ཆར་བ་འབབ་བཞིན་གདའ།
མི་ཉག་ལྷ་སྒང་ལ་ཆར་བ་ཤུགས་ཀྱིས་འབབ་བཞིན་འདུག
ཇ་ཁང་གི་དྲ་མིག་ལས་ཕྱི་ལ་བལྟས་པ་ན། ཆར་ཐིགས་ནི་དར་སྐུད་ཀྱི་ཉག་མ་ཇི་བཞིན་མཁའ་ནས་ས་ལ་འཐེན་འདུག རྩོམ་པ་པོས་ཆར་ཐིགས་ཀྱིས་གཙེ་བཞིན་ཡོད་པའི་གཞུང་ལམ་ངོས་ལ་དུས་ཡུན་རིང་བོར་ཅེར་བར། རང་ཉིད་ནི་ཇ་ཁང་མདུན་གྱི་གཞུང་ལམ་ངོས་སུ་གན་རྐྱལ་དུ་ཉལ་འདུག་པ་མཐོང་བྱུང་ལ། སྐབས་དེར་ཁོའི་ལུས་ན་གོས་མེད། རྐང་ན་ལྷམ་ཡང་མེད་པར་མ་ཟད། ཆར་ཐིགས་རེ་རེ་ནི་ཤེལ་གྱི་རལ་གྲི་རེ་རེར་གྱུར་ཏེ་ལུས་ཀྱི་ཆ་ཀུན་ལ་ཟུག་པ་ན། ཁ་དོག་མེད་པའི་ཁྲག་རྒྱུན་རེ་རེ་ལུས་ཀྱི་རྨ་ཁ་རེ་རེ་ནས་ཕྱི་རུ་ལུད་པས། ཆར་ཐིགས་ཁྲག་རྒྱུན་ལ་འདྲེས་པ་དང་། ཁྲག་རྒྱུན་ཆར་ཐིགས་ལ་འདྲེས་པ་དང་བསྟུན་ཏེ། གཞུང་ལམ་ངོས་སུ་ཆུ་རྒྱུན་ཕྲ་མོ་མང་བོ་གྱ་གྱུའི་ངང་བཞུར་མགོ་བརྩམས།
ང་ཤི་སོང་ངམ། ང་ནི་གཞུང་ལམ་ངོས་སུ་གན་རྐྱལ་དུ་ཉལ་འདུག་པའི་བེམ་པོ་དེ་ཡིན་ནམ། དངོས་འབྲེལ་བེམ་པོ་དེ་ཡིན་ནམ། འཇིགས་སྣང་དང་བཅས་བསམ་གཞིག་གི་ལས་ལ་ཡུད་ཙམ་རོལ་པར། རྩོམ་པ་པོས་སླར་ཡང་རང་ཉིད་དངོས་འབྲེལ་སྨྱོས་འདུག་སྙམ་བྱུང་བས། འཇིགས་སྐྲག་དང་རེ་ལྟོས་ནི་ལུས་ཀྱི་མགོ་མཇུག་བར་གསུམ་ནས་སྙིང་རྩེར་འདུས་ཏེ་འཁྱུག་འཁྱུག་བྱས། འཁྱུག་འཁྱུག་བྱས། ཡང་ནས་ཡང་དུ་འཁྱུག་འཁྱུག་བྱས། ཨ་ཁ་ཁ། ད་ནི་ཅི་བྱ། མཆོག་སྤྲུལ་རིན་པོ་ཆེ་ཚང་ལྷ་སྒང་དགོན་ལ་བྱོན་འདུག་ཟེར། རང་ཉིད་ཁོང་གི་སྐུ་མདུན་ལ་འགྲོ་དགོས་སམ། དེ་ལས་ཐབས་གཞན་ཡོད་དམ། འོན་ཏེ་རང་ཉིད་ལ་རྣམ་སྨིན་འཁོར་བ་ནི་འོས་ཤིང་འཚམ་པ་ཞིག་ཡིན།
རྩོམ་པ་པོས་ཅི་ཡིན་འདི་ཡིན་མེད་པར་རྒྱ་ཇ་ཧུབ་གང་འཐུངས་རྗེས། སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ་ཡིད་སེམས་བདེ་རུ་འགོད་པའི་ལས་སུ་འབད། ཁོའི་ཡིད་སེམས་བདེ་ལ་ཅུང་ཟད་བབས་པ་དང་བསྟུན་ཏེ་ཉེ་འཁོར་དུ་ཞིབ་ལྟ་ལན་གཅིག་བྱས་པ་ན། ཁམས་ཀྱི་འབྲོག་པ་ཞིག་ཁོའི་གམ་དུ་ཀྲོང་ངེར་ལངས་ཏེ་ཞེད་སྣང་དང་བཅས་ཁོ་ལ་ཅེར་འདུག་པ་མཐོང་བས། ངོ་མདངས་སྐད་ཅིག་ཉིད་དུ་དམར་པོར་གྱུར་པ་དང་། རང་ཉིད་ཀྱིས་ཅི་བྱས་མི་ཤེས་པའི་སྐྱོན་དེ་སྦ་ཆེད། རྩོམ་པ་པོ་ནི་སླར་ཡང་ཤིང་གི་འདུག་སྟེགས་སྟེང་དུ་སྒམ་འདུག་ཅིག་བྱས་རྗེས། ཁོ་ནི་བློ་སྒམ་པ། སེམས་ལྷོད་པ། ཅི་དང་ཀུན་ལ་འདྲིས་ཆ་ཆེ་བའི་ངང་ཚུལ་བཅོས་མ་ཞིག་བཟུང་སྟེ། ཐོག་མར་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས་ཤུགས་ཀྱིས་ལན་གཅིག་བརྔུབས་པ་དང་། དེ་ནས་སེང་གེ་འགྱིང་སྟབས་ཀྱིས་ཇ་ཁང་གི་རྩིག་པའི་ངོས་སུ་ཅེར་ནས་བསྡད།
རྩོམ་པ་པོའི་ཁ་གཏད་ཀྱི་རྩིག་པའི་ངོས་སུ་མེ་ལོང་ཞིག་བཀལ་འདུག ཁོས་མེ་ལོང་ངོས་ལ་ཞིབ་ལྟ་བྱས་པ་ན། རང་ཉིད་ཀྱི་གདོང་རྫོབ་པོ། མིག་ཉོབ་པོ། སྐྲ་དཀར་པོ་དེ་གསལ་ལེར་མཐོང་བྱུང་། ཡུད་ཙམ་གྱི་རྗེས་སུ། ཁོའི་ངོ་གདོང་རྫོབ་པོ་དེ་འདབ་བརྒྱ་རྣམ་པར་གྲོལ་པའི་མེ་ཏོག་པད་མ་རྐང་གཅིག་ཏུ་གྱུར་པ་དང་། སྐྲ་ལོ་དཀར་པོའི་ཉག་མ་རེ་རེ་ནི་མགོ་བོ་དང་གྱེས་རྗེས་མེ་ལོང་གི་ནམ་མཁར་གཞི་གཅིག་ལ་འདྲེས་ཏེ་དུང་གི་ཕྱེ་མ་ལེབ་ཅིག་ཏུ་གྱུར། དུང་གི་ཕྱེ་མ་ལེབ་དེས་མེ་ཏོག་པད་མའི་སྟེང་དུ་དགའ་ལྷང་ལྷང་། ལྡེམ་གྱུག་གྱུག་གིས་འཕུར་ལྡིང་བྱེད་སྐབས། གཡུའི་ཕྱེ་མ་ལེབ་ཅིག་ཞེད་སྣང་དང་བཅས། འཛེམ་དོགས་དང་བཅས་གཤོག་འགྱུར་གྱི་སྟངས་སྟབས་ལ་རོལ་ནས་དེ་གར་སླེབས་བྱུང་།
“སྒྲོལ་མ། ཁྱོད་སླེབས་བྱུང་ངམ།” དུང་གི་ཕྱེ་མ་ལེབ་དེ་ཤིན་ཏུ་དགའ་བར་གྱུར།
“……”
“སྒྲོལ་མ། ཁྱོད་སླེབས་བྱུང་ངམ།”
གཡུའི་ཕྱེ་མ་ལེབ་ནི་སྐྱེངས་ཏེ་བློང་བློང་བོར་གྱུར་པས། སྐབས་རེར་གཤོག་འགྱུར་གློ་བུར་བ་ཞིག་བྱས་པ་ན། པད་མའི་གོང་རོལ་ནས་འཁྱུག་འགྲོས་བྱེད་པ་དང་། མཚམས་རེར་གཤོག་པ་བརྐྱངས་ཏེ་བཀན་གྱུག་གེར་བསྡད་པས་ས་ལ་ལྷུང་གྲབས་བྱས་བྱུང་།
ཉིན་དེ་ནས་བཟུང་། དུང་གི་ཕྱེ་མ་ལེབ་དང་གཡུའི་ཕྱེ་མ་ལེབ་གཉིས་ཀས་གཤོག་ཕྲེང་བསྒྲིགས་ཏེ་ཐོག་མར་མེ་ཏོག་གངས་ལྷའི་ཚལ་དུ་འཕུར་ལྡིང་བྱས། དེ་ནས་མེ་ཏོག་གསེར་ཆེན་གྱི་ཚལ་དུ་འཕུར་ལྡིང་བྱས། ཡང་དེ་ནས་མེ་ཏོག་པད་མའི་ཚལ་དུ་འཕུར་ལྡིང་བྱས་རྗེས། གཉིས་ཀས་སྐྱེད་ཚལ་ཡིད་དུ་འོང་བ་ཞིག་ཏུ་ཁྱིམ་གཞིས་བཟུང་།
སྐབས་ཤིག་ལ། ཤར་ཕྱོགས་ཀྱི་ནམ་མཁར་སྤྲིན་ནག་འཁྲིགས། ལྷགས་རླུང་ལྡང་། སྤྲིན་ནག་དང་ལྷགས་རླུང་གི་རྗེས་སུ་ཁྲག་གི་ཕྱེ་མ་ལེབ་ཅིག་དེད་འདུག
ཏག་ཏག་སྐབས་དེར། རྩོམ་པ་པོར་སྔངས་ཚུབ་གློ་བུར་བ་ཞིག་སྐྱེས་པ་དང་བསྟུན་ནས། བློ་འགྱོད་གློ་བུར་བ་ཞིག་ཀྱང་སྐྱེས་བྱུང་བར། མེ་ལོང་ནང་དུ་རང་ཉིད་ཀྱི་ངོ་གདོང་སྐྱུག་བྲོ་བ་དེ་ལས་ཅི་ཡང་མི་སྣང་བར་གྱུར།
ཇ་ཁང་ནང་དུ་མགྲོན་པོ་མང་བོ་སླེབས་འདུག གཞོན་ནུ་མ་དེས་མགྲོན་པོ་སོ་སོར་སྣེ་ལེན་བྱེད་བཞིན་ཡོད། མོས་མགྲོན་པོར་སྣེ་ལེན་བྱེད་ཞོར་དུ་འདྲིས་ཆེ་བའི་ཉམས་ཀྱིས་རྩོམ་པ་པོར་འཛུམ་མདངས་སྟོན་བཞིན་གདའ། ཚུལ་དེ་མཐོང་བ་ན། མོའི་ཨ་མ་ཤིན་ཏུ་དོགས་མི་བདེ་བར་གྱུར། ཨ་ཁ་ཁ། བུ་མོ་འདི་ལ་དེ་རིང་ཅི་བྱུང་སོང་ངམ། སྔར་དུས་མོས་སྐྱེས་པ་ཞིག་ལ་འདི་ལྟར་གཏན་ནས་ལྟ་མི་སྲིད། གཏན་ནས་ལྟ་མི་སྲིད།
འོ་རེད་ལགས། ཇ་ཁང་འདིའི་མིང་ལ་ཁམས་པའི་འབྲོག་ཁྱིམ་ཟེར་ཞིང་། ནང་གི་བཀོད་པ་དང་མཛེས་སྤྲོས་ནི་ཨ་མདོའི་རོང་ཁྱིམ་དང་བོད་ཀྱི་དགོན་པའི་འདུ་ཁང་གི་གྲུབ་ཆ་སྐོར་ཞིག་ལྷན་དུ་བསྡེབས་ནས་གྲུབ་ཡོད་པར། ཇ་ཁང་དུ་སླེབས་པ་ནས་བཟུང་རྩོམ་པ་པོའི་སེམས་སུ་སྤྲོ་སྣང་དང་བདེ་སྣང་སྤུ་ཉག་ཙམ་ཞིག་འཕོས་བྱུང་། དེ་རིང་སྐྱིད་པ་ལ་ཨང་། དུས་ཡུན་རིང་བོ་ཞིག་ལ་རྩོམ་པ་པོར་ཚོར་སྣང་འདི་འདྲ་གཏན་ནས་སྐྱེས་མ་མྱོང་།
རྩོམ་པ་པོའི་ཕ་ཡུལ་ནི་མཚོ་སྔོན་གྱི་འབྲོག་སྡེ་ཞིག་ཡིན། མི་ཉག་ལྷ་སྒང་ཡུལ་གྱི་ཁང་བའི་བཀོད་པ། ད་དུང་ཉེ་འཁོར་གྱི་སྤང་ལྗོངས་དང་རྩྭ་རྩི་ཏོག་སྐྱེ་ལུགས་བཅས་ནི་ཁོའི་ཕ་ཡུལ་དང་གཉིས་སུ་མེད་པས། ཡུལ་འདིར་སླེབས་པའི་ཚོར་བ་ནི་ཕ་ཡུལ་ལ་སླེབས་པ་དང་ཀུན་ནས་མཚུངས།
ཁོས་སླར་ཡང་རྒྱ་ཇ་ཧུབ་གང་འཐུངས། གཞོན་ནུ་མས་བསྐྱལ་ཡོང་བའི་ཤིང་ཏོག་སྟར་ཀ་ཁམ་འགའ་ཟོས་ཏེ་ཡིད་སེམས་རྣལ་ལ་ཅུང་ཟད་ཕབ་རྗེས། འཇིགས་ཞེད་ཆེན་པོ་དང་བཅས། ཨུ་ཚུགས་ཆེན་པོ་དང་བཅས་ཇ་ཁང་གི་དྲ་མིག་ལས་ཕྱི་རོལ་ལ་བཙན་གྱིས་བལྟས།
ཆར་བ་སྔར་ལྟར་འབབ་བཞིན་གདའ།
མི་ཉག་ལྷ་སྒང་ལ་སྔར་ལྟར་ཤུགས་ཀྱིས་འབབ་བཞིན་ཡོད་མོད། གཞུང་ལམ་ངོས་སུ་ཇི་ལྟར་བལྟས་ཀྱང་། རླངས་འཁོར་མང་བོ་ཤར་ནུབ་གཉིས་ལ་ཤར་གཏོང་བྱེད་བཞིན་ཡོད་པ་གསལ་མོད། རང་ཉིད་ཀྱི་ལུས་པོ་སྒྲེན་པོ་དེ་གཏན་ནས་མི་མཐོང་བས། ཡིད་སེམས་ཅུང་ཟད་བདེ་ལ་བབས་པའི་ངང་ནས་དངན་པ་རིང་བོ་ཞིག་འཐེན། སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ། བདག་ལ་མགོན་སྐྱབས་མཛོད་ཅིག བདག་གི་གྲོགས་དང་དཔུང་གཉེན་མཛོད་ཅིག སྐབས་དེར། རྩོམ་པོ་པོས་མིག་ཟུང་བཙུམས་ནས་དཀོན་མཆོག་གསུམ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་བྱུང་།
“ཨ་ཁུ། ཇ་ཐུངས།”གཞོན་ནུ་མ་དེ་རྩོམ་པ་པོའི་གམ་ལ་ཡོང་སྟེ། འཛུམ་དམུལ་དམུལ་གྱིས་ཇ་ཕོར་ནང་ལ་ཆུ་ཁོལ་བསྣན་བྱུང་།
“འོ…… ཡ་ཡ།”རྩོམ་པ་པོ་ལ་ཐོག་མར་འཇིགས་སྣང་གློ་བུར་བ་ཞིག་སྐྱེས་པ་དང་། དེའི་རྗེས་སུ་སླར་ཡང་རྟབ་རྟབ་པོར་གྱུར།
“ཨ་ཁུ། ཁྱོད་ཀྱི་གཟུགས་གཞི་མི་བདེའམ།”གཞོན་ནུ་མས་ཤིན་ཏུ་བརྩེ་བའི་ངང་ནས་དེ་ལྟར་དྲིས།
རྩོམ་པ་པོ་ནི་རྫུན་ལ་མཁས་པས། ཚེ་རབས་འདི་ལ་རྫུན་ག་ཙམ་ལབ་པ་ཁོས་ཀྱང་མི་ཤེས་མོད། གཞོན་ནུ་མ་འདིར་རྫུན་གཏམ་གཏན་ནས་ལབ་མི་ཕོད་པས། ཨུ་ཚུགས་ཆེན་པོ་དང་བཅས་འཛུམ་མདངས་བཅོས་མ་ཞིག་བསྟན་རྗེས་ཁ་རོག་གེར་བསྡད། ཨ་ལ། གཞོན་ནུ་མ་འདི་ནི་གནས་གང་ཞིག་ནས་མཐོང་མྱོང་བ་འདྲ། གནས་གང་ཞིག་ཏུ་མཐོང་བ་ཡིན་ནམ། རྩོམ་པ་པོས་ཡུན་རིང་ལ་བསམ་བློ་བཏང་བར། མཐོང་སྣང་ལ་གཡུའི་ཕྱེ་མ་ལེབ་དེ་ཤར་བྱུང་།
གཞོན་ནུ་མ་དེ་རྩོམ་པ་པོའི་གམ་གྱི་འདུག་སྟེགས་སྟེང་དུ་བསྡད།
དུས་ཡུན་ངེས་ཅན་ཞིག་འགོར་རྗེས། ཁོ་གཉིས་ཀྱི་གཏམ་གླེང་གི་ཀློང་བརྡོལ་སོང་།
ཨ་མས་ཚུལ་དེ་མཐོང་བ་ན། དོགས་ཤིན་ཏུ་མི་བདེ་བར་གྱུར་ཏེ། ག་ལེར་ཡོང་སྟེ་གཞོན་ནུ་མའི་མདུན་གྱི་འདུག་སྟེགས་སྟེང་དུ་བསྡད།
ཇ་ཁང་གི་དྲ་མིག་བརྒྱུད་ནས་ཕྱི་རོལ་ལ་བལྟས་པར། ཆར་བ་སྔར་ལྟར་འབབ་བཞིན་ཡོད་པ་དང་།
རང་ཉིད་སླར་ཡང་གཞུང་ལམ་ངོས་སུ་གན་རྐྱལ་དུ་ཉལ་འདུག་པ་མཐོང་བས། ལུས་པོར་རིམ་བཞིན་སེམས་པས་མངའ་དབང་བསྒྱུར་ཏེ་མཆོང་ལྡིང་བྱས་ནས་སྨྱོ་རྟགས་སྟོན་གྲབས་བྱས། རྩོམ་པ་པོས་རང་གི་བློ་ཁ་གཞན་དུ་བསྒྱུར་ཆེད། བློ་རྩེ་བསྒྲིམས་ཏེ་མདུན་གྱི་རྩིག་ངོས་སུ་བཀལ་བའི་མེ་ལོང་ནང་ལ་ཞིབ་ཏུ་ལྟ་མགོ་བརྩམས།
སྐབས་ཤིག་ལ། རྩོམ་པ་པོའི་ལུས་པོ་ནི་མེ་ཏོག་པད་མ་རྐང་གཅིག་ཏུ་གྱུར་སོང་བ་དང་། རྩོམ་པ་པོའི་མིག་ཟུང་། རྩོམ་པ་པོའི་གློ་མཆིན། རྩོམ་པ་པོའི་སྙིང་རྣམས་མེ་ལོང་ངོས་སུ་གཞི་གཅིག་ལ་འདྲེས་ཏེ་ལྕགས་ཀྱི་ཕྱེ་མ་ལེབ་ཅིག་ཏུ་གྱུར། ལྕགས་ཀྱི་ཕྱེ་མ་ལེབ་དེ་གཡུའི་ཕྱེ་མ་ལེབ་དང་འགྲོགས་ཏེ་སྐྱེད་མོས་ཚལ་དུ་འཕུར་ལྡིང་བྱེད་སྐབས། ལྷགས་རླུང་ལྡང་བ་དང་བསྟུན་ནས། གཡུའི་ཕྱེ་མ་ལེབ་ཀྱི་གཡུ་མདངས་དེ་རིམ་གྱིས་ཉམས་སོང་། སྐབས་དེར། ལྕགས་ཀྱི་ཕྱེ་མ་ལེབ་ཀྱིས་ལྷགས་རླུང་གི་རྗེས་སུ་དེད་པའི་ཁྲག་གི་ཕྱེ་མ་ལེབ་དེ་མཐོང་བ་ན། ཡིད་སེམས་ནི་དེ་ཉིད་ཀྱི་མཛེས་སྡུག་གིས་རབ་ཏུ་ཕྲོགས་ཏེ། རུང་ལ་མི་རུང་བའི་འཆར་སྒོ་སྣ་ཚོགས་ངང་གིས་ཡིད་ལ་འཕོས་བྱུང་།
“ཕོ་རྒོད་ལགས། ངས་ཁྱོད་མཐོང་མ་ཐག་ཤིན་ཏུ་དུངས་པར་གྱུར། འུ་གཉིས་སྐྱེད་ཚལ་གཞན་ཞིག་ལ་འཕུར་ན་ཆོག་གམ།”ཁྲག་གི་ཕྱེ་མ་ལེབ་ཀྱིས་སྒེག་ཉམས་ཆེན་པོ་དང་བཅས་དེ་ལྟར་བརྗོད།
“མིན། ང་ལ་ཆུང་མ་ཡོད།”ལྕགས་ཀྱི་ཕྱེ་མ་ལེབ་ཀྱིས་ཅི་དྲན་འདི་དྲན་མེད་པར་དེ་སྐད་སྨྲས།
“ཆུང་མ་དང་མེ་ཏོག་གི་ཟེའུ་འབྲུ་གཉིས་ཀ་གཅིག་པ་གཅིག་རྐྱང་ཡིན། རྙིང་བ་མ་སྤངས་ན་གསར་བ་ཐོབ་མི་སྲིད།”
“……”
རྗེས་སུ། ལྕགས་ཀྱི་ཕྱེ་མ་ལེབ་དང་ཁྲག་གི་ཕྱེ་མ་ལེབ་གཉིས་ཀ་ཤར་ཕྱོགས་ཀྱི་སྐྱེད་མོས་ཚལ་ཆེན་པོ་ཞིག་ལ་འཕུར་ཏེ་གནས་གཞི་བཟུང་བ་དང་། གཡུའི་ཕྱེ་མ་ལེབ་ཀྱི་གཡུ་མདངས་ཡོངས་སུ་ཉམས་ཏེ་ལུས་ཀུན་སྐྱ་བོར་གྱུར་སོང་། སྐབས་དེར། ལྕགས་ཀྱི་ཕྱེ་མ་ལེབ་ཀྱིས་རྒྱང་རིང་ན་གནས་པའི་གཡུའི་ཕྱེ་མ་ལེབ་དེ་ཡང་ཡང་གླེང་བ་ན། ཁྲག་གི་ཕྱེ་མ་ལེབ་ལ་ཁོང་ཁྲོ་ཆེན་པོ་ལངས།
དེའི་རྗེས་སུ། གཡུའི་ཕྱེ་མ་ལེབ་སྐྱ་བོ་དེ་དུག་སྦྲང་སྤུན་བདུན་གྱིས་གསང་བའི་ངང་ནས་བསད་སོང་ལ། མོའི་ལུས་ཀུན་ནི་དུག་མདུང་གིས་བསྣུན་པའི་རྨ་ཤུལ་གྱིས་ཁེབས་འདུག ཚུལ་དེ་རྩོམ་པ་པོ་གཞུང་ལམ་ངོས་སུ་གན་རྐྱལ་དུ་འགྱེལ་འདུག་སྐབས། ལུས་ལ་ཆར་བའི་ཤེལ་གྱི་རལ་གྲིས་བསྣུན་ཏེ་བུ་ག་སྟོང་གིས་ཁེབས་པ་དང་མཚུངས། གཏམ་ངན་དེ་ཐོས་པ་ན། ལྕགས་ཀྱི་ཕྱེ་མ་ལེབ་ནི་སེམས་པས་ལུས་པོར་མངའ་དབང་སྒྱུར་མི་ཐུབ་པ་ཞིག་ཏུ་གྱུར་མོད། དེ་ཉིད་འདབ་ཆགས་སྨན་ཁང་ལ་མི་འགྲོ་བ་དང་། སྒྲོ་ལྡན་གཞན་ལའང་རང་གི་ངང་ཚུལ་གསང་ཅི་ཐུབ་བྱེད་པས། ཁྲག་གི་ཕྱེ་མ་ལེབ་ནི་སྐྱེད་ཚལ་གཞན་ཞིག་ལ་འཕུར་སོང་།
རྩོམ་པ་པོ་གློ་བུར་ངུས་བྱུང་།
“ཁོ་རེ། ཁྱོད་ལ་ཅི་བྱུང་།”གཞོན་ནུ་མའི་ཨ་མ་སྟེ། སྐྱེས་མ་དར་མ་དེས་ཧ་ལས་པའི་ངང་ནས་དེ་ལྟར་དྲིས།
རྩོམ་པ་པོ་སྔར་ལྟར་ངུས།
“ཡ་ཁོ་རེ། ཁྱོད་ལ་དངོས་འབྲེལ་ཅི་ཞིག་བྱུང་བ་ཡིན་ནམ།”སྐྱེས་མ་དར་མ་དེས་ཧ་ཅང་གཟབ་ནན་གྱི་ངང་ནས་སླར་ཡང་དེ་ལྟར་དྲིས།
རྩོམ་པ་པོ་སྔར་ལྟར་མུ་མཐུད་དུ་ངུས།
“ཁྱོད་ལ་ཅི་ཞིག་བྱུང་སོང་།” སྐྱེས་མ་དར་མར་ཁོང་ཁྲོ་ཆེན་པོ་ལངས།
“ངས་ཆུང་མ་དྲན་བྱུང་།”
རྩོམ་པ་པོ་ནི་མུ་མཐུད་དུ་ངུས་པ་ན། གཞོན་ནུ་མ་མ་སྨད་གཉིས་ཀའི་གདོང་ལ་ཧ་མི་གོ་བའི་ཉམས་ཤིག་ཤར་བྱུང་བ་དང་། མགྲོན་པོ་མང་བོས་ཁོ་རུབ་སོང་།
“ཁོ་རེ། ཁྱོད་ནི་ས་ཆ་གང་གི་ཡིན།”སྐབས་ཤིག་ལ་སྐྱེས་མ་དར་མ་དེས་རྩོམ་པ་པོའི་བློ་ཁ་བསྒྱུར་ཆེད་དེ་ལྟར་བཤད།
“འུན…… འུན…… ང… ང…… ང་མཚོ་སྔོན་གྱི་ཡིན།”རྩོམ་པ་པོས་ངུ་ངག་གིས་དེ་ལྟར་བརྗོད།
“འོ། མཚོ་སྔོན་ཟེར་རམ། མཚོ་སྔོན་ལ་ཆ་རྒྱུས་མེད་མོད། ངའི་བུ་མོ་འདི་ལོ་ན་ཤིན་ཏུ་ཆུང་དུས། མོའི་ཕ་ཡུལ་ནི་མཚོ་སྔོན་ཡིན་པ་དང་། མོའི་ཁྱོ་ག་ནི་རྩོམ་པ་པོ་ཞིག་ཡིན་ཞེས་ཡང་ཡང་བཤད་མྱོང་།”
རྩོམ་པ་པོས་གློ་བུར་ངུ་མཚམས་བཞག་བྱུང་།
ཁོས་རེ་ལྟོས་ཆེན་པོ་དང་བཅས་གཞོན་ནུ་མའི་གདོང་ལ་ཅེར།
བདེན་པ་ལ་ཨང་། གཞོན་ནུ་མ་འདིའི་སྨིན་མ་གཡོན་པའི་གོང་རོལ་ན་སྨེ་བ་ལྗང་ཁུ་ཞིག་ཡོད་པ་དང་།
ངའི་ཆུང་མའི་སྨིན་མ་གཡོན་པའི་གོང་རོལ་ནའང་སྨེ་བ་ལྗང་ཁུ་ཞིག་ཡོད། དེ་ལས་ཀྱང་ཡ་མཚན་པ་ཞིག་ནི་སྨེ་བ་གཉིས་ཀའི་དབྱིབས་དང་ཆེ་ཆུང་ཡང་གཅིག་པ་གཅིག་མཚུངས་རེད། ཡིན་དགོས་འདུག མོ་ནི་སྒྲོལ་མ་ཡིན་དགོས་འདུག
རྩོམ་པ་པོར་མཚར་སྣང་ཆེན་པོ་བྱུང་སྟེ། བྲེལ་ཚུབ་ཆེན་པོའི་ངང་མདུན་རོལ་གྱི་མེ་ལོང་ངོས་སུ་བལྟས་པ་ན། མེ་ལོང་ངོས་སུ་མེ་ཏོག་པད་མའི་སྐྱེད་ཚལ་ཆེན་པོ་ཞིག་འཕོས་འདུག་པ་དང་། མེ་ཏོག་རྐང་གཅིག་གི་སྟེང་དུ་དུང་དང་གཡུའི་སྦྲང་མ་ཆ་གཅིག་དགའ་སྤྲོ་དང་བཅས་འཕུར་ལྡིང་བྱེད་བཞིན་མཆི།
རྩོམ་པ་པོ་དགའ་བྱུང་། རྩོམ་པ་པོར་སྐད་ཅིག་ཉིད་ལ་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་བས། གཞོན་ནུ་མ་མ་སྨད་གཉིས་ཀའང་ཤིན་ཏུ་དགའ་བར་གྱུར་པ་དང་། མགྲོན་པོ་རྣམས་ཀྱི་ཡིད་སེམས་ཀྱང་རིམ་གྱིས་བདེ་ལ་བབས།
སྐབས་དེར། ཆར་བ་སྔར་ལྟར་འབབ་བཞིན་གདའ།
སྐབས་དེར། མི་ཉག་ལྷ་སྒང་གི་ཆར་བ་དེ་ད་དུང་སྔར་ལྟར་ཤུགས་ཀྱིས་འབབ་བཞིན་འདུག