་ཁོ་ལ་དགོངས་དག་ཞུ་བ་ལྟརཞོར་དུ་སྨན་ཁང་དུ་སོང་ནས་ང་ལ་སྦྲུམ་བརྟག་དཔྱད་ཆས་ཤིག་ཉོས་ལ་ཤོགཟེར།

ཁྱོད་ལ་དེ་ཡིས་ཅི་བྱེད་དམ།ཁོན་ཐར་གྱིས་མོའི་གློ་བུར་བའི་སྐད་ཆ་དེ་ཐོས་འཕྲལ་ཅུང་ཡིད་མི་ཆེས་པ་ལྟར་མོའི་རྣམ་འགྱུར་ལ་ཅེར་ནས་སྡོད་དགོས་བྱུང་།

ཆུང་མའི་ངོ་གདོང་སྔར་ལས་ཀྱང་དམར་པོར་གྱུར་ཏེ། ཁོ་ལ་ལན་མི་འདེབས་པརམི་ཉོ་ནའང་ཁྱོད་ཀྱིས་ལྟོསཞེས་བཤད་འཕྲལ། དེའི་མུར་ཁ་ཕྱིར་འཁོར་ཏེ་མགྱོགས་མྱུར་ངང་ཕྱིར་ཁྱིམ་དུ་བུད་སོང་། ཁོན་ཐར་གྱིས་ཁ་གདངས་ནས་མོའི་རྒྱབ་གཟུགས་ལ་བལྟས་ཏེ་སྡོད་དགོས་བྱུང་ཞིང་། མོ་ནག་འཚུབ་བེར་སྒོ་ནང་དུ་འཛུལ་སོང་ལ། ནག་འཚུབ་བེར་སྒོ་ནང་དུ་འཛུལ་བ་དེས་ཁོ་གཉིས་ཀྱི་འབྲེལ་ཐག་གཏན་ནས་ཆད་པ་ལྟར་གྱུར།

དང་ཐོག་ཁོ་ལས་ཀྱང་ཕ་རྒན་གྱིས་ཆུང་མ་རིག་མོ་ལ་ཧ་ཅང་གཅེས་པ་ཡིན་མོད། ཡིན་ནའང་ཡུན་རིང་བོ་འགོར་ཡང་མོར་མངལ་སྦྲུམ་རྒྱུ་མ་བྱུང་བས། རིམ་བཞིན་ཕ་རྒན་གྱི་དུངས་པ་ལྷོད་པར་གྱུར་ཏེ་ནམ་རྒྱུན་ཁོ་གཉིས་ལ་བཀའ་བཀྱོན་གནང་གིན་འདུག་པས། སྐབས་དེ་དག་ཏུ་མོའི་ངོ་མདངས་འདི་ལྟར་དམར་པོར་གྱུར་འགྲོ་ལ། ལན་རེར་གཅིག་པུ་ཕྱི་རོལ་ཏུ་བུད་དེ་སུས་ཀྱང་མི་ཚོར་བའི་ངང་མིག་ཆུ་འདོན་པར་བྱེད།

ཁོན་ཐར་གྱི་སེམས་ལ་འབྲི་རྒན་གྱིས་བེའུ་མི་འཛིན་པས་དགུན་ཤར་ཤོས་ཤིག་ཟེར་བ་དེ་མོའི་སེམས་ལ་བསྣད་སོང་བ་ཨེ་ཡིན་ནམ་སྙམ་མོད། འབྲི་རྒན་ནི་ཟོག་ཡིན་པ་དང་མོ་ནི་མི་ཡིན་པས། དེ་ལྟར་གཤིབ་སྡུར་བྱེད་དོན་མི་འདུག་བསམས་ནས་དོ་སྣང་ཆེན་པོ་མ་བྱས་པར་གཞི་ནས་ལམ་ལ་ཆས། ཁོ་འགྲོ་ས་ནི་སྡེ་འདབས་སུ་ཡོད་པའི་ཡུལ་ཚོའི་ཁྲོམ་རའི་ནང་ཡིན་ཞིང་། སྡེ་བའི་ནང་གི་ལས་ཀ་མེད་པའི་ན་གཞོན་དག་ནམ་རྒྱུན་དེ་གར་འདུས་ནས་ཡོད་དེ། ཁོ་ཚོ་འགའ་རེས་མཱ་ཅང་རྩེ་བ་དང་། ལ་ལས་གཞོང་གྲུག་རྒྱག་ལ། སྐོར་ཞིག་གིས་ཆང་འཐུང་བ་སོགས་བྱས་ཏེ་ཉི་མ་སྐྱེལ་གྱིན་ཡོད། སྤྱིར་ན་སང་ཉིན་དགུན་ཤ་བཤའ་བར་ཡང་སྡེ་བའི་ནང་གི་ན་གཞོན་འགའ་ལ་ཁ་པར་བཏང་སྟེ་བོས་ན་ཆོག་ཀྱང་། ཉེ་བའི་དུས་ཤིག་ནས་བཟུང་། བཟང་ས་ཚོའི་ཁྲོད་དུ་ཕན་ཚུན་ལ་ཁ་པར་གྱི་ནང་ནས་རྫུན་ལབ་པའི་སྲོལ་ཞིག་དར་བར་བརྟེན། ཁོ་ཡུལ་དུ་ཡོད་དུསང་རྫོང་མཁར་དུ་ཡོདཟེར་ལ། ཁོ་རྫོང་མཁར་དུ་ཡོད་ཚེ་ཁ་པར་ལསང་ཟི་ལིང་དུ་ཡོདཟེར་བ་དང་། ཧ་ཅང་ཁོམ་སྟེ་ཡོད་པའི་སྐབས་སུའང་།ཨ་ཙི་ཙི། ད་ལྟ་ང་ཧ་ཅང་བྲེལ་བ་ཆེ་བའི་སྒང་ཡིནཟེར་བ་ཡིན་པས། ཁོན་ཐར་གྱི་སེམས་ལ་རང་ཉིད་དངོས་སུ་སོང་སྟེ་ལག་རོགས་ཤིག་བཙན་ཁྲིད་བྱས་ནས་ཡོང་དགོས་སྙམ་པ་བྱུང་།

ཁོན་ཐར་གྱིས་འཕྲུལ་རྟ་སིང་སིང་བསྐོར་ནས་འགྲོ་བའི་སྐབས་སུ། གློ་བུར་རུམ་ནང་གི་ལག་འཁྱེར་ཁ་པར་གྱི་དྲིལ་བརྡ་གྲག་གིན་པ་ཐོས་པས། ལམ་འགྲམ་ཞིག་ཏུ་བསྡད་ཅིང་རྐང་བ་གཡས་པ་ས་རུ་བརྟེན་ཏེ་རུམ་གྱི་ཁ་པར་བླངས་ནས་བལྟས་པ་ན། ཁ་པར་ཡོང་མཁན་ནི་ཨང་གྲངས་ཆ་མེད་ཅིག་ཡིན་འདུག ཡིན་ནའང་ཁོས་ཁ་པར་ལ་ལྟ་བཞིན་པའི་སྐབས་དེར་དྲིལ་བརྡ་གྲག་པའི་དུས་ལས་ཡོལ་བས་མཚམས་བཞག་སོང་།

ཁོས་ཁ་པར་གཏོང་མཁན་སུ་ཡིན་ལ་བསམ་བློ་ཞིག་བཏང་ཡང་ཡིད་དུ་འདི་ཡིན་གྱི་ཕྱོགས་ཙམ་ཡང་འཆར་རྒྱུ་མི་འདུག་པས། ཨང་གྲངས་དེའི་ངོས་ནས་ཕྱིར་ལྡོག་གིས་ཁ་པར་བཏང་།

ཅང་མ་འགོར་བར་ཕ་རོལ་པོས་ཁ་པར་བླངས་བྱུང་མོད། ཡིན་ནའང་རྣ་བའི་བུ་གར་འཚངས་ཡོང་བ་ནི་ཁྲོམ་རའི་ནང་དུ་སླེབས་པ་ལྟ་བུའི་མི་མང་གི་འུར་ཟིང་བྱེད་པའི་སྒྲ་ཁོ་ན་ལས་སྐད་ཆ་བཤད་མཁན་མི་འདུག

ཝེ། ཁྱོད་སུ་ཡིན།ཁོན་ཐར་གྱིས་སྐད་མཐོན་པོས་དེ་ལྟར་དྲིས་ཀྱང་། ཕ་རོལ་པོས་ད་དུང་ཡང་ཁ་མི་གྲག་པར་འདུག་པས། ཁོའི་སེམས་ལ་ཅི་བྱུང་མེད་པའི་བྲེལ་ཚུབ་ཅིག་སྐྱེས།

ཁོན་ཐར་གྱིས་ཡང་བསྐྱར་དྲིས་ཀྱང་ད་དུང་ཁ་མི་གྲག་པས། ཅུང་ཚིག་པ་ཟོས་ཏེཝེ། ཁྱོད་ཀྱིས་ཁ་མི་གྲག་ན། ངས་ཁ་པར་གྱི་སྒོ་གཏན་རྒྱུ་ཡིནཞེས་སྡང་ཚིག་སྨྲས།

ཁ་པར་ལས་གཞི་ནས་བུད་མེད་ཅིག་གི་སྐད་ཐོས་ཡོང་། མོསདེ་རིང་ཁྱོད་ལ་ཁོམ་པ་ཨེ་ཡོདཟེར། སྐད་གདངས་དེ་ནི་ཧ་ཅང་ཟབ་པའི་དོང་ནང་ཞིག་ནས་གྲགས་ཡོང་བ་ལྟར་ཧ་ཅང་གཉོམ་ཞིང་དམའ་བ་ཞིག་ཡིན་འདུག

ཁོན་ཐར་ཅུང་རྟབ་རྟབ་པོར་གྱུར། རེ་ཞིག་ཅི་བཤད་དགོས་པའང་མི་ཤེས་པས། ད་སྔོན་གྱི་ངར་སྐད་ནི་དེ་མ་ཐག་ཇེ་གཉོམ་དུ་གྱུར་ཅིང་། ཧ་ཅང་གུས་ལུགས་ཡོད་པའི་ངང་ནསཁྱོད་སུ་ཡིན་ཨངཞེས་དྲིས་ལ། འདྲི་བཞིན་དུ་ཀླད་པ་ནི་འཕྲུལ་རྟའི་གློག་སྒུལ་འཕྲུལ་ཆས་འཁོར་བ་ལྟར་སྐད་ཅིག་ལ་སྡོད་པ་མེད་པར། སྐད་གདངས་འདི་དང་འདྲ་བའི་བུད་མེད་སུ་ཡོད་ལ་བསམ་བློ་བཏང་སྟེ་བཙལ།

ཕ་རོལ་པོས་ཆེད་དམིགས་ཀྱིས་དྲང་མོར་འཆད་ཀྱིན་མི་འདུག སྐད་གདངས་གློ་བུར་འགྱུར་ཏེ་དགོད་བཞིན་དུཁྱོད་ཀྱིས་ཨེ་ཁེད་ལྟོས་དངཟེར། དགོད་སྒྲ་དེ་ནི་གཞན་ལ་ཀུ་རེ་རྩེ་བའི་དགོད་སྒྲ་ཞིག་ཡིན་པ་འདྲ་ལ། ཡང་ཧ་ཅང་འུ་ཐུག་པའི་དགོད་སྒྲ་ཞིག་ཀྱང་ཡིན་པ་འདྲ།

ཁོན་ཐར་གྱིས་ཇི་ལྟར་བསམ་བློ་བཏང་ཡང་སྐད་གདངས་མོ་དང་ཆ་འདྲ་བའི་བུད་མེད་ཅིག་ཡིད་ལ་དྲན་རྒྱུ་མི་འདུག་པས། ཅུང་དོགས་མི་བདེ་བའི་ངངངས་མི་ཤེས་པར་འདུགཅེས་བཤད་པ་ན། རང་ཉིད་ཀྱི་ངོ་གདོང་ཡང་ཚ་ལམ་ལམ་དུ་གྱུར།

ཕ་རོལ་པོས་ཀྱང་མུ་མཐུད་དུ་ཀུ་རེ་རྩེ་མ་བྱུང་།

མོསབརྗེད་སོང་ངམ། ང་ནི་ལྷ་མོ་སྒྲོལ་མ་ཡིན། ལྕགས་བྱམས་དང་འུ་ཚོ་རྫོང་མཁར་ནས་ལྷན་དུ་བསྡད་པ་མིན་ནམཟེར།

ལྕགས་བྱམས་ཟེར་བ་སྡེ་བའི་ནང་གི་རྐྱལ་སྟོང་ཞིག་ཡིན་ཞིང་། དུས་རྒྱུན་དུ་རྫོང་མཁར་ཉུག་ནས་ཚོང་ཙག་ཙིག་རྒྱག་གིན་ཡོད། ཕ་རོལ་པོས་དེ་ལྟར་བཤད་པ་ན། ཁོན་ཐར་གྱི་ཀླད་པའི་ནང་དུ་གློག་བཀར་བ་བཞིན་དགོང་མོ་དེའི་ལྷ་མོ་སྒྲོལ་མའི་གཟུགས་བརྙན་གསལ་ལྷང་ངེར་ཤར་བྱུང་།

དགོང་མོ་དེར། ལྕགས་བྱམས་ཀྱིས་ཁོའི་བཟང་ས་ཞིག་ཡིན་ཟེར་ནས་ལྷ་མོ་སྒྲོལ་མ་བོས་ཡོང་བ་ཡིན་ཞིང་། ཁོ་ཚོ་གསུམ་པོས་རྫོང་མཁར་གྱི་གློག་འོད་རབ་རིབ་ཡིན་པའི་གསོལ་ཁང་ཞིག་གི་ནང་མཉམ་དུ་ཟ་མ་ཟོས་ཤིང་ཆང་འཐུང་བ་ཡིན་ལ། མོས་བཤད་ན། མོ་ནི་གནས་ཡུལ་ནས་མ་འཆམ་པར་ཕྱིར་ཡུལ་དུ་བྲོས་ཡོང་སྟེ། ད་ལྟ་རྫོང་མཁར་གྱི་ཚོང་ཁང་ཞིག་ཏུ་ལས་གཡོག་སྒྲུབ་ཀྱིན་ཡོད་ཟེར། མཇུག་མཐར་ཁོན་ཐར་ར་བཟི་བར་གྱུར་པས། ལྕགས་བྱམས་ཀྱིས་ལྷ་མོ་སྒྲོལ་མ་དང་ཁོ་གཉིས་ཀ་མགྲོན་ཁང་ཞིག་ཏུ་བསྐྱལ་ཏེ་ལྷན་དུ་ཞག་སྡོད་བྱེད་དུ་བཅུག་པ་རེད།

ཁོན་ཐར་གཉིད་ལས་སད་དུས་སྐྱ་རེངས་ཀྱི་འོད་སྣང་མག་མོག་པོ་དེ་དྲ་མ་བརྒྱུད་ནས་མལ་ཁྲིའི་འཁྲིས་ཀྱི་ས་རྩི་དཀར་པོ་བྱུགས་པའི་གྱང་ངོས་སུ་འཕྲོས་པས། ལྷ་མོ་སྒྲོལ་མ་སྔ་མོ་ནས་ལངས་ཏེ་སྐ་རགས་བཅིངས་ཤིང་། མལ་ཁྲིའི་མཐའ་འགྲམ་དུ་བསྡད་ནས་ཁོ་གཉིད་ལས་སད་པར་བསྒུགས་འདུག་པའང་གསལ་བོར་མཐོང་ཐུབ། མོས་ཁོན་ཐར་གཉིད་ལས་སད་པ་མཐོང་འཕྲལ་འཛུམ་པའི་མིག་གིས་ཅེ་རེར་ཁོར་ལྟ་བཞིན་བསྟོད་པ་བྱེད་པ་ལྟརཁྱོད་ནི་སྐྱེས་པ་ངོ་མ་ཞིག་རེདཟེར།

ཁོན་ཐར་ད་དུང་གཉིད་མ་སངས་པར་མིག་འབྱེད་མ་འཛུམ་གྱིས་མོར་ལྟ་བཞིནཅི་རེད། སྐྱེས་པ་རྫུན་མའང་ཡོད་པ་རེད་དམཞེས་ལྡབ་ལྡིབ་ངང་དྲིས།

ལྷ་མོ་སྒྲོལ་མའི་འཛུམ་པའི་མིག་མདངས་ཀྱི་གཏིང་དུ་སྐྱོ་བའི་མིག་ཆུ་ཞིག་འཁྱིལ་བྱུང་། མུ་མཐུད་དུ་ཁོའི་ངོ་ལ་ལྟ་མི་ཕོད་པ་ལྟར་ཕར་ཕྱོགས་ཀྱི་རྩིག་པའི་ངོས་སུ་ལྟ་བཞིན་བསྡད། རྩིག་པའི་ངོས་སུ་ལྟ་འོས་པ་ཅི་ཡང་མི་འདུག་པས། དོན་དངོས་སུ་རྩིག་པའི་ངོས་སུ་ལྟ་བ་ནི་ཅི་ལའང་ལྟ་བཞིན་མེད་པའི་རྣམ་འགྱུར་ཞིག་རེད། དེར་མོསཁོ་ལ་སྐྱེས་པའི་ནུས་པ་མི་འདུགཟེར།

སྐད་ཆ་དེས་ཁོན་ཐར་རེ་ཞིག་ཧད་དུ་བཅུག་སོང་། མིག་གཉིས་གློ་རྡེག་ལ་ཆེ་རུ་ཅེར་ཏེཁྱོད་ཀྱིས་སུ་ཟེར་བ་ཡིན། ལྕགས་བྱམས་ཟེར་བ་ཡིན་ནམཞེས་བསྟུད་མར་དྲི་བ་གཉིས་འདོན་དགོས་བྱུང་ཞིང་། དེ་མ་ཐག་ཏུ་ལྕགས་བྱམས་ལ་གོ་མི་འོས་པའི་གདེང་ཚོད་ཅིག་ཀྱང་རྙེད་པར་གྱུར།

ཡིན་ནའང་མོས་ཅི་བྱས་པའི་རྒྱུ་མཚན་མི་བཤད་པར། མུ་མཐུད་དུམ་རེད། ངའི་སྔོན་གྱི་ཁྱོ་ག་ཟེར་བ་ཡིན། ངས་ཀྱང་ཁོ་ལ་གདུང་སེམས་བཅངས་ནས་བརྩི་བཀུར་གང་ནུས་བྱས་ཀྱང་། ཁོ་ནི་དེ་ལས་ལྡོག་སྟེ། ངས་ཁོ་ལ་ནུས་པ་མེད་པར་བྱས་པ་ལྟར་ནམ་རྒྱུན་གཅར་རྡུང་བྱས་འོངསཟེར་བཞིན་མགོ་ཕར་ཕྱོགས་སུ་གཟུར་ཙམ་གྱིས་མིག་ཆུའི་ཐིགས་པ་འབྱིད་ཙམ་བྱེད།

ཁོན་ཐར་གྱིས་གཞི་ནས་མོའི་སྐད་ཆའི་ནང་དོན་ཡོད་ཚད་ཧ་གོ་བྱུང་བར་མ་ཟད། ད་ལྟའི་མོའི་གནས་བབ་ལ་གདུང་སེམས་བཅངས་ཏེ་རེ་ཞིག་སྐད་ཆ་ཅི་ཞིག་བཤད་ན་འོས་པའང་མ་རྟོགས་པར་ཧད་དེ་ལུས། ཁོ་གཉིས་ཀར་ཡུན་རིང་ཙམ་ལ་ཁ་བརྡ་མེད་པར་རང་རང་སར་ཁུ་སིམ་མེར་བསྡད།

མཇུག་མཐར་མོས་ཧ་ཅང་དཀའ་ཁག་ཆེ་བའི་ངང་མགོ་བོ་དུད་དེ་ལག་པ་འཕུར་འཕུར་བྱེད་བཞིནངོ་མ་བཤད་ན་ང་ལའང་བྱིས་པ་ཞིག་ཡོད་འདོད། རང་ལ་གཅེས་པའི་ཁྱོ་ག་ཞིག་ཡོད་འདོད། བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་ཡོད་འདོདཟེར་བ་དང་། དེ་ནས་སླར་ཡང་མགོ་བོ་ཡར་བཏེགས་ཏེ་ཉམ་ང་ཞིང་རེ་བས་གདུང་བའི་མིག་གིས་ཁོ་ལ་བལྟས་ནསའུ་གཉིས……བཟའ་ཚང་བྱས་ན་ཨེ་ཆོགཟེར། མིག་མདངས་དེས་རང་ཉིད་ཀྱི་སྙིང་བཏོན་ཏེ་ཁོ་ལ་སྟོན་པ་དང་ཡོངས་སུ་མཚུངས།

མོའི་རེ་བ་དེས་ཁོ་ཧང་སང་བར་བྱས་སོང་། མྱུར་དུ་ཡར་དགྱེ་ཞིང་སྔས་འགྲམ་དུ་བཞག་ཡོད་པའི་ཐ་མག་སྒམ་ལས་དུ་བ་རྐང་གཅིག་བླངས་ཤིང་། མེ་ཆས་མེ་བསྒྲོན་ཏེ་དུ་བ་སྔོ་ལོག་གེར་ཕྱིར་ཕྱུང་རྗེས། ཧ་ཅང་དཀའ་ཁག་ཆེ་བའི་ངང་།ང་ལའང་རང་ཁྱིམ་དང་ཆུང་མ་ཡོད་པས། ངས་ཁྱོད་ཁྲིད་དེ་གང་དུ་འགྲོ་ཨངཞེས་བརྗོད་དགོས་བྱུང་།

ཁོའི་སྐད་ཆ་དེ་ཐོས་འཕྲལ་མོས་ཧ་ཅང་ལྐོག་གྱུར་གྱི་མིག་མདངས་ཤིག་གིས་ཁོར་བལྟས་བྱུང་ལ། དེ་ནས་སླར་ཡང་སྔར་བཞིན་ཕ་རོལ་གྱི་གྱང་ངོས་སུ་ཅེར་ཞོར་ངུ་དགོད་ཅིག་བྱས་ཏེཁྱོད་ཀྱིས་ང་འཆལ་མོ་ཞིག་རེད་སྙམ་ངེས་ཀྱང་། ང་ཁྱོད་ལས་གཞན་པའི་སྐྱེས་པ་ཞིག་ལ་འགྲོགས་མ་མྱོང་། ངས་འདི་ལྟར་བཤད་ན་ཁྱོད་ཡིད་ཆེས་མི་སྲིད། འོན་ཀྱང་ཁྱོད་ཀྱིས་དེ་ལྟར་སྙམ་པར་ངས་འཁང་ར་བྱེད་མི་སྲིདཟེར།

ཁོན་ཐར་གྱི་སེམས་ནས་ཀྱང་ཞག་གཅིག་འགྲོགས་པའི་མོར་ཆུང་མ་ལྟ་བུའི་དུངས་སྣང་ཞིག་སྐྱེས་བྱུང་། སེམས་ཁོང་རླུང་གིས་གཡོས་ཏེ་འཁྲེང་སེམས་དང་བཅསངས་ཁྱོད་ལ་མཐོང་ཆུང་བྱས་པ་གཏན་ནས་མིན། འོན་ཀྱང་ང་ལ་ཁྱིམ་དུ་ཆུང་མ་ཡོད་པས། འདི་ནི་ཐོད་པའི་ཁ་ཡིག་མེད་པ་རེདཅེས་བཤད་ཅིང་། འདི་ནི་དོན་དངོས་ཡིན་ཞིང་། དོན་དངོས་འདིར་མོ་ཡིད་ཆེས་ཆོག་པའི་བདེན་དཔང་གཞན་ཅི་ཡོད་ལ་བསམ་བློ་བཏང་།

མོས་དེའི་མུརཧིན་ཧིནཟེར་ནས་སྣ་དགོད་ཅིག་བྱས་སོང་ལ།ཧིནསྒྲ་དེ་ནི་རྒྱུ་མའི་གཏིང་མཐིལ་ཞིག་ནས་བྱུང་བ་དང་འདྲ་བར་ཁོའི་སྐད་ཆ་དེ་དག་རྒྱང་དུ་སྤྱུགས་སོང་། མོས་ཐོལ་གྱིས་ཁོའི་གདོང་ལ་ཅེར་ནས་ཧ་ཅང་ཡིད་མི་ཆེས་པའི་མིག་མདངས་ཀྱིསའོ་ན་ལྕགས་བྱམས་ཀྱིས་ཁྱོད་ཕོ་ཧྲེང་རེད་ཟེར་བ་མིན་ནམཞེས་དྲིས་བྱུང་།

ཁོས་ལྕགས་བྱམས་ཀྱིས་སྐད་ཆ་དེ་འདྲ་ཞིག་ནམ་བཤད་པ་ཡང་དྲན་རྒྱུ་མི་འདུག ལྕགས་བྱམས་ཀྱིས་ཁོར་བཤད་པ་ནིཁོ་ལས་ཁུངས་ནང་དུ་ཡོད་པའི་བུ་མོ་ཞིག་གི་སར་འགྲོ་དགོས་པས། ཁྱོད་གཉིས་མགྲོན་ཁང་དུ་སྡོད་ཅིགཅེས་པ་དེ་རེད།

ཁོས་དེ་ལྟར་ཟེར་རམ། ཁོ་ལ་འདི་གར་བུ་མོ་ཞིག་གིས་བསྒུགས་ཡོད་པས། ང་འགྲོ་རོགས་བྱོས་ཟེར་ནས་བཙན་གྱིས་ཁྲིད་ཡོང་བ་ཡིན།ཁོས་དེ་མ་ཐག་ཏུ་ཐལ་ཕོར་ལས་ཐ་མག་གི་མེ་བསད་ཅིང་། མྱུར་མོར་གནས་འདི་དང་གྱེས་ཏེ་ཕྱིར་ཁྱིམ་དུ་ལོག་པར་བྲེལ་སྣང་ཞིག་སྐྱེས།

མོའི་མིག་མདངས་དེ་མ་ཐག་ཏུ་ཁྱད་མཚར་བོ་ཞིག་ཏུ་གྱུར་སོང་། ཅེ་རེར་ཁོར་ལྟ་བཞིནདེས་ན་ཁོས་རྫུན་ལབ་པ་རེད་དམ། ཁོས་ང་ལ་བཤད་པ་ནི། ཁོ་ལ་ཁྱིམ་དུ་ཆུང་མ་ཡོད་པས་ཕྱིར་སྡེ་བའི་ནང་དུ་འགྲོ་དགོས་ཟེརཞེས་བཤད་བྱུང་།

ཁོར་ཆུང་མ་ག་ལ་ཡོད། ཁོས་དུས་རྒྱུན་དུ་རྫོང་མཁར་དུ་ཚོང་བརྒྱབ་ནས་བསྡད་ཡོད་པ་རེད། སྐབས་འདིར་ཁོན་ཐར་གྱི་སེམས་སུ་དངོས་གནས་ལྕགས་བྱམས་ཀྱིས་ཁོ་ལ་མགོ་སྐོར་བཏང་ཟིན་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་ཏེ་ཆིག་ལབ་རྒྱག་པ་ལྟར་དེ་ལྟར་བཤད།

ལྷ་མོ་སྒྲོལ་མ་དལ་བུར་ཡར་ལངས་ནས་ཡང་བསྐྱར་ཁོའི་ཕྱོགས་སུ་བལྟས་མ་བྱུང་། མོ་ཕར་འཁོར་ནསཁྱོད་ལ་ཆུང་མ་ཡོད་ཀྱང་རུང་ལ་མེད་ཀྱང་ཆོག གང་ལྟར་ངས་ཁྱོད་ལ་འཁང་ར་བྱེད་མི་སྲིད། ང་རང་ཉིད་ནོར་བ་རེདཅེས་བཤད་རྗེས་དལ་བུར་ནང་སྒོའི་ཕྱོགས་སུ་སོང་ཞིང་། མཇུག་མཐར་མོ་རང་ཡན་དུ་རྒྱུ་བའི་རྣམ་ཤེས་ཤིག་དང་འདྲ་བར་སྒོ་ཕྱེ་སྟེ་ཕྱི་སྒོར་བུད་ཅིང་། སླར་ཡང་སྒོཁྲོགསྒྲ་དང་བཅས་བརྒྱབ་པས།ཁྲོགསྒྲ་དེས་འཁང་ར་དང་ཡི་ཆད། སྐྱོ་སྣང་མང་བོ་ཞིག་ཧྲིལ་གྱིས་ཁོའི་གམ་དུ་གཡུགས་བྱུང་།

ཁོན་ཐར་གྱིས་ཁ་པར་རྣ་རྩར་སྦྱོར་བཞིནཝེ།

ཁྱོད་གང་དུ་ཡོདཅེས་དྲིས།

ཁ་པར་ལས་བསམ་བློ་གཏོང་ཙམ་གྱིསང་ཁྱོད་ཚོའི་ཡུལ་ཚོའི་ཁྲོམ་རའི་ནང་དུ་ཡོད། ཕྱི་དྲོ་ཁྱོད་ལ་ཁོམ་པ་ཡོད་དམཟེར།

ཁོ་ཡིད་མི་ཆེས་པར་གྱུར། འདང་རྒྱག་ཙམ་བྱས་ནསང་ཡང་དེ་གར་ཡོང་གིན་ཡོད། ཁྱོད་གཅིག་པུ་ཡིན་ནམཞེས་བཤད་དེ་མོས་ལན་ཅི་གདབ་ལ་བརྟགས།

མོ་དེ་སྔོན་ལྟར་བགད་བྱུང་། དགོད་ཙམ་བྱས་རྗེསད་དུང་ལྕགས་བྱམས་ཀྱང་ཡོད། ཁོས་ང་ལ་མགྲོན་བྱེད་ཀྱིན་ཡོདཟེར་ཞིང་། ཁ་པར་གྱི་གཏིང་རུམ་ཞིག་ནས་ལྕགས་བྱམས་ཀྱི་སྐད་གདངས་འདྲ་བ་ཞིག་ཀྱང་གྲག་གིན་འདུག་པ་ཐོས།

ཁོ་གཞི་ནས་ཡིད་ཆེས་པསང་ཅུང་ཙམ་གྱིས་བསླེབ་ཡོངཞེས་བཤད།

ཁོན་ཐར་ཁྲོམ་རའི་ནང་དུ་སླེབས་ཀྱང་། ལྕགས་

བྱམས་དང་ལྷ་མོ་སྒྲོལ་མ་གཉིས་ཀ་མཐོང་ཡུལ་དུ་མི་འདུག ཁོ་ཐོག་མར་ཕྲད་པ་ནི་ཆང་གྲོགས་ཚེ་རིང་སྐྱི་མོ་རེད། ཁོའི་ལུས་པོ་རིད་དེ་སྐྱི་མོར་ཐུག་ཡོད་ཀྱང་ཤེད་ཤུགས་ཧ་ཅང་ཆེ་བས། ཁྱིམ་ཚང་དག་གིས་ལས་ཀ་ལས་དུས་ནམ་རྒྱུན་ཁོ་རོགས་བྱེད་དུ་འབོད་ཀྱིན་ཡོད། ཚེ་རིང་སྐྱི་མོ་ནི་ཆང་ཡོད་ཚེ་དོན་དག་གང་དང་ཅི་ཡང་དང་ལེན་བྱེད་མཁན་ཞིག་ཡིན་པས། ཁོན་ཐར་གྱི་སེམས་ལ་སང་ཉིན་གྱི་སྐམས་བཤའ་རོགས་རྙེད་ཟིན་པའི་ཚོར་སྣང་སྐྱེས། ཚེ་རིང་སྐྱི་མོའི་ལག་ཏུ་ལྦུ་ཆང་གི་དམ་བེ་ཞིག་འཆང་འདུག་ཅིང་། ནང་དུ་ཕྱེད་ཙམ་མ་གཏོགས་ལྷག་མི་འདུག

ཁོན་ཐར་འཕྲུལ་རྟའི་གོང་ལས་མ་བབས་པར། རྐང་བ་ཡ་གཅིག་སར་བརྟེན་ཏེསང་ཉིན་ཁྱོད་ལ་ཁོམ་པ་ཨེ་ཡོདཅེས་དྲིས།

ལྦུ་ཆང་གི་ངར་གྱིས་ཚེ་རིང་སྐྱི་མོའི་གདོང་སྐྱི་གཉེར་ནས་འདུག་ཀྱང་བཟི་ཡོད་པའི་ཚོད་མ་རེད། ཁོས་བསམ་བཞིན་དུ་རྐང་བ་ཁྱོར་ཙམ་བྱས་ནས་བཟི་བའི་བཟོ་ལྟ་སྟོན་བཞིནསང་ཉིན་རྫོང་མཁར་དུ་འགྲོ་དོན་གལ་ཆེན་ཞིག་ཡོད། ཅི་ཞིག་རེདཟེར།

ཁོན་ཐར་གྱིས་ཐད་ཀརཡུལ་ནས་དགུན་ཤ་བཤའ་དགོས་པས། ང་ལ་ལག་རོགས་བྱེད་ཁོམ་ཨེ་ཡོདཅེས་འདྲི་ཞོར་ཁོས་མུ་མཐུད་དུ་རྫུན་གཏམ་གྱི་རྒྱུན་སྐྱོང་མིན་ལ་བསྒུགས།

ཚེ་རིང་སྐྱི་མོསལུག་ཡིན་ནམ་སྐམས་ཡིནཟེར།

འབྲི་སྐམས་ཤིག་ཡིན། བེའུ་མི་འཛིན་པས་ད་ནི་བཤའ་བ་ལས་ཐབས་མི་འདུགཁོན་ཐར་གྱིས་དེ་ལྟར་བཤད་དུས་སླར་ཡང་ཆུང་མ་རིག་མོའི་ངོ་མདངས་དམར་པོར་གྱུར་པ་དེ་ཡིད་ལ་འཁོར་ཙམ་བྱས་པས། ཁོར་དོན་མེད་ཀྱི་ཉོག་གཏམ་དེ་འདྲ་མང་བོ་བཤད་དགོས་མི་འདུག་ཨང་སྙམ་ནས་འགྱོད་པ་ཞིག་སྐྱེས།

ཚེ་རིང་སྐྱི་མོ་དགོད་ཙམ་བྱས་ཏེ་རྫུན་གཏམ་པ་ངོས་ལེན་གྱི་ཚུལ་དུངས་ཀུ་རེ་རྩེ་བ་ཡིན། ཁོམ་པ་ཡོད་མོད། འོན་ཀྱང་དེ་རིང་ཁྱོད་ཀྱིས་ལྦུ་ཆང་གིས་མགྲོན་བྱེད་དགོསཟེར།

ཁོན་ཐར་གྱི་སེམས་ལ་གཞི་ནས་འགན་ཁུར་གྲུབ་སོང་བའི་སྣང་བ་ཞིག་སྐྱེས་ཏེདེ་ནི་སླ་མོ་རེདཅེས་བཤད་དེ་འཕྲུལ་རྟའི་གོང་ལས་བབས།

ཁོན་ཐར་གྱིས་ཚེ་རིང་སྐྱི་མོ་ཁྲིད་ནས་འཁྲིས་སུ་ཡོད་པའི་ཚོང་ཁང་ཆུང་བ་དེའི་ནང་དུ་ཕྱིན། ཚོང་ཁང་གི་ནང་དུ་འཛུལ་མ་ཐག་སྣ་ལམ་དུ་མནམས་ཡོང་བ་ནི་མངར་ཟས་རིགས་ཀྱི་དྲི་མ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ་ཚིལ་དྲི་ཁ་བོ་ཞིག་འཁྱིལ་འདུག ཚོང་ཁང་བདག་པོ་ཡང་སྡེ་བའི་ནང་གི་རྒད་པོ་ཞིག་ཡིན་པས། དེ་མ་ཐག་ཏུ་མདུན་ལ་བཅར་ཡོང་ནས། ཚོད་དཔག་བྱེད་པ་ལྟ་བུའི་མིག་འོད་ཀྱིས་ཁོ་གཉིས་ལ་རེས་མོས་ཀྱིས་ལྟ་བཞིནཡང་ལྦུ་ཆང་དམ་བེ་འགའ་ཉོ་དགོས་ཟེར་བ་ཡིན་ནམཞེས་དྲིས་འོངས།

ཚེ་རིང་སྐྱི་མོས་རང་ཉིད་ཀྱི་རྩལ་ནུས་ངོམ་སོ་བྱེད་པ་ལྟརཁོས་དགུན་ཤ་བཤའ་དགོས་པས། ང་ལ་མགྲོན་བྱས་ཏེ་གྲོགས་སུ་འབོད་བཞིན་པ་རེདཟེར་ནས་ལག་ནང་གི་ལྦུ་ཆང་དམ་བེ་ལས་ཁམ་གང་སྒོག་གེར་འཐུངས་བྱུང་།

ཁོན་ཐར་ནི་ཁོས་སྐད་ཆ་དྲང་བོར་བཤད་སོང་བ་དེར་ཅུང་མི་དགའ་བར་གྱུར། རྒྱུ་མཚན་བཤད་ན་ཁོས་ཁོ་རང་ཉིད་ཀྱི་རྩལ་ནུས་ངོམ་སོ་བྱེད་པ་རེད་ཀྱང་།

ཁོའི་རྩལ་ནུས་ངོམ་སོ་བྱས་པ་དེས་ཞོར་དུ་རང་ཉིད་ཀྱི་ནུས་མེད་ལྷང་ལ་ཕུད་སོང་སྙམ་པ་རང་རེད།

ཚོང་ཁང་བདག་པོ་དགོད་བཞིན་དུ་ཁོན་ཐར་གྱི་གདོང་ལ་ལྟ་ཞོརསྐམས་བཤའ་བར་ལག་རོགས་ཤིག་དགོས་སམ། ང་ཡང་ཁྱོད་ཚོའི་ལོ་ཚོད་འདིར་ཡོད་དུས་རང་ཉིད་གཅིག་པུས་སྐམས་བཤས་པ་ཡིན། དུས་ཚོད་གཉིས་གསུམ་ཙམ་ལས་མི་དགོསཟེར་ནས། ཁོས་བཤད་པའི་དུས་ཚོད་གཉིས་གསུམ་གྱི་ཡུན་ནི་སྐར་མ་གཉིས་གསུམ་གྱི་ཡུན་ལས་ཀྱང་ཐུང་བ་ལྟར་བྱེད།

ཁོན་ཐར་ངོ་གནོང་སྟེ་ངོ་མདངས་དམར་པོར་འགྱུར་བཞིན་དུསྐམས་བཤའ་བ་དེ་རྐུ་བྱེད་པ་མིན་པས་གཅིག་པུས་ཧུར་ཐག་བྱེད་དོན་ཅི་ཡོད། མི་འགའ་རེ་བོས་ཏེ་ཤ་བཟའ་ཆང་འཐུང་གིས་སྐྱིད་ཅིག་བརྒྱབ་ན་འོས་པ་རེདཅེས་བརྗོད།

ཚོང་ཁང་བདག་པོས་རང་ཉིད་ཀྱིས་བརྐུས་བྱས་པ་ངོས་ལེན་བྱེད་པ་ལྟར། དགོད་ཙམ་གྱིསདེ་ངོ་མ་རེད། དེ་ངོ་མ་རེད། སྐམས་བཤའ་ཟེར་བ་ལས་རང་ཉིད་ཀྱི་ཆུང་མར་མཉམ་སྤྱོད་བྱ་ཟེར་བ་མ་རེདཅེས་སྨྲ་བར་བྱེད།

ཚོང་ཁང་བདག་པོས་དཔེ་འཇོག་བྱས་པ་དེས་ཚེ་རིང་སྐྱི་མོར་འུར་ལངས་སུ་བཅུག་སྟེཧ་ཧ། གལ་ཏེ་ཆུང་མར་སྤྱད་དགོས་པ་ཡིན་ཚེ་ཁོ་གཅིག་པུས་འཐམས་ནས་སུ་ཡང་བཏུད་དུ་འཇུག་མི་སྲིདཟེར་ནས་སླར་ཡང་ལྦུ་ཆང་ཁམ་གང་འཐུངས་པས། དམ་བེ་སྟོང་བར་གྱུར་སོང་།

ཁོ་གཉིས་ཀྱིས་ཆུང་མ་གླེང་བ་དེས། ཁོན་ཐར་གྱི་སེམས་ལ་ཡོང་ཁར་ཆུང་མ་རིག་མོས་སྦྲུམ་བརྟག་དཔྱད་ཆས་ཤིག་ཉོས་ཤོག་ཟེར་བ་དྲན་གསོས་པས། དེའི་མུར་སེམས་ལ་བྲེལ་སྣང་ཞིག་སྐྱེས་ཏེ་མུ་མཐུད་དུ་ཀྱལ་ཀ་རྩེ་མ་འདོད་པརཁོ་ལ་ལྦུ་ཆང་དམ་བེ་དྲུག་ཚོངས་ཤིགཅེས་བསྐུལ།    ཚེ་རིང་སྐྱི་མོ་ཅུང་ཡིད་མི་ཆེས་པར་གྱུར་པ་ལྟར་ཅེ་རེར་ཁོན་ཐར་གྱི་རྣམ་འགྱུར་ལ་བརྟག་གིནཅི་རེད། ཁྱོད་ཀྱིས་མི་འཐུང་ངམཟེར།    

ཁོན་ཐར་གྱིས་ཚོང་ཁང་བདག་པོར་སྒོར་མོ་རྩིས་རྒྱག་ཞོརང་ལ་ད་དུང་དོན་དག་ཅིག་ཡོདཅེས་བཤད་ནས་བྲེལ་གྱིན་པའི་བཟོ་ལྟ་བསྟན།

ཁོ་གཉིས་ཚོང་ཁང་གི་སྒོར་བུད་པར། སྣ་ལམ་གྱི་ཚིལ་དྲི་དེ་ཡང་ཕྱི་རོལ་གྱི་མཁའ་དབུགས་ཀྱིས་བདས་ཏེ་རང་ཡལ་དུ་གྱུར། ཚེ་རིང་སྐྱི་མོས་ལྦུ་ཆང་དམ་བེ་དག་བསྣམས་ཏེ་ཧ་ཅང་དགའ་བའི་ངང དོན་དག་ཅི་ཞིག་ཡིན། ངས་རོགས་བྱེད་དགོས་སམཞེས་དྲིས་བྱུང་མོད། དེ་ནི་ཕྱི་ཚུལ་ཞིག་ཡིན་པ་ཤེས་སླ།

ཁོན་ཐར་གྱི་སེམས་ལཁྱོད་ཀྱིས་ཆང་འཐུངས་རྗེས་ཇི་ལྟར་རོགས་བྱེད་དམསྙམ་ནས། དགོད་ཞོར་དུརོགས་བྱེད་མི་དགོས། སང་ཉིན་སྔ་མོར་ཡོང་རྒྱུ་མ་བརྗེདཅེས་སྨྲས།

ཚེ་རིང་སྐྱི་མོས་ཚིག་ཐག་ཆོད་པའི་ངངང་དུས་ལྟར་བསླེབ་ངེསཞེས་བཤད་རྗེས། མྱུར་མོར་ཕ་རོལ་ཏུ་གཞོང་གྲུག་རྒྱག་གིན་པའི་གསར་བུ་དེ་ཚོའི་ཕྱོགས་སུ་སོང་།

ཁོན་ཐར་སླར་ཡང་འཕྲུལ་རྟར་བཞོན་ཏེ། ཁྲོམ་རའི་ཡར་སྟོད་དུ་ཡོད་པའི་ཡུལ་ཚོའི་ཡན་ལག་སྨན་ཁང་གི་ཕྱོགས་སུ་ཕྱིན། ཁོའི་སེམས་ལ་དེ་རིང་ཆུང་མ་རིག་མོའི་རྣམ་འགྱུར་དེ་ཧ་ཅང་ཡ་མཚན་ཞིག་ཡིན་པས། མོར་སྦྲུམ་བརྟག་དཔྱད་ཆས་ཤིག་གིས་ཅི་བྱེད་བསམ་པ་ཡིན་ནམ་སྙམ་མུར། སླར་ཡང་འབྲི་རྒན་གྱིས་བེའུ་མི་འཛིན་པས་ཤོས་ཤིག་ཟེར་བ་དེས་ཁོ་མོའི་སེམས་ལ་བསྣད་པ་ཨེ་ཡིན་ནམ་བསམས་ཏེ། སེམས་ལ་ཅི་བྱུང་མེད་པར་ཕངས་པ་ཞིག་སྐྱེས་བྱུང་།

སྨན་ཁང་དུ་སླེབས་དུས། སྒོ་ཆེན་གྱི་ལྕགས་སྒོར་ཟྭ་བརྒྱབ་སྟེ་རྐང་ཐང་དུ་འགྲོ་སའི་སྒོ་ཆུང་དེ་མ་གཏོགས་ཕྱེ་མི་འདུག་པས། ཁོན་ཐར་གྱིས་འཕྲུལ་རྟ་སྒོ་ཆེན་ཕྱི་རོལ་ཏུ་བསྐྱུར་ནས་སྒོ་ཆུང་ལས་འཛུལ་ཏེ་ར་སྐོར་ནང་དུ་སོང་། སྐབས་འདིར་སྨན་ཁང་གི་ནང་དུ་ནད་པ་གཅིག་ཀྱང་མེད་པ་འདྲ། ར་སྐོར་ནང་ཧྲིལ་པོ་སྟོང་འཇགས་སེར་འདུག་ཅིང་། སྨན་པ་བུ་མོ་གཉིས་ཕྱི་རོལ་གྱི་ཉིན་ཁར་ཉི་མར་འདེ་བཞིན་ཁ་བརྡ་བྱེད་ཀྱིན་འདུག མོ་གཉིས་ཀྱིས་ཁོ་ཡོང་གིན་པར་བལྟས་ཙམ་བྱས་རྗེས། སྔོན་ལྟར་ཁ་བརྡ་བྱེད་ཀྱིན་སྡོད་པ་ལས་ཁ་ཡ་མི་བྱེད།

ཁོ་འཁྲིས་སུ་སླེབས་འཕྲལ། བུ་མོ་མིག་ཤེལ་གོན་པ་དེས་མགོ་བོ་དགྱེ་སྟེ་ཁོ་ལ་ལྟ་བཞིནསྨན་ཉོ་དགོས་པ་ཡིན་ནམཞེས་དྲིས་འོངས།

ཁོ་ནི་མོ་གཉིས་ཀྱི་སར་སྦྲུམ་བརྟག་དཔྱད་ཆས་ཉོ་བར་ངོ་གནོང་སྟེསྨན་ཉོ་དགོས་པའང་མིན་མོདཅེས་ཟེར་བཞིན་སྐད་ཆ་ཇི་ལྟར་བཤད་དགོས་པར་བསམ་བློ་བཏང་།

བུ་མོ་གཟུགས་ཐུང་དེ་དགོད་ཞོར་དུའོ་ན་ཁྱོད་ལ་ནད་བརྟག་བྱེད་དགོས་པ་ཡིན་ནམཟེར་ནས་ཅིག་ཤོས་དེའི་གདོང་ལ་བལྟས་ཙམ་བྱེད།    “ང་ལ་ནད་བརྟག་བྱེད་མི་དགོས་མོད། ཁྱོད་ཚོའི་འདི་གར་སྨན་པ་སྐྱེས་པ་དག་མེད་དམ།ཁོན་ཐར་གྱི་ངོ་གདོང་དམར་པོར་འགྱུར་བཞིན་སྤོབས་པ་བསྐྱེད་ནས་དེ་ལྟར་དྲིས།

སྨན་པ་བུ་མོ་གཉིས་ཀྱིས་དངོས་གནས་ཁོ་ལ་ནད་བརྟག་བྱེད་དགོས་པ་ཡིན་འདུག་སྙམ་སྟེ་བགད་བྱུང་། ད་དུང་བུ་མོ་གཟུགས་ཐུང་དེ་དགོད་བཞིན་དུ་ཁོན་ཐར་ལ་བལྟས་ཏེམཚན་མའི་ནད་རེད་དམ། ཡང་སྨད་འཚོང་མར་འགྲོགས་ཏེ་བྱུང་བ་ཨེ་རེདཅེས་དྲིས་བྱུང་།

ཕར་བལྟས་ན་ད་ཅི་མོ་གཉིས་ཀྱིས་ཁ་བརྡ་བྱེད་ཀྱིན་པའི་ནང་དོན་ཡང་དེ་ཡིན་འདུག་ཅིང་། མོ་གཉིས་དེའི་སྐོར་གླེང་བར་ཧ་ཅང་སྤྲོ་བ་ཡོད་པ་འདྲ། ཡིན་ནའང་མོ་གཉིས་ཀྱི་སྐད་ཆ་དེས་ཐད་ཀར་ཁོ་ལ་བསྙད་བརྐོས་པ་ཡིན་པས། ཁོན་ཐར་དང་ཐོག་ཁ་སྐྱེངས་ཏེ་ཤ་སྐྱི་སྦྲིད་པར་གྱུར་ཅིང་། དེ་ནས་ངོ་ཚ་ཁོང་ཁྲོར་གྱུར་ནས་མོ་གཉིས་ཀར་བལྟས་ཏེངོ་མ་ངོ་ཚ་མི་འདུགཅེས་སྤྱོས་པར་མ་ཟད། མུ་མཐུད་དུ་དེ་གར་སྡོད་མ་བཟོད་པར་མྱུར་མོར་ཕྱིར་ལྡོག་དགོས་བྱུང་།

སྨན་པ་བུ་མོ་གཉིས་ཀའི་རྣར་གཟན་པའི་དགོད་སྒྲ་དེ་ར་མདའ་བཞིན་དུས་ཡུན་རིང་བོར་ཁོའི་རྗེས་བསྙེགས་ནས་ཡོང་གིན་འདུག

ཁོ་འཕྲུལ་རྟར་བཞོན་ཏེ་ཕྱིར་ཁྲོམ་རའི་ནང་དུ་སླེབས་དུས་ཀྱང་དཔྲལ་བར་ད་དུང་རྔུལ་རླངས་འཕྱུར་གྱིན་ཡོད། ཁྲོམ་རའི་ནང་དུ་སླེབས་འཕྲལ་རེ་ཞིག་གང་དུ་འགྲོ་དགོས་པའང་མི་ཤེས་པར་གྱུར། རྣ་ལམ་དུ་ད་དུང་ཡང་ད་སྔོན་གྱི་སྨན་པ་བུ་མོ་གཉིས་ཀྱི་སྐད་ཆ་དང་དགོད་སྒྲ་ཕན་ཚུན་བསྡོངས་ནས་གྲག་གིན་འདུག ཁོའི་སེམས་ལ་མོ་གཉིས་ཀར་དངོས་གནས་སྨད་འཚོང་མའི་བཟོ་ལྟ་ཞིག་འདུག་སྙམ། ཁོས་དེ་སྔ་བརྙན་འཕྲིན་ཞིག་ལས་སྨད་འཚོང་མའི་སྣང་བརྙན་མཐོང་མྱོང་སྟེ། དེ་དག་གིས་སྐྲ་ལོ་སིལ་བུར་འཁྱིལ་བར་བྱས་ཤིང་མཆུ་རྩི་དམར་པོ་བྱུགས་ཡོད་པར་མ་ཟད། སྐྱེས་པ་དག་མཐོང་འཕྲལ་དེ་སྔོན་གྱི་སྨན་པ་བུ་མོ་དེ་གཉིས་དང་འདྲ་བར། ལྟ་སྤྱོད་ཀྱི་ཉམས་སྣ་ཚོགས་དང་བཅས་སྐད་མཐོན་པོས་དགོད་རྐྱང་བྱེད། ཁོའི་སེམས་ལ་བུད་མེད་ཀྱི་སྤྱོད་ཆས་དག་སྐྱེས་པ་ཚོས་ཉོ་བ་ནི་ཧ་ཅང་ངོ་ཚ་ཞིག་རེད་སྙམ་ཞིང་། རང་ཉིད་དེ་སྔོན་སྨན་ཁང་དུ་སོང་བར་འགྱོད་པ་སྐྱེས། སྐབས་དེར་ཁོའི་སེམས་ལ་གློ་བུར་ལྷ་མོ་སྒྲོལ་མ་དྲན་བྱུང་། དེ་སྔོན་མོས་ཁ་པར་བཏང་སྟེ་མོ་ཡང་ཁྲོམ་རའི་ནང་ཡོད་ཟེར་བ་མ་ཡིན་ནམ། མོ་མངགས་ནས་ཆུང་མར་སྦྲུམ་བརྟག་དཔྱད་ཆས་ཤིག་ཉོ་རུ་བཅུག་ན་དེ་ལས་འོས་པ་མི་འདུག་སྙམ། ཁོན་ཐར་འཕྲུལ་རྟའི་གོང་ནས་མ་བབས་པར་རུམ་ནས་ཁ་པར་བླངས་ཏེ། དེ་སྔོན་མོས་བཏང་ཡོང་བའི་ཨང་གྲངས་མནན་ནས་བསྐྱར་དུ་ཁ་པར་བཏང་།

ཕ་རོལ་པོས་ཁ་པར་བླངས་མ་ཐག ཁོན་ཐར་གྱིས་བྲེལ་ཚུབ་ངངཝེ། ང་ཁྲོམ་རའི་ནང་དུ་སླེབས་ཡོད། ཁྱོད་གཉིས་མི་མཐོང་བ་ཅི་རེདཅེས་དྲིས།

ལྷ་མོ་སྒྲོལ་མས་ཁོ་ལ་ལན་མི་འདེབས་པར་བསླུག་བསླུག་ཏུ་བགད་བྱུང་། དགོད་སྲོལ་ལ་བརྟག་ན་མོས་གྲུ་ག་གང་ཞིག་ནས་ཁོ་ལ་བལྟས་ཏེ་མཐོང་ཡོད་པ་དང་འདྲ་བས། ཁོན་ཐར་གྱིས་སྐེ་དཀྱོགས་ཏེ་ཕྱོགས་ཀུན་ཏུ་ལྟ་ཞོརཝེ། ཁྱོད་གཉིས་ཀ་གང་དུ་ཡོདཅེས་སྲོན་མི་ཚུགས་པའི་ཚུལ་དུ་དྲིས།

ལྷ་མོ་སྒྲོལ་མ་མུ་མཐུད་དུ་བགད་མ་བྱུང་ལ། ཅུང་གཟབ་ནན་གྱི་ཚུལ་དུཁྱོད་ལ་ཀུ་རེ་རྩེ་བ་ཡིན། ངེད་གཉིས་རྫོང་ཐོག་ཏུ་ཡོད། ལྕགས་བྱམས་ཀྱིས་ཁྱོད་ལ་དེ་ལྟར་ཤོད་ཟེར་བས་ངས་ཁ་པར་བཏང་བ་ཡིན། ཁྱོད་རྫོང་མཁར་དུ་ཡོང་ཁོམ་ཡོད་དམ ཞེས་ཧ་ཅང་ལྷད་མེད་ངང་དྲིས་བྱུང་།    ཁོན་ཐར་ཡིད་མི་ཆེས་པར་གྱུར། ཁོས་འདང་ཞིག་བརྒྱབ་འཕྲལའོ་ན་ཁྱོད་ཀྱིས་ལྕགས་བྱམས་ཀྱི་ལག་ཏུ་ཁ་པར་ཞོག་དངཞེས་བརྗོད། ཁོའི་སེམས་སུ་དེ་ལྟར་ན་བདེན་རྫུན་གྱི་དབྱེ་བ་འབྱེད་ངེས་རེད་སྙམ།

མོས་སྐད་དམའ་མོས་མི་ཞིག་ལ་ཚིག་འགའ་བཤད་དུས་ཁ་པར་ལས་ཧྲག་ཧྲག་གི་སྒྲ་ཞིག་གྲགས་པ་གོ་ཡོང་། ཕ་རོལ་ནས་གྲགས་ཡོང་བ་ནི་ལྕགས་བྱམས་ཀྱི་སྐད་རེད། ཧ་ཅང་སྒམ་བརླིང་ལྡན་མདོག་གིསགྲོགས་པོ། གང་ན་ཡོདཟེར།

ཁོན་ཐར་ནི་ཅུང་ཚིག་པ་ཟ་ཞོརང་ནི་ཡུལ་ཚོའི་ཁྲོམ་རའི་ནང་དུ་ཡོད། ཁྱོད་ཀྱིས་དེ་གར་ཤོག་ཟེར་བ་མིན་ནམཞེས་བཤད་པར། མིད་པའི་ནང་དུ་རྡོག་རྡོག་ཅིག་བརྫངས་ཡོད་པ་ལྟར་སྣང་བས། གློ་ལུ་ཞིག་བྱས་ཏེ་ལུད་པ་ཐང་ལ་འཕངས།    ལྕགས་བྱམས་ཀྱིས་དག་སེལ་གྱི་ཚུལ་དུདགོངས་

པ་མ་ཚོམ། དེ་སྔོན་ངེད་གཉིས་ཀྱང་ཡུལ་ཚོའི་ཁྲོམ་རའི་ནང་ཡོང་རྩིས་ཡོད་མོད། དོན་དག་ཅིག་ལ་ཕྲད་དེ་ཡོང་ཐུབ་མ་བྱུང་། ཁྱོད་མར་ལ་ཤོག་དང་། ང་ཚོ་སྐྱིད་པོ་ཞིག་རྩེཟེར།

ཁོན་ཐར་གྱིས་ཀྱང་གསར་བུ་དག་དང་འདྲ་བར་རྫུན་ཞིག་ལབ་དགོས་སྙམ་སྟེང་ལ་ད་དུང་དོན་དག་གལ་ཆེན་ཞིག་ཡོད་པས། ཕལ་ཆེར་ཡོང་ཐུབ་རྒྱུ་མ་རེད། ཁྱོད་གཉིས་སྐྱིད་པོ་ཞིག་རྩེཞེས་བཤད།

ལྕགས་བྱམས་ཀྱིས་ཨུ་ཚུགས་ངངདེ་འདྲ་མ་བྱེད། མོས་ཀྱང་ཁྱོད་དྲན་གྱིན་འདུག་པས། མྱུར་དུ་ཤོགཅེས་ལབ་རྗེས། ཤབ་ཤུབ་ཅིག་སྨྲས་ནས་ཁ་པར་ལས་ཁྲོག་སྒྲ་ཞིག་གྲགས་མ་ཐག སླར་ཡང་ལྷ་མོ་སྒྲོལ་མའི་སྐད་གདངས་སུ་གྱུར་སོང་། ལྷ་མོ་སྒྲོལ་མས་ཀྱང་ཨུ་ཚུགས་ངངཁྱོད་ཤོག་དང་སྐྲག་མི་དགོས། ངས་ཡང་བསྐྱར་ང་ཁྱོད་ཀྱི་ཆུང་མ་བྱེད་འདོད་པའི་རེ་བ་དེ་འདོན་མི་སྲིདཟེར་ནས་བསླུག་བསླུག་ཏུ་བགད་བྱུང་།

མོའི་ཟུར་ཟ་འདྲེས་མའི་སྐད་ཆ་དང་དགོད་སྒྲ་དེས་ཁོན་ཐར་གྱི་ངོ་མདངས་དམར་པོར་བསྒྱུར་སོང་།

ཕལ་ཆེར་མོ་རང་ཉིད་ཀྱི་ཁ་གཏད་དུ་བསྡད་ནས་དེ་ལྟར་བཤད་སོང་བ་ལྟར་ངོ་གདོང་ཚ་ལམ་ལམ་དུ་གྱུར་ཅིང་དཔྲལ་བ་ནས་རྔུལ་རླངས་འཕྱུར་བར་བྱེད། ཁོས་ཀྱང་རང་ཉིད་ཀྱི་ཕོ་ཚོད་ཤོར་དུ་མ་བཅུག་པརང་དེ་ལ་སྐྲག་པ་མིན། ང་ལ་དངོས་གནས་དོན་དག་ཅིག་ཡོདཅེས་བརྗོད་དེ་དཔྲལ་བའི་རྔུལ་ཆུ་འབྱིད་ཙམ་བྱས།

ལྷ་མོ་སྒྲོལ་མས་ཚིག་ཐག་བཅད་པའི་ཚུལ་གྱིསསྐྲག་པ་མིན་ན་མྱུར་དུ་ཤོག ངེད་གཉིས་ཀྱིས་བསྒུགས་ནས་འདུགཟེར་ཞོར་ཁ་པར་གྱི་སྒོ་གཏན་སོང་།

ཁོན་ཐར་རྫོང་མཁར་དུ་སླེབས་དུས། ལྕགས་བྱམས་དང་ལྷ་མོ་སྒྲོལ་མ་གཉིས་ཀས་དེ་སྔོན་གྱི་གློག་འོད་རབ་རིབ་ཡིན་པའི་གསོལ་ཁང་དེའི་ནང་དུ་ལྦུ་ཆང་འཐུང་བཞིན་ཁོ་ལ་བསྒུགས་འདུག གློག་འོད་རབ་རིབ་དེའི་འོག་ཏུ་ལྷ་མོ་སྒྲོལ་མའི་བཟོ་ལྟའི་ཁྲོད་དེ་སྔ་ལྟ་བུའི་སྐྱོ་སྣང་གི་རྣམ་འགྱུར་ཅི་ཡང་མེད་པར། དེ་ལས་ལྡོག་སྟེ་སྤྲོ་སྣང་གིས་ཁེངས་འདུག་ཅིང་། མོས་ཁོན་ཐར་མཐོང་འཕྲལ་གྲོགས་པོ་རྙིང་བ་ཞིག་ལ་ཕྲད་པ་བཞིན་མྱུར་མོར་ཡར་ལངས་ནས་གོང་དུ་སྡོད་དུ་བཅུག་ཅིང་། ལྦུ་ཆང་དམ་བེ་གཅིག་གི་ཁ་ཕྱེ་སྟེ་ཁོར་གཏད་རྗེས་མོའང་ཁོའི་གཤམ་དུ་བསྡད་བྱུང་།

གློག་འོད་རབ་རིབ་དེའི་འོག་ཏུ། ལྕགས་བྱམས་ཀྱིས་ཕྱེད་ཙམ་འཐུངས་ཟིན་པའི་ལྦུ་ཆང་དམ་བེ་ཡར་བཏེགས་ནསངེད་གཉིས་ཀྱིས་ཁྱོད་ལ་ཡུན་རིང་བསྒུགས་ཟིནཟེར།

ཁོན་ཐར་གྱིས་ཀྱང་ལྦུ་ཆང་དམ་བེ་བཏེགས་ཏེང་ལ་དངོས་གནས་དོན་དག་གལ་ཆེན་ཞིག་ཡོད་པས་ཡོང་ཐུབ་མ་བྱུངཞེས་བཤད་ཅིང་། སྐམས་བཤའ་མཁན་གྱི་ལག་རོགས་ཤིག་དགོས་པ་གསལ་བཤད་བྱེད་དགོས་མི་འདུག་སྙམ་བཞིན། དམ་བེ་ཁར་གཏད་ནས་སྒོག་སྒོག་ངང་ལྦུ་ཆང་ཁམ་དོ་བསྟུད་མར་འཐུངས་རྗེས། གཞི་ནས་ཆད་སྣང་མང་བོ་ཞིག་དེ་མ་ཐག་ཏུ་དྭངས་སོང་བའི་སྣང་བ་སྐྱེས།

ལྷ་མོ་སྒྲོལ་མ་ཡིད་མི་ཆེས་པའི་ངངཁྱོད་ལ་དོན་དག་གལ་ཆེན་ཅི་ཞིག་ཡོད་ཚུལ་ཤོད་དང་། ང་ཚོས་རོགས་བྱས་ཀྱང་ཆོག་པ་ཡིནཟེར།

ལྷ་མོ་སྒྲོལ་མའི་སྐད་ཆ་དེའང་ཁོའི་སྐད་ཆར་ཡིད་ཆེས་ཀྱིན་མེད་པའི་སྐད་ཆ་ཞིག་ཡིན་པ་ལྟར་སྣང་ཡང་། མོའི་སྐད་ཆ་དེས་ཁོན་ཐར་གྱི་སེམས་ལ་ཡང་བསྐྱར་ཆུང་མ་རིག་མོས་སྦྲུམ་བརྟག་དཔྱད་ཆས་ཤིག་ཉོས་ལ་ཤོག་ཟེར་བ་དྲན་དུ་བཅུག་པས། ཧུར་རེར་མོའི་ངོ་ལ་བལྟས་ནསདེས་ན་དངོས་གནས་ཁྱོད་ཀྱིས་ང་ལ་རོགས་ཤིག་བྱེད་དགོས་འདུག ཁྱོད་སོང་སྟེ་སྨན་ཁང་ནས་སྦྲུམ་བརྟག་དཔྱད་ཆས་ཤིག་ཉོས་ལ་ཤོགཅེས་བརྗོད།

ལྷ་མོ་སྒྲོལ་མ་ཡིད་མི་ཆེས་པའི་ངང་དགོད་ཞོར་དུཁྱོད་ཀྱིས་དོན་དག་གལ་ཆེན་ཟེར་བ་དེ་ཡིན་ནམཟེར། མོའི་དགོད་སྒྲ་དེས་ཁང་བའི་ནང་དུ་བཀྲག་མདངས་ཤིག་བསྣན་བྱུང་།

ཁོན་ཐར་གྱིས་མོར་དེ་སྔའི་སྐད་ཆ་བཤད་པ་བདེན་དཔང་བྱེད་ཆེད། མུ་མཐུད་དུ་ལྦུ་ཆང་ཁམ་གང་འཐུངས་རྗེས་ཅུང་སྐྱོ་བའི་ངངངའི་ཆུང་མར་ད་བར་དུ་མངལ་སྦྲུམ་མ་བྱུང་། ཕལ་ཆེར་མོར་ནམ་ཡང་ཨ་མ་ཞིག་བྱེད་པའི་བསོད་ནམས་དེ་མེད་པ་འདྲཞེས་སྨྲས་རྗེས་མུ་མཐུད་དུ་ལྦུ་ཆང་འཐུངས།

ལྷ་མོ་སྒྲོལ་མ་ཡང་བསྐྱར་བགད་མ་བྱུང་། ཅུང་ཡིད་མི་ཆེས་པའི་མིག་མདངས་ཀྱིས་ཁོན་ཐར་གྱི་བཟོ་ལྟར་ཅེར་བཞིན་བསྡད་བྱུང་།

ལྕགས་བྱམས་ཀྱིས་ཁོའི་བཟོ་ལྟ་དེར་བལྟས་ཙམ་བྱས་ནས། ཧ་ཅང་མཐོང་ཆུང་ངང་ཁྲེལ་དགོད་ཅིག་བྱས་ཏེཆུང་མར་བྱིས་པ་སྐྱེས་པར་ནུས་པ་མེད་ཚེ། ཁྱོད་ཀྱིས་སེམས་སྡུག་བྱས་པས་ཅི་ལ་ཕན། མོར་འཐོར་ཏེ་ཆུང་མ་གཞན་ཞིག་ལེན་དགོས་པ་མ་རེད་དམཞེས་འཆད་བཞིན། རང་ཉིད་ཀྱི་སྐད་ཆར་གནས་ལུགས་ཀྱིས་ཕྱུག་མདོག་གིས་མུ་མཐུད་དུ་ལྦུ་ཆང་ཁམ་འགའ་འཐུངས།

ཁོན་ཐར་གྱིས་མགོ་བོ་འཕྲེད་དུ་གཡུག་ཙམ་གྱིསངས་ཀྱང་སྔོན་ཆད་དེ་ལྟར་དྲན་མྱོང་། འོན་ཀྱང་དེ་ལྟར་བྱས་ཚེ་རྒྱུ་འབྲས་བསྣོགས་པ་མ་རེད་དམཞེས་བཤད་དེ་རང་ཉིད་ཀྱང་ཅི་བྱ་གཏོལ་བྲལ་གྱི་གནས་སུ་ལྷུང་།

ལྷ་མོ་སྒྲོལ་མ་ཡང་གཞི་ནས་ཁོའི་སྐད་ཆར་ཡིད་ཆེས་ཤིང་ལྕགས་བྱམས་ཀྱི་སྐད་ཆ་དེར་འཐད་མ་བྱུང་བ་འདྲ། སྐེ་ཚུར་བསྲིངས་ཏེ་ཧ་ཅང་གཟབ་ནན་ངངབྱིས་པ་མ་སྐྱེས་པ་དེ་ཁྱོད་ཀྱི་སྐྱོན་ཡིན་ན་ཅི་བྱེད་རྒྱུ། ཁྱོད་གཉིས་ཀྱིས་སྨན་ཁང་དུ་བརྟག་དཔྱད་མ་བྱས་སམཞེས་དྲིས་འོངས།

ཁོན་ཐར་ཡང་ལྦུ་ཆང་གིས་ཅུང་བཟི་བར་གྱུར ཡོད་པསསྨན་ཁང་དུ་འགྲོ་བར་ངའང་ངོ་གནོང་གིན་འདུག དེ་བས་ཁྱོད་ཀྱིས་ང་ལ་རོགས་བྱོས་ཟེར་བ་ཡིནཞེས་བདེན་ཅོག་ཅོག་གིས་བརྗོད།

ལྕགས་བྱམས་ཀྱིས་སྔར་བཞིན་ཅི་མི་སྙམ་པའི་ངངསྨན་ཁང་དུ་འགྲོ་མི་ཕོད་ཀྱང་། རང་ཉིད་བུད་མེད་གཞན་དང་འགྲོགས་ཏེ་ཚོད་ལྟ་བྱས་ཆོག་པ་མ་རེད་དམཟེར།

ལྕགས་བྱམས་ཀྱིསངེད་གཉིས་ཀྱིས་ཁྱོད་ལ་ཡུན་རིང་དུ་བསྒུགས་ཟིནཟེར་བ་བདེན་པ་མིན་པར་སྣང་སྟེ། ཁོན་ཐར་ནི་ལྦུ་ཆང་ཁམ་འགའ་འཐུངས་པ་དེས་ཀྱང་ཅུང་བཟི་བར་གྱུར་འདུག་མོད། ལྕགས་བྱམས་ནི་དེ་ལས་ལྡོག་སྟེ་ལྦུ་ཆང་འཐུངས་པའི་བཟོ་ལྟ་ཙམ་ཡང་མི་འདུག་པའི་ཁར། ད་དུང་མདུན་ཅོག་སྟེང་དུ་དམ་བེ་སྟོང་བ་གཅིག་ཀྱང་མཐོང་རྒྱུ་མ་བྱུང་། ཁང་བའི་ནང་གི་གློག་འོད་མི་གསལ་བ་དེ་དམ་བེའི་ནང་གི་ལྦུ་ཆང་གི་ཁ་དོག་བཞིན་སྔར་བས་རབ་རིབ་ཏུ་གྱུར་འདུག་ཅིང་།

ལྦུ་ཆང་གིས་སྦྲིད་པའི་ཁོན་ཐར་གྱི་མིག་འོད་བཞིན་ཧ་ཅང་གཏིང་ཚད་མི་དཔོག་པའི་སྐྱོ་སྣང་ཞིག་གིས་ཁེངས་ནས་ཡོད།

ལྕགས་བྱམས་ཀྱིས་མུ་མཐུད་དུད་ནི་དོན་མེད་ཀྱི་སེམས་ངལ་དེ་བྱས་ནས་ཅི་བྱེད། ལྦུ་ཆང་ཐུངསཟེར།

ལྷ་མོ་སྒྲོལ་མས་ལྕགས་བྱམས་ལ་སྡང་མིག་གིས་བགྲད་དེཁོ་ལ་ཆང་འགྲོ་མི་འདུག་པས། ཁྱོད་རང་ཉིད་ཀྱིས་ཐུངས་ཤིགཟེར།

འོན་ཀྱང་ཁོན་ཐར་ནི་ཨ་མས་ཅི་བཤད་ལ་ཉན་པའི་བྱིས་པ་ཞིག་དང་འདྲ་བར། ལྕགས་བྱམས་ཀྱི་ཕྱི་བཞིན་འབྲངས་ནས་ལྦུ་ཆང་འཐུང་རྐྱང་བྱེད།

མཇུག་མཐར་ཁོན་ཐར་ར་བཟི་བར་གྱུར་སོང་བས། ལྕགས་བྱམས་ཀྱིས་སྔར་བཞིན་ལྷ་མོ་སྒྲོལ་མ་དང་ཁོ་གཉིས་དེ་སྔའི་མགྲོན་ཁང་ནང་དུ་བསྐྱལ་རྗེས། ཁོ་ད་དུང་སྦྱིན་བདག་ཅིག་ལ་འཕྲད་དགོས་ཟེར་ནས་བུད་སོང་།

སྔ་མོ་གཉིད་ལས་སད་དུས། ཁོན་ཐར་གྱིས་གཞི་ནས་རང་ཉིད་དེ་སྔའི་མགྲོན་ཁང་དེའི་ནང་དུ་ཉལ་ཡོད་པ་ཚོར་ཞིང་། སྐྱ་རེངས་ཀྱི་འོད་སྣང་མག་མོག་པོ་དེ་དེ་སྔ་བཞིན་དྲ་མ་བརྟོལ་ནས་མལ་ཁྲིའི་འཁྲིས་ཀྱི་ས་རྩི་དཀར་པོ་བྱུགས་པའི་རྩིག་ལྡེབས་ངོས་སུ་འཕྲོས་འདུག་པ་དང་། ལྷ་མོ་སྒྲོལ་མའང་དེ་སྔ་བཞིན་སྔ་མོ་ནས་ལངས་ཤིང་མལ་ཁྲིའི་མཐའ་འགྲམ་དུ་བསྡད་དེ་འཛུམ་པའི་མིག་གིས་ཁོ་ལ་བལྟས་འདུག་པ་མཐོང་།

མོས་ཁོན་ཐར་གཉིད་ལས་སད་པ་མཐོང་འཕྲལ་མཛའ་བའི་ངག་གིསབསྣད་ཨེ་འདུག མདང་དགོང་ཁྱོད་ཀྱིས་ལྦུ་ཆང་བཏུང་རྒྱུ་མང་དྲགས་སོང་།

ངས་ཁ་བཀག་ཀྱང་མི་ཁོགས་པ་རེདཟེར།

ཁོན་ཐར་གྱིས་མགོ་བོ་འཕྲེད་དུ་གཡུག་གིནལྕགས་བྱམས་གང་དུ་བུད་ཐལཞེས་དྲིས་ཤིང་། སེམས་སུ་ཁོ་འདི་གར་མཛའ་མོ་ཡོད་ཟེར་བ་དེའི་གམ་དུ་སོང་བ་ཡིན་རྒྱུ་རེད་སྙམ།

ལྷ་མོ་སྒྲོལ་མས་ཅི་མི་སྙམ་པའི་ངང་མིག་གི་ལྟ་ཕྱོགས་དེའི་མུར་རྩིག་པའི་ངོས་སུ་བསྒྱུར་ཏེ་ཅི་ལའང་ལྟ་བཞིན་མེད་པ་ལྟརཁོ་སྦྱིན་བདག་ཆེན་མོ་ཞིག་དང་འཕྲད་དགོས་པས་ཕྱིན་ཏེ་མྱུར་དུ་ཕྱིར་ཡོང་ཟེར་མོད། འོན་ཀྱང་གཏན་ནས་ཕྱིར་ལོག་མ་བྱུང་། ཁོའི་སྐད་ཆར་ཉན་རྒྱུ་མི་འདུགཅེས་བཤད་རྗེས་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་བསྡད་སོང་།

ཁོན་ཐར་གྱིས་མོའི་རྣམ་འགྱུར་དེ་མཐོང་བས། དགོད་བཞིན་དུཁྱོད་ཀྱིས་ཁོ་ལ་ཕྲག་དོག་བྱེད་ཀྱིན་པ་མིན་ནམཞེས་དྲིས་ཤིང་། ཁྱོད་ལ་ད་དུང་ང་ཡོད་པ་མིན་ནམ་སྙམ།

མོས་སྔར་བཞིན་ཅི་ལའང་ལྟ་ཡི་མེད་པ་ལྟར་རྩིག་ལྡེབས་ངོས་སུ་ཅེར་ཏེ་ཕལ་ཆེར་ཆིག་ལབ་རྒྱག་པ་ལྟརཁོ་ནི་གཞན་གྱི་དགུན་ཤ་རྐུ་ཟ་བྱེད་མཁན་ཞིག་ཡིན་པས། ང་ནི་ཁོའི་སྟེང་ལ་ཁོང་ཁྲོ་ལངས་དོན་ཅི་ཡོད་དམཟེར་བ་དང་། སླར་ཡང་མིག་གི་ལྟ་ཕྱོགས་ཐོལ་གྱིས་ཁོའི་སྟེང་དུ་བསྒྱུར་ཏེངའི་གྲོགས་པོ་ངོ་མ་དེ་ཁྱོད་ཡིན། ཁྱོད་ནི་མི་དྲང་རྐྱང་ཞིག་རེདཟེར།

ལྷ་མོ་སྒྲོལ་མསདགུན་ཤཞེས་པའི་མིང་དེ་གླེང་མ་ཐག་ཁོན་ཐར་གྱི་སེམས་ལ་དེ་རིང་འབྲི་སྐམས་རོག་རིང་མ་དགུན་ཤར་བཤའ་དགོས་པའི་དོན་དེ་ཝལ་གྱིས་དྲན་བྱུང་བས། ཐོལ་གྱིས་ཡར་ཙོག་སྟེདེ་རིང་ཁྱིམ་ནང་དུ་དགུན་ཤ་བཤའ་དགོས་པས། ང་མྱུར་དུ་འགྲོ་དགོསཞེས་རྗོད་བཞིན་ལྭ་བ་གོན།

ལྷ་མོ་སྒྲོལ་མ་དེ་འཕྲལ་བགད་བྱུང་། དགོད་ཞོར་དུངས་དྲན་མ་གསོས་ཚེ་ཁྱོད་ཀྱིས་རང་ཉིད་ཀྱི་དགུན་ཤ་བཤའ་བའང་བརྗེད་རྒྱུ་རེདཟེར།

ཁོན་ཐར་ལམ་ལ་ཆས་དུས། ལྷ་མོ་སྒྲོལ་མས་ཁོ་བསྐྱལ་ནས་སྒོ་འགྲམ་དུ་ཡོང་ཞིང་། དགོད་བཞིན་དུངས་ཁྱོད་ལ་དངོས་པོ་ཞིག་སྟེར། ཨེ་དགོསཞེས་དྲིས་བྱུང་།

ཁོན་ཐར་གྱིས་མོའི་སྐད་ཆའི་ཧ་མ་གོ་བརདངོས་པོ་ཅི་ཞིག་ཡིནཞེས་འདྲི་དགོས་བྱུང་ཞིང་། མོས་སྟེར་འདོད་པའི་དྲན་རྟེན་གྱི་དངོས་པོ་ནི་མཛུབ་དཀྲིས་སམ་ལག་གདུབ་གང་རུང་ཞིག་ཨེ་ཡིན་ནམ་སྙམ།

མོས་དེའི་མུར་རུམ་ནས་སྦྲུམ་བརྟག་དཔྱད་ཆས་ཤིག་བླངས་ཏེ་ཁོ་ལ་སྟེར་ཞོརམདང་དགོང་ཁྱོད་ཀྱིས་ང་ལ་ལས་བཅོལ་བྱས་པ་མིན་ནམ། ཁྱོད་བསྙལ་རྗེས་ང་ཡང་བསྐྱར་རྒྱ་སྲང་དུ་ཉོ་རུ་ཕྱིན་པ་ཡིན ཞེས་བཤད་པ་དང་། སླར་ཡང་ཧ་ཅང་ལྷད་མེད་པའི་མིག་གིས་ཁོར་ཅེར་བཞིན་སྐད་དམའ་མོསབྱིས་པ་བཙའ་རྒྱུ་མེད་པ་ནི་ཁྱོད་ཀྱི་རྐྱེན་ཡིན་ཡང་རུང་། ཆུང་

མའི་རྐྱེན་ཡིན་ཡང་རུང་། འདི་ནི་ལས་ཀྱིས་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་ལས། སུ་ཞིག་གི་སྐྱོན་དུའང་བརྩི་མི་རུང་བས། ཁྱོད་ཀྱིས་མོ་གཏན་ནས་འདོར་མི་རུང་། མོའི་སེམས་སུའང་ཁྱོད་དང་འདྲ་བའི་སྡུག་བསྔལ་ཡོད་པ་རེདཟེར།

མོའི་སྐད་ཆ་དེས་ཁོན་ཐར་ལ་སེམས་འགུལ་ཐེབས་ཏེ་མགྲིན་པ་བརྣངས་སུ་བཅུག་བྱུང་། མཇུག་མཐར་སྐད་ཆ་ཚིག་གཅིག་བཤད་པ་ནིངོ་མ་བཀའ་དྲིན་ཆེཞེས་པ་དེ་རེད། ཁོས་དེ་ལྟར་ཟེར་དོན་ཅི་ཞིག་ཡིན་པ་རང་ཉིད་ཀྱིས་ཀྱང་མི་རྟོགས་པར་འདུག

རང་ཁྱིམ་དུ་དགུན་ཤ་བཤའ་བའི་དོན་དེས་ཁོན་ཐར་ལ་བྲེལ་སྐུལ་བྱེད་བཞིན་འདུག་པས། ཁོའི་འཕྲུལ་རྟའི་མྱུར་ཚད་ཀྱང་དེ་བཞིན་དུ་ཇེ་མགྱོགས་ཡིན་པ་སྨོས་ཅི་དགོས། ཡིན་ནའང་ཁོའི་རྣ་ལམ་དུ་ཡང་དང་ཡང་དུ་ཡོང་ཁར་ལྷ་མོ་སྒྲོལ་མས་བཤད་པའི་སྐད་ཆ་དེ་གྲག་གིན་འདུག་པས། ཐ་ན་ཁོའི་རུམ་ནས་གྲག་གིན་པའི་ཁ་པར་གྱི་དྲིལ་བརྡ་ཡང་ཐོས་མ་བྱུང་།

ཡུལ་ཚོའི་ཁྲོམ་རའི་སྒོ་ཁར་སླེབས་དུས། ཁོན་ཐར་གྱིས་གཞི་ནས་ཚེ་རིང་སྐྱི་མོ་གང་དུ་ཡོད་དམ། ཁ་པར་ཞིག་མ་བཏང་ཚེ་ཁོས་སྔར་ནས་བརྗེད་ཟིན་ཀྱང་སྲིད་སྙམ་བཞིན། འཕྲུལ་རྟའི་ཁ་བསྒགས་ནས་རུམ་གྱི་ཁ་པར་བླངས་པ་ན། ཚེ་རིང་སྐྱི་མོས་ཁོ་ལ་ཁ་པར་ཞིག་བཏང་འདུག་པ་མཐོང་།

ཁོས་ཕྱིར་ལྡོག་གིས་ཁ་པར་བཏང་བ་ན། ཚེ་རིང་སྐྱི་མོསཁྱོད་ཚང་གིས་སྐམས་བཤའ་བཞིན་ཨེ་ཡོདཟེར།

ཁོན་ཐར་གྱིས་ཁོ་ཡོང་ཐུབ་ཀྱིན་མེད་པ་ཨེ་ཡིན་ནམ་སྙམ་སྟེ། ཅུང་ཚིག་པ་ཟ་ཞོརསྐམས་མི་བཤའ་ན་ངས་གང་བྱུང་དུ་ཁྱོད་བོས་ནས་ཅི་བྱེད། ཁྱོད་ད་ལྟ་གང་དུ་ཡོདཅེས་དྲིས།

ཕ་རོལ་པོས་ཁ་པར་ལས་སྡོད་བཟོད་མེད་པ་ལྟརའོ་ན་ཁྱོད་ཡུལ་དུ་མེད་པ་ཅི་ཡིན། ང་སྔོན་ནས་སླེབས་ཡོདཟེར།

ཁོན་ཐར་ཅུང་དོགས་མི་བདེ་བར་གྱུར་ནསདེ་འདྲ་ཡིན་ནམ། ངོ་མ་དགོངས་པ་མ་ཚོམ། མདང་དགོང་ལྕགས་བྱམས་ཀྱིས་མགྲོན་བྱས་ཏེ་རྫོང་མཁར་དུ་ལུས་སོང་། ད་བསླེབ་ལ་ཉེཞེས་བཤད།

ཚེ་རིང་སྐྱི་མོསཡོང་ཁར་ད་དུང་ལྦུ་ཆང་ཉོས་ཡོང་རྒྱུ་མ་བརྗེད། དགུན་ཤ་བཤས་རྗེས་ངེད་གཉིས་ཀྱིས་ཆང་སྐྱིད་པོ་ཞིག་འཐུངཟེར།

ཁོན་ཐར་གྱི་སེམས་སུལྟས་ངན་འདི་ཧམ་པ་ཆེ་བ་ལ་ཨངསྙམ་ཡང་། ངག་ནས་དེ་ལས་ལྡོག་སྟེདེར་འདང་རྒྱག་བྱེད་མི་དགོས། ངས་སྔོན་ནས་གྲ་སྒྲིག་བྱས་ཡོདཅེས་བརྗོད་ཅིང་། དེའི་མུར་ཁ་པར་གྱི་སྒོ་གཏན་ནས་ཁ་སང་ལྦུ་ཆང་ཉོ་སའི་ཚོང་ཁང་དེའི་ཕྱོགས་སུ་ཕྱིན།

ཁོན་ཐར་རང་ཁྱིམ་དུ་འབྱོར་དུས་དངོས་གནས་ཚེ་རིང་སྐྱི་མོ་སྔོན་དུ་སླེབས་འདུག་ཅིང་། ཆུང་མ་རིག་མོས་ཀྱང་བཞོན་མ་དག་བཞོས་ཚར་ཡོད་ནའང་།

ཁོ་མ་སླེབས་པས་ནོར་ཁྱུ་ལྷས་ནས་འཕུད་མ་ཕོད་པར་བསྒུགས་ནས་འདུག་པ་དང་། ཕ་རྒན་གྱིས་རྟ་རྒན་ལ་སྒ་བསྟད་དེ་གང་ཞིག་ཏུ་ལམ་ལ་ཆས་རྩིས་ཀྱི་གྲབས་བྱེད་ཀྱིན་འདུག

ཆུང་མ་རིག་མོ་ཐོག་མར་ཁོའི་མདུན་དུ་བུད་བྱུང་མོད། ཕལ་ཆེར་ཁོ་གང་ཞིག་ལ་སོང་བ་རྟོགས་ཡོད་པ་ལྟར་ངོ་མདངས་དམར་པོར་གྱུར་ནས་སྐད་ཆ་ཅི་ཡང་མི་བཤད་པར་མངོན།

ཁོན་ཐར་གྱིས་མོར་བལྟས་ནསཨ་ཕ་གང་དུ་འགྲོ་བ་རེདཅེས་དྲིས།

ཆུང་མ་རིག་མོས་ཀྱང་མིག་མདའ་སྒྱུག་པོའི་ཕྱོགས་སུ་འཕེན་ཙམ་གྱིསཁོ་དགོན་པར་འགྲོ་རྒྱུ་ཡིན་ཟེརཞེས་ལན་བཏབ་བྱུང་།

ཁོས་རུམ་ནང་གི་སྦྲུམ་བརྟག་དཔྱད་ཆས་བླངས་ནས་མོར་སྟེར་ཞོར་དུང་འདི་ཉོ་རུ་རྫོང་མཁར་དུ་ཕྱིན་པ་ཡིནཞེས་གསལ་བཤད་ཅིག་བྱས།    སྐབས་དེར་ཕ་རྒན་གྱིས་ཕ་རོལ་ནས་ཞོན་རྟ་ཚུར་ཁྲིད་ཡོང་བཞིན་འདུག་ཀྱང་། ཁོན་ཐར་ཕྱི་རོལ་ཏུ་ཞག་སྡོད་བྱས་པ་དེས་ཁོའི་ཁམས་དྭངས་མེད་པ་འདྲ། ཐད་ཀར་མནའ་མ་གཅིག་པུར་འཁོར་ནསང་དགོན་པའི་ནང་དུ་ཕྱིན་ཏེ་འབྲི་རྒན་གྱི་རྗེས་བསྔོར་ལྟུང་བཤགས་འདོན་རྒྱུ་གཏད་དགོས་པས། ཕལ་ཆེར་སང་ཉིན་མ་གཏོགས་ཕྱིར་ཡོང་མི་སྲིདཅེས་བཤད་རྗེས། དགུན་ཤ་བཤའ་བར་བཀོད་སྒྲིག་གཞན་མེད་པ་ལྟར་ཕར་ཕྱོགས་སུ་བུད་སོང་།

སྐབས་དེར་ཚེ་རིང་སྐྱི་མོ་ཁྱིམ་ནང་ནས་སྒོར་ཐོན་བྱུང་། ཕར་བལྟས་ཚོད་ཀྱིས་མདང་དགོང་ལྦུ་ཆང་འཐུང་བའི་བཟི་ད་དུང་དྭངས་མེད་པ་ལྟར། ངོ་གདོང་གི་སྐྱི་མོའི་སྟེང་དུ་ཞོགས་པའི་མཚམས་སྤྲིན་གྱི་ལྡོག་འོད་འཕྲོས་པ་ལྟ་བུའི་དམར་མདངས་ཤིག་རྒྱས་འདུག་ནའང། སྐབས་འདི་ནི་ཁོས་གཏམ་བཤད་པའམ་ལས་ཀ་ལས་ན་ཆེས་འཇོན་པའི་དུས་ཡིན་པ་ཁོན་ཐར་གྱིས་ཀྱང་རྟོགས་ཡོད།

ཁོན་ཐར་གྱིས་ཚེ་རིང་སྐྱི་མོ་ཁོའི་མདུན་བསུ་རུ་ཡོང་བ་རེད་སྙམ་གྱིན་ཡོད་ཀྱང་། ཚེ་རིང་སྐྱི་མོ་ཁོའི་འཁྲིས་སུ་སླེབས་འཕྲལ་སྡོད་མི་བཟོད་པ་ལྟརའབྲེང་བ་ཁྱེར་ཤོག་དང་། མྱུར་དུ་ལག་འགུལ་བར་བྱེདཟེར།

ཁོན་ཐར་གྱིས་དེ་འདྲ་བྲེལ་བ་ལངས་དོན་མི་འདུག་སྙམ་སྟེབྲེལ་དགོས་དོན་ཅི་ཡོད། སྔོན་ལ་ནངས་ཇ་འཐུང་ཞེས་བརྗོད།

ཚེ་རིང་སྐྱི་མོས་ཅི་མི་སྙམ་པའི་ངངསྐམས་གཅིག་བཤའ་བར་དེ་འདྲ་འགོར་སྲིད་དམ། བཤས་ཚར་རྗེས་ནངས་ཇ་འཐུང་ནའང་ཆོག་པ་རེདཟེར།

ཁོན་ཐར་གྱིས་འཕྲུལ་རྟ་སྒོ་འགྲམ་དུ་བཞག་སྟེ་གཞོགས་ཀྱི་ཁང་བའི་ནང་འབྲེང་བ་ལེན་དུ་འགྲོ་སྐབས། ཆུང་མ་རིག་མོ་ནི་རེ་ཞིག་རྟབ་རྟབ་པོར་གྱུར་པ་དང་། དེ་ནས་བྲེལ་མྱུར་ངང་ཕར་ཕྱོགས་སུ་སོང་སྟེ་ཨ་བྲ་ཁུང་དུ་བྲོས་པ་ལྟར་ཁྱིམ་ནང་དུ་འཛུལ།

ཁོན་ཐར་དང་ཚེ་རིང་སྐྱི་མོ་གཉིས་ཀྱིས་འབྲེང་བ་ཞིག་བཟུང་སྟེ་འབྲི་རྒན་རོག་རིང་མ་དམིགས་ནས་ནོར་ལྷས་སུ་ཕྱིན་པ་ན། ནོར་ལྷས་ཀྱི་འབྲི་མོ་དག་གིས་སྐེ་ཕར་ཡོ་ཚུར་ཡོ་སྒོས་ཕྱོགས་ངེས་མེད་དུ་མིག་ལྟ་བྱེད་བཞིན་ཡང་དང་ཡང་དུ་ངུར་སྐད་བར་མེད་བཏོན་བྱུང་ལ། དེ་ནི་ནངས་བཞོ་བཞོས་ཚར་ཡང་ཁོ་ཚོ་ད་དུང་ལྷས་ནས་མི་འཕུད་པ་ཅི་ཡིན་ཞེས་ཁྱིམ་ནང་གི་བདག་མོ་འབོད་པ་དང་མཚུངས་ཤིང་། ཡང་སྐར་ཆ་འགའི་རྗེས་སུ་བཟློག་ཏུ་མེད་པའི་འཇིགས་སྐྲག་ཅིག་ཁོ་ཚོ་གང་རུང་ཞིག་གི་མགོ་རུ་ལྷུང་རྒྱུ་ཡིན་པ་སྔོན་དཔག་གིས་ཤེས་ཏེ་ཕན་ཚུན་ལ་གསལ་བརྡ་གཏོང་བ་དང་ཡང་འདྲ། སྐབས་འདིར་ཆུང་མ་རིག་མོས་ཁང་བའི་ནང་ཕྱོགས་ཀྱི་དྲ་སྒོ་ལས་ཁོ་གཉིས་ཀྱི་རྗེས་སུ་ལྟ་བཞིན་མིག་ཆུ་བར་མེད་དུ་འབྱིད་ཀྱིན་འདུག

འབྲི་རྒན་རོག་རིང་མས་བཟློག་ཏུ་མེད་པའི་ལས་དབང་དེ་མོའི་སྟེང་དུ་བབས་བྱུང་བ་རྟོགས། ཁོ་གཉིས་འཁྲིས་སུ་སླེབས་པའི་སྐབས་སུ་ལུས་ཧྲིལ་པོ་འདར་སིག་སིག་བྱེད་བཞིན་ངུར་སྐད་བར་མེད་དུ་བཏོན་བྱུང་མོད། ཚེ་རིང་སྐྱི་མོས་བྱང་ཆ་ཡོད་པའི་ངང་མོའི་སྐེ་ལ་འབྲེང་བ་བསྐོན་ཏེ་བཙན་ཚུགས་ཀྱིས་ཁང་བའི་སྒོ་ཕྱོགས་སུ་ཁྲིད་པ་དང་། ཁོན་ཐར་གྱིས་རྗེས་ནས་དྲུག་སྟེང་དུ་འབྲེང་ལྕག་གིས་གཞུས་པ་ན། མོ་ལ་མཚོན་ན་གཤིན་རྗེའི་ལས་མཁན་གྱི་ལག་ཏུ་ཚུད་པ་བཞིན་ཕྱིར་འཐེན་ཅི་འདྲ་བྱས་ཀྱང་ཕན་ཐོགས་མ་བྱུང་།

སྐབས་དེར་ཁོན་ཐར་གྱི་ལྟ་ཕྱོགས་ཤིག་གིས་ཁྱིམ་གྱི་དྲ་སྒོའི་ནང་རོལ་ཏུ་ཆུང་མ་རིག་མོས་ཚུར་བལྟས་འདུག་པ་མཐོང་བས། དེ་མ་ཐག་ཏུ་འབྲེང་ལྕག་གིས་གཞུ་རྒྱུའང་བརྗེད་དེ་མོའི་ཕྱོགས་སུ་ཅེར་ནས་བསྡད་པར། མོས་ཀྱང་ཁྱོ་གས་མོར་ལྟ་བ་ཚོར་རྟོགས་བྱུང་སྟེ་དེ་མ་ཐག་ནང་རོལ་གྱི་གྲུ་ག་ཞིག་ཏུ་ནག་ཡུག་གེར་མི་མཐོང་བར་གྱུར། ཁོའི་སེམས་ལ་ཁ་སང་ཕ་རྒན་གྱིས་འབྲི་རྒན་འདིས་བེའུ་མི་བཙའ་བས་བཤའ་བར་གྱིས་ཤིག་ཟེར་དུས་ཀྱི་མོའི་ཧང་སང་བའི་མིག་མདངས་དེ་དྲན་བྱུང་། ཁོའི་སེམས་ལ་དངོས་གནས་མོར་ཡང་ཁག་མེད་པ་སྟེ། མོར་མངལ་མི་སྦྲུམ་པ་དང་འབྲི་མོར་བེའུ་མི་བཙའ་བ་ནི་མ་གཞི་ནས་གནས་ལུགས་གཅིག་ཡིན་པ་མིན་ནམ་སྙམ་སྟེ་རེ་ཞིག་རྟབ་རྟབ་པོར་ལུས། ལྷས་རའི་ནོར་བྱིངས་ཀྱིས་ཁོ་ཚོའི་རྗེས་སུ་བལྟས་ནས་ངུར་སྐད་བར་མེད་དུ་འདོན་གྱིན་འདུག

ཚེ་རིང་སྐྱི་མོ་ནི་དངོས་གནས་སྐམས་བཤའ་བའི་ཤན་པ་ཞིག་དང་མཚུངས་ཏེ། ཁོས་ཐོག་མར་འབྲི་རྒན་གྱི་ལག་པ་གཉིས་སྒྲོག་པ་དང་། དེ་ནས་སྐེ་ཡི་འབྲེང་བ་འཐེན་ཏེ་མགོ་བོ་ལག་བར་དུ་དྲངས་ཏེ་འཕུད་རྒྱག་ཅིག་བྱས་མ་ཐག འབྲི་རྒན་དེ་མ་ཐག་རྩིག་པ་འགྱེལ་བ་ལྟར་ལྟིག་སེར་ས་རུ་བརྡབས་པས། གཤང་བ་ནས་ལྕི་རིལ་འགའ་ཡང་ཐར་ཐོར་དུ་ཤོར་སོང་། ཚེ་རིང་སྐྱི་མོས་གདུག་རྩུབ་ཆེན་པོས་སུག་བཞི་དམ་པོར་བཅིངས་པའི་ན་ཟུག་མ་བཟོད་པར་འབྲི་རྒན་གྱིས་ངུར་སྐད་འདོན་ནུས་པ་ལྟ་ཅི།བར་ཐག་ཧ་ཅང་ཐུང་བའི་འཁུན་སྐད་ནར་ནར་དུ་འབྱིན་པ་དང་། མིག་ཟུང་ལས་མཆི་མའི་ཐིགས་པ་འགའ་འགྲིལ་བཞིན་ཧུར་རེར་ཁོན་ཐར་ལ་བལྟས་འདུག་པས། ཁོན་ཐར་གྱི་སེམས་སུ་མོའི་མིག་མདངས་དེ་དང་ཁ་སང་ཆུང་མས་ཁོ་ལ་ལྟ་བའི་མིག་མདངས་དེ་གཅིག་མཚུངས་ཡིན་པའི་སྣང་བ་སྐྱེས། སྐབས་དེར་ཁོའི་རྣ་ལམ་དུ་ད་ནངས་སྔ་མོ་ལྷ་མོ་སྒྲོལ་མས་བཤད་པའི་སྐད་ཆ་སྟེབྱིས་པ་བཙའ་རྒྱུ་མེད་པ་ནི་ཁྱོད་ཀྱི་རྐྱེན་ཡིན་ཡང་རུང་། ཆུང་མའི་རྐྱེན་ཡིན་ཡང་རུང་། འདི་ནི་ལས་ཀྱིས་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་ལས་སུ་ཞིག་གི་སྐྱོན་དུ་བརྩི་མི་རུང་བས། ཁྱོད་ཀྱིས་མོ་གཏན་ནས་འདོར་མི་རུང་།

མོའི་སེམས་སུའང་ཁྱོད་དང་འདྲ་བའི་སྡུག་བསྔལ་ཡོད་པ་རེདཟེར་བ་དེ་གྲགས་བྱུང་།

ཚེ་རིང་སྐྱི་མོས་འབྲི་རྒན་གྱི་མཆུ་སྡོམ་རྩིས་བྱེད་དུས་འབྲེང་བས་མ་རྩེབས་པ་ལ། འཁྲིས་སུ་ཧད་ནས་སྡོད་པའི་ཁོན་ཐར་ལ་ལྟ་བཞིནཁོ་རེ། ཁྱོད་དེ་རུ་ཧད་ནས་བསྡད་དེ་ཅི་བྱེད། སོང་སྟེ་ང་ལ་ཐག་པ་ཞིག་ཁྱེར་ཤོགཟེར།

ཁོན་ཐར་སྔར་བཞིན་དེ་གར་ཧད་ནས་སྡོད་པ་ལས། ཚེ་རིང་སྐྱི་མོས་སྐད་ཆ་ཅི་ཞིག་འཆད་ཀྱིན་པའང་གཏན་ནས་ཐོས་མ་བྱུང་།

ཁོ་རེ། ཁྱོད་ཀྱིས་ངས་འཆད་ཀྱིན་པ་མི་ཐོས་སམ།

ཚེ་རིང་སྐྱི་མོས་ཡང་བསྐྱར་དེ་ལྟར་བཤད་དུས། ཁོན་ཐར་གཞི་ནས་གཉིད་ལས་སད་པ་ལྟར་གྱུར་སོང་། ཕར་བརྒྱུགས་ཏེ་ཚེ་རིང་སྐྱི་མོ་ལ་འཕུད་རྒྱག་ཅིག་གིས་ཕར་དེད་རྗེས། དེ་སྔོན་ཚེ་རིང་སྐྱི་མོ་གཅིག་པུས་འབྲི་རྒན་བཀྱིགས་པ་ལྟར་རང་ཉིད་གཅིག་པུས་བྲེལ་མྱུར་ངང་འབྲི་རྒན་གྱི་བཀྱིགས་ཐག་བཀྲོལ་ཅི་ཐུབ་བྱས་སོང་།

ཝེ། ཁྱོད་སྨྱོས་པ་མིན་ནམ། ཁྱོད་ཀྱིས་ཅི་བྱེད་སྙམ་པ་ཡིན།

ཚེ་རིང་སྐྱི་མོས་དོན་དག་ཅི་ཞིག་བྱུང་སོང་བའང་མ་ཤེས་པར། ཁོན་ཐར་གྱི་རྒྱུན་ལྡན་མ་ཡིན་པའི་བཟོ་ལྟ་དེར་ཅེར་ནས་ཧད་འདུག

ཁོན་ཐར་གྱིས་གནག་ཕྱུགས་དག་གི་རྩིད་པ་འབྲེག་དུས་ལྟར་བཀྱིགས་ཐག་བཀྲོལ་ཏེ་འབྲི་རྒན་གྱི་དྲུག་སྟེང་དུ་འབྲེང་ལྕག་གིས་ཡང་མོར་གཞུ་ཙམ་བྱས་མ་ཐག འབྲི་རྒན་གྱིས་འདྲེད་ཤད་འགའ་བྱས་ཏེ་ཧུར་ཐག་གིས་ཡར་ལངས་རྗེས། སྤྲུག་རྡེབ་བྱེད་རྒྱུ་འང་མ་བྱུང་བར་འཆི་བདག་གི་ཁ་ནས་ཐར་བ་བཞིན་ཕྱིར་ལྷས་རའི་ནོར་ཁྱུའི་གྲས་སུ་བརྒྱུགས་སོང་ལ། ནོར་བྱིངས་རྣམས་ཀྱིས་ངུར་སྐད་འདོན་བཞིན་མོའི་ཕྱོགས་སུ་ལྟ་བཞིན་པ་ནི། མོའི་འདས་ལོག་ལ་སེམས་གཏིང་ནས་འཚམས་འདྲི་དང་སེམས་གསོ་བྱེད་པ་དང་ཀུན་ནས་མཚུངས།

ཁོན་ཐར་གྱིས་ཡུན་རིང་ཙམ་ལ་འབྲི་མོའི་རྗེས་ཕྱོགས་སུ་བལྟས་རྗེས། གཞི་ནས་ཚེ་རིང་སྐྱི་མོའི་ཕྱོགས་སུ་འཁོར་ནས་ཧ་ཅང་ཡིད་ཚིམས་པའི་མདངས་ཤིག་ཕྱུང་སྟེད་ནི་དགུན་ཤ་བཤའ་མི་དགོས་པར་འདུག ངེད་གཉིས་ཁྱིམ་དུ་འགྲོ་ལ་ལྦུ་ཆང་འཐུངཞེས་བརྗོད།

ཁོ་གཉིས་ཀྱིས་འཕྲུལ་རྟའི་འཕོངས་ཀྱི་ལྦུ་ཆང་བསྡམས་མ་དེ་ཁྱེར་ནས་ཁྱིམ་ནང་དུ་འགྲོ་དུས། ཆུང་མ་རིག་མོ་ནི་ཁྱིམ་ཕུག་ཏུ་ཙོག་ནས་མིག་ཆུ་འབྱིད་བཞིན་འདུག་ཅིང་། ཁོ་གཉིས་གློ་བུར་ཁྱིམ་དུ་སླེབས་པ་མཐོང་འཕྲལ་ཧ་ཅང་དོགས་མི་བདེ་བའི་ངང་འཚུབ་སེར་ཡར་ལངས་བྱུང་།

ཁོན་ཐར་གྱིས་མོའི་ཕྱོགས་སུ་བལྟས་ནསཁྱོད་སོང་ལ་ནོར་ཁྱུ་ལྷས་ནས་ཕུད་ཅིག ད་ནི་དགུན་ཤ་མི་བཤའཞེས་བཤད།

མོས་ཡིད་ཆེས་དཀའ་བའི་ངང་ཧད་ཀྱིས་ཁོན་ཐར་གྱི་གདོང་དུ་ཅེར་བྱུང་ལ། ཅེར་བའི་དུས་ཀྱི་མིག་གཉིས་ནི་ངུས་ཏེ་དམར་པོར་གྱུར་འདུག་པ་མངོན་གསལ་དུ་མཐོང་ཐུབ། མོས་མཚར་ཉམས་ཀྱིསའོ་ན་ཁྱོད་གཉིས་ཀྱིས་འབྲི་རྒན་མ་བཤས་སམཟེར།

ཁོན་ཐར་གྱིས་ཧ་ཅང་སྙིང་བརྩེ་བའི་སྒོ་ནསའབྲི་མོས་བེའུ་མ་བཙས་པ་ནི་ལས་དབང་གི་བཀོད་སྒྲིག་ཅིག་ཡིན་པ་ལས་མོའི་སྐྱོན་ཆ་མ་རེད། མྱུར་མོར་སོང་ལ་ནོར་ཁྱུ་ལྷས་ནས་ཕུད་ཅིགཅེས་བརྗོད་དེ་མིག་གིས་ཀྱང་མྱུར་དུ་སོང་ཞེས་པའི་བརྡ་བསྟན།

ཆུང་མ་རིག་མོ་མྱུར་མོར་དྲ་སྒོའི་འཁྲིས་སུ་བཅར་ནས་བལྟས་པར། འབྲི་རྒན་ནོར་ལྷས་སུ་ཡོད་པ་མཐོང་འཕྲལ་ཆེས་དགའ་བར་གྱུར་སོང་། བཀའ་དྲིན་ཞུ་བའི་མིག་མདངས་ཀྱིས་ཁྱོ་གར་བལྟས་ཙམ་བྱས་རྗེས། དེ་མ་ཐག་ཏུ་བྱིས་པ་ཞིག་དང་འདྲ་བར་དགའ་དགའི་ངང་ཕྱི་རོལ་ཏུ་བརྒྱུགས་སོང་།

ཚེ་རིང་སྐྱི་མོ་ནི་ལྦུ་ཆང་མཐོང་ཚེ་དོན་དག་གཞན་ལ་ཁ་ཡ་མི་བྱེད་མཁན་ཞིག་ཡིན་ནའང་། དེ་རིང་ནི་དེ་ལས་ལྡོག་སྟེ་ད་དུང་ཡང་ཧ་མ་གོ་བ་ལྟར་ཆང་ཕོར་ཁ་རུ་བཅར་ཏེ་མི་འཐུང་བརཤོད་དང་།

ཁྱོད་ཀྱིས་འབྲི་རྒན་བཀྱིགས་ཚར་རྗེས་མི་བཤའ་བར་གློད་དོན་ཅི་ཡིནཟེར།

ཁོན་ཐར་གྱིས་བསྟུད་མར་ལྦུ་ཆང་ཕོར་བ་འགའ་འཐུངས་རྗེསརྒྱུ་མཚན་ནི་འབྲི་རྒན་དེས་བེའུ་མ་བཙས་པས་རེདཅེས་བཤད།

ཚེ་རིང་སྐྱི་མོས་སྔར་ལས་ཀྱང་ཧ་མ་གོ་བརདེའི་རྒྱུ་མཚན་ཅི་རེདཅེས་དྲིས།

ཁོན་ཐར་གྱིསདེ་ཁྱོད་ཀྱིས་ཤེས་མི་སྲིདཅེས་བཤད་རྗེས། ཆང་ཕོར་ཕར་གཏད་དེཐུངས། ཞབས་དག་རྒྱགཅེས་བསྐུལ།

བསྟུད་མར་ཤེལ་དམ་འགའ་འཐུང་འཕྲལ་ཚེ་རིང་སྐྱི་མོ་ཅུང་བཟི་བར་གྱུར་སོང་། གདོང་གི་སྐྱི་མོ་ཕྱོགས་གཅིག་ཏུ་གཉེར་ནས་ཁོན་ཐར་ལ་ལྟ་བཞིནམདང་དགོང་ཁྱོད་དང་ལྕགས་བྱམས་གཉིས་ཀས་ལྷན་དུ་ཆང་འཐུང་བ་ཡིན་ཟེར་རམ། ངས་བལྟས་ན་ཁྱོད་ལྕགས་བྱམས་ལ་མ་འགྲོགས་ན་བཟངཞེས་སྨྲས་བྱུང་།

ཁོན་ཐར་གྱི་ངོ་མདངས་ཀྱང་དམར་པོར་གྱུར་ཏེ་ཞོགས་པའི་མཚམས་སྤྲིན་གྱི་ལྡོག་འོད་འཕྲོས་པ་དང་ཡོངས་སུ་མཚུངས། ཁོས་ཚེ་རིང་སྐྱི་མོས་དེ་ལྟར་བཤད་དོན་ཅི་ཡིན་པ་མ་རྟོགས་པར་སྣ་དགོད་ཅིག་བྱས་འཕྲལཁྱོད་ཀྱིས་དེ་ལྟར་ཟེར་དོན་ཅི་ཡིནཞེས་དྲིས།

ཚེ་རིང་སྐྱི་མོས་བདེན་ཅོག་ཅོག་ངངཁོ་ནི་གྲོགས་པོ་ཚོའི་ཆུང་མ་རྐུ་མཁན་ཞིག་རེད། ཁོས་གྲོགས་པོ་ཚོ་ཆང་གིས་བཟི་རུ་བཅུག་ནས་སྨད་འཚོང་མ་དག་གི་སར་བསྐྱལ་རྗེས། ལྐོག་ཏུ་གྲོགས་པོ་ཚོའི་ཆུང་མའི་སར་སོང་བ་ཡིན་ཟེར། ཁོས་ང་ལ་དངོས་སུ་དེ་ལྟར་བཤད་པ་ཡིནཞེས་བརྗོད་འོངས།

ཁོན་ཐར་གྱི་རྣ་བར་མ་སོང་བས་གད་མོ་ཞིག་བགད་ཏེཁོས་གྲོགས་པོ་ཚོའི་ཆུང་མ་འདོད་ཀྱང་། གྲོགས་པོ་ཚོའི་ཆུང་མས་ཁོ་འདོད་མིན་སུས་ཤེསཞེས་བཤད་ཅིང་། སླར་ཡང་ལྦུ་ཆང་ཕོར་བ་གང་ཞབས་དག་བརྒྱབ།

ཚེ་རིང་སྐྱི་མོས་ཀྱང་ཁོན་ཐར་ལ་ལད་མོ་བྱེད་པ་ལྟར། ལྦུ་ཆང་ཕོར་བ་གང་ཞབས་དག་བརྒྱབ་རྗེས། མུ་མཐུད་དུངས་ཀྱང་དེ་ལྟར་ལབ་པ་ཡིན། འོན་ཀྱང་ལྟས་ངན་དེ་ལ་གཡོ་ཐབས་ཡོངས་སུ་ཚང་འདུག ཁོས་མོ་ཚོའི་ཁྱོ་ག་སྨད་འཚོང་མ་དག་གི་གམ་དུ་འདུག་ཅེས་མནའ་བསྐྱལ་པ་ན། མོ་ཚོས་ཀྱང་དེའི་ན་ཟུག་མ་ཐེག་པར་ཁོ་དང་ལེན་བྱས་འགྲོ་ཟེར། དེ་ལོས་ཡིན། གལ་ཏེ་ང་བུད་མེད་ཅིག་ཡིན་ནའང་ན་ཟུག་འདི་ཐེག་རྒྱུ་མ་རེདཟེར་ནས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད།

ཁོན་ཐར་གྱིས་ཁོའི་སྐད་ཆ་དེ་ཐོས་འཕྲལ་གློ་བུར་ནམ་གསལ་བ་ལྟར་གྱུར་སོང་། ཉིན་འདི་དག་གི་ལྕགས་བྱམས་ཀྱི་རྒྱུན་ལྡན་མ་ཡིན་པ་ལྟ་བུའི་བྱ་སྤྱོད་དང་། ལྷ་མོ་སྒྲོལ་མའི་ལྷད་མེད་རྣམ་དག་ཡིན་པ་ལྟ་བུའི་སྐད་ཆ་དག་རེས་མོས་ཀྱིས་ཁོའི་ཀླད་པའི་ནང་དུ་འཚང་རྒྱག་བྱས་བྱུང་། ཚེ་རིང་སྐྱི་མོས་མུ་མཐུད་དུ་སྐད་ཆ་མང་བོ་ཞིག་འཆད་ཀྱིན་འདུག་ཀྱང་ཁོས་ཚིག་གཅིག་ཀྱང་མ་ཐོས། ཁོས་ཤེས་པ་ནི་ཆུང་མ་རིག་མོ་ཚེ་རིང་སྐྱི་མོས་འཆད་པ་ལྟ་བུའི་ཐབས་རྡུགས་ཀྱི་ལས་དེ་འདྲ་བྱེད་མཁན་ཞིག་མ་ཡིན་པར། རང་གིས་བྱིས་པ་བཙའ་མ་ཐུབ་པའི་ནོངས་ཀྱིས་ནམ་ཡང་ཁྱོ་ག་ལ་བཟོད་སྒོམ་གནང་མཁན་ཞིག་ཡིན་པ་དེ་རེད། ཁོ་ཡུན་རིང་བོར་དེ་ལྟར་བློང་བློང་བོར་ལུས་ཤིང་། མཇུག་

མཐར་ཁོས་མཉམ་འཇོག་དུས་ཚེ་རིང་སྐྱི་མོ་སྔོན་ནས་ཕྱིར་ལོག་ཟིན་འདུག་ཅིང་། ཤུལ་དུ་ཁོ་གཅིག་པུ་ཁེར་རྐྱང་དུ་ལུས་ཡོད་པ་དང་། ཚེ་རིང་སྐྱི་མོས་བསྐྱུར་པའི་དམ་བེ་སྟོང་བ་དག་གཡས་བསྒྱེལ་གཡོན་བསྒྱེལ་བྱས་ཏེ་བེམ་པོ་བཞིན་དུ་ཁྱིམ་དཀྱིལ་དུ་བརྡལ་འདུག་པ་དེ་རེད།

སྐབས་དེར་ཆུང་མ་རིག་མོས་ནོར་ཁྱུ་རྩྭ་རའི་ནང་དུ་བཏང་སྟེ་ཕྱིར་ཁྱིམ་དུ་སླེབས་བྱུང་། མོ་ཁྱིམ་དུ་སླེབས་འཕྲལ་ཧ་ཅང་དགའ་བའི་ངང་ཐད་ཀར་བརྒྱུགས་ཡོང་སྟེ་ཁོན་ཐར་གྱི་དཔུང་བར་འཐམ་བཞིནངས་ཞིབ་བཤེར་བྱས་ཟིན། ང་ལ་མངལ་སྦྲུམ་འདུག ངོ་མ་ཟེར་བ་ཡིན། ད་ནི་ཁྱོད་གང་བྱུང་ངང་རྒྱ་སྲང་དུ་འཁྱམས་ནས་ཞག་སྡོད་བྱེད་མི་སྲིད་ཨངཟེར།

ཁོན་ཐར་ནི་རང་ཉིད་ཀྱི་རྣ་བར་ཡང་ཡིད་མི་ཆེས་པར་གྱུར་སོང་། ངག་ནས་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མ་བྱུང་བར་ཧུར་རེར་ཆུང་མའི་གདོང་ལ་བལྟས་པ་ན། ཆུང་མ་རིག་མོ་ནི་ད་སྔོན་ཁོས་འབྲི་རྒན་སྲོག་ཐར་དུ་བཏང་བ་མཐོང་བའི་དུས་བཞིན་བྱིས་པ་ཞིག་དང་འདྲ་བར་ཧ་ཅང་དགའ་བཞིན་འདུག་ཅིང་། སེམས་གཏིང་ནས་བཀའ་དྲིན་ཞུ་བའི་མིག་མདངས་ཀྱིས་ཁོའི་གདོང་ལ་ཅེར་ཏེ་ལན་ཅི་གདབ་ལ་བསྒུགས་ནས་ཡོད……

རྩོམ་སྒྲིག་འགན་འཁུར་པ་ཕག་མོ་དོན་གྲུབ་ཡིན


རྩོམ་ཡིག་སྔོན་མ།
མར་མེ་ཚེ་འབར།
རྩོམ་ཡིག་རྗེས་མ།
མེ་ལོང་ནང་གི་ཕྱེ་མ་ལེབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1