ཤུ། ཁྱོད་ཀྱིས་ང①ལ་ཅི་ཡང་འདྲི་མི་དགོས། ངས་ཁྱོད་ལ་ཡོད་ཚད་བཤད། དྲང་མོར་བཤད། ཞིབ་ཏུ་བཤད། ཁྱོད་ཀྱིས་ངས་བཤད་པ་རྣམས་སྒྲར་བླངས་རྗེས་ཟིན་བྲིས་སུ་བཏབ་སྟེ་ཆ་ཚང་སྤེལ་ཆོག ཐ་ན་ངའི་ལས་ཁུངས་དང་མིང་ངོ་མའང་བྲིས་ཆོག གང་ལྟར་ངའི་ཡོད་ཚད་བརླགས་ཟིན་པས་ད་ལྟ་ང་ལ་འདང་རྒྱག་ཅི་ཡང་མེད། རེ་བ་ཉག་གཅིག་ནི་མི་རྣམས་ངའི་ལམ་འདིར་མི་ཞུགས་རྒྱུ་དེ་ཡིན།
ང་ནིXX②ཞིང་ཆེནXXཁུལ་དཔལ་འབྱོར་ཉོ་ཚོང་ཅུས་ཀྱི་ཅུས་ཀྲང་ཟུར་པ་ཡིན། ངའི་མིང་ལXXཟེར། ང་སྔ་རྗེས་སུ“ལས་དཔོན”③འགའ་རེས་སྨད་འཚོང་ཁང་དུ་ཁྲིད་མྱོང་མོད། འོན་ཀྱང་དེའི་དུས་ངས་སྲུང་ཤུབས་སྤྱད་པས་ནད་བཙོག་འདི་སྐབས་དེར་འགོས་པ་ཡིན་མི་སྲིད། ཤུ། དེས་ན་ག་དུས་འགོས་པ་ཡིན་ཟེར་ན། 2009ལོ་ཡིན་སྲིད། རེད། ལོ་དེའི་ཟླ་བཅུ་པའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་ཡིན་པ་ཁོ་ཐག་ཡིན། ཕ་ཡུལ་སི་ཁྲོན་ཞིང་ཆེན་ནས་ཡིན་པའི་ལས་དཔོན་ཀྲང་གིས་ང་ལ་ལྐོག་རྔན་སྒོར་ཁྲི་ཉི་ཤུ་བྱིན་རྗེས། ངས་མ་དངུལ་རིན་ཐང་སྒོར་ཁྲི་བཞི་བརྒྱ་ཅན་གྱི་ལས་གཞི་དེ་ཁོ་ལ་བྱིན་པ་ཡིན། ཁོ་དགའ་དྲགས་ཏེ་ངXXགྲོང་ཁྱེར་གྱི་ཟ་ཁང་ཆེས་ཡག་ཤོས་ཤིག་ཏུ་གདན་འདྲེན་བྱས། མཱ་ཅང་རྩེ་བར་ཁོ་ཕམ་ཁུལ་གྱིས་ང་ལ་སླར་ཡང་སྒོར་སུམ་ཁྲི་ཡས་མས་བྱིན། ཟས་ཆང་གང་བཟང་གིས་ཚིམས་རྗེས་ཁོས་ང་ཁྲུས་ཁང་ཞིག་ཏུ་ཁྲིད། དེ་ནི་མིང་ལ་ཁྲུས་ཁང་ཟེར་ཡང་དོན་ལ་ཁྲུས་བྱེད་པ་ཕལ་བ་དང་སྨད་འཚོང་མ་གླ་རྒྱུ་གཙོ་བོ་ཡིན་པ་དེའི་རིགས་རེད། ཤུ། ངས་བུ་མོ་གསུམ་བཞི་ཙམ་གྱི་ཁྲོད་ནས་གཅིག་བདམས་པ་དེ། ཕར་བལྟས་ན་ངའི་བུ་མོ་ཆུང་བ་ལས་ཀྱང་ལོ་ན་ཆུང་བར་མ་ཟད། ཧ་ཅང་ཡིད་དུ་འོངས་ཤིང་ཁ་གཤིས་འཇམ་ལ། དེ་བས་ཀྱང་ནུ་མ་མཁྲང་ཞིང་ཟླུམ་ལ་འཕོངས་ཤ་རྒྱས་ཤིང་ནེམ་པ་ཞིག་ཡིན་པས། མོའི་ལུས་ཕུང་ཧ་ཅང་བདེ་ཐང་ཡིན་པའི་སྣང་བ་སྟེར། མོས་རང་ཉིད་རྒྱལ་ནང་ཤར་བྱང་ས་ཁུལ་གྱི་ཡིན་ཟེར་ཞིང་། རྒྱའི་སྤྱི་སྐད་དག་མོ་སྨྲ་བར་བལྟས་ནའང་བདེན་པ་འདྲ། གང་ལྟར་འདི་ནི་ང་སྔོན་ཆད་འཕྲད་མྱོང་བའི་བུ་མོའམ་སྨད་འཚོང་མ་དག་དང་མི་འདྲ་བ་ཞིག་ཡིན་མོད། འོན་ཀྱང་ད་ལྟ་ངས་བུ་མོ་དེ་གཏན་ནས་གླེང་འདོད་མི་འདུག མོས་ཁྲུས་བྱས་ཚར་རྗེས“ཨ་ཇོ། ཁྱེད་ནི་ཕོ་སྒོ་ཅན་ཞིག་ཡིན་པ་དང་། ཕར་བལྟས་ན་སྐུ་ལུས་ཀྱང་བདེ་ཐང་ཡིན་པ་འདྲ་བས་སྲུང་ཤུབས་མ་སྤྱད་ཀྱང་ཆོག”ཟེར།
ང་ཅུང་སོམ་ཉིར་ཚུད་ནས་སྡོད་སྐབས། མོས་འཛུམ་དམུལ་དམུལ་གྱིས“ཁྱོད་དང་མཉམ་དུ་ཡོང་བའི་མི་དེས་ང་ལ་ཅི་ཐུབ་གང་ནུས་ཀྱིས་ཁྱོད་དགའ་བདེས་ཚིམ་དུ་འཇུག་དགོས་ཞེས་བཤད་བྱུང”ཟེར་བཞིན་ལྟོགས་སྐོམ་གྱིས་ཡུན་རིང་མནར་བའི་ཕྲུ་གུ་ཞིག་ཨ་མའི་ནུ་མར་འཕྲད་པ་ཅི་ལྟ་བ་དེ་ལྟར་དུ་ངའི་འདོམས་ཡོངས་ལ་མཆུ་སྦྱར་བྱུང་བས། ངས་ཀྱང་སྲུང་ཤུབས་སོགས་ལ་བསམ་བློ་གཏོང་ཐབས་བྲལ། ཤུ། སྐད་ཅིག་མའི་བདེ་བ་དེས་ངའི་ཚེ་གང་གི་ཡོད་ཚད་དང་། ཐ་ན་ངེད་ཚང་གི་མི་རབས་ཚ་རྒྱུད་འདི་ལྟར་བརླགས་སྲིད་པ་སུ་ཡིས་ཤེས། དེའི་ཕྱིར་ནད་བཙོག་འདི་བུ་མོ་དེས་ང་ལ་བགོས་པ་ཁོ་ཐག་ཡིན།
ཕལ་ཆེར་ལོ་དྲུག་བདུན་ཙམ་གྱི་རྗེས་སུ། ངའི་ལུས་ལ་ཚ་བ་འཕེལ་ཞིང་རུས་ཚིགས་ལ་ན་ཟུག་རྒྱས། ངས་དང་ཐོག་དེ་ནི་སྤྱིར་བཏང་གི་ཆམ་ནད་ཅིག་ཡིན་སྲིད་བསམས་ནས་དེ་འདྲའི་དོ་སྣང་མ་བྱས་ནའང་། ཉིན་ལྟར་ཇེ་སྡུག་ཏུ་སོང་བས་སྨན་འཐུང་ཞིང་ཁབ་བརྒྱབ་མོད། འོན་ཀྱང་ཕན་འབྲས་ཅུང་ཙམ་ཡང་མ་བྱུང་བར་མ་ཟད། ལུས་ཀྱི་ཤ་ལྷུང་ཞིང་ག་ས་གང་དུ་རྨ་བུད། ས་ཆ་ཆུང་བའི་སྨན་པ་དག་གིས་ཇི་ལྟར་བརྟག་དཔྱད་བྱས་ཀྱང་ཅི་ཡང་མ་ཤེས་པས། གྲོང་ཁྱེར་གྱི་སྨན་ཁང་ཆེན་པོར་མི་འགྲོ་ཐབས་མེད་བྱུང་། ཤུ། དེ་རུ་གཞི་ནས“ཨེ་ཙི”ཟེར་བའི་སྔོན་ཆད་རྣ་ཐོས་ཡོད་པ་ཙམ་ལས་རང་ཉིད་དང་ཧ་ཅང་རྒྱང་ཐག་རིང་ཞིང་། ཐ་ན་རང་ཉིད་དང་འབྲེལ་བ་ཅི་ཡང་མེད་པར་སེམས་པའི་ནད་བཙོག་དེ་མ་གཞི་རང་གི་ལུས་ཀྱི་ཆ་ཤས་སུ་གྱུར་ཡོད་པར་མ་ཟད། ངའི་ཚེ་སྲོག་ལའང་དཔུང་འཇུག་བྱེད་བཞིན་པ་ཐག་གིས་བཅད། ང་རེ་ཞིག་རློམ་ཐབས་བྲལ་ཏེ་རིམས་ནད་འགོག་སྲུང་ས་ཚིགས་སུ་སོང་ནས་བརྟག་དཔྱད་བྱས། ཕངས་པ་ཞིག་ལ་བརྟག་དཔྱད་མཇུག་འབྲས་ནི་སྔོན་མ་ནང་བཞིན་ཡིན་པས།ངའི་མིག་ལམ་གྱི་ཡོད་ཚད་སྐྱ་ཐང་ངེ་དང་ནག་འཐོམ་མེར་གྱུར……
འདི་དུས་ཕྱིར་འདང་བརྒྱབ་ན། སྡུག་ཤི་བརྒྱག་རྒྱུའི་ལས་དཔོན་ཀྲང་གིས་ང་མེ་འོབས་སུ་གཡུགས་པ་གཞི་ནས་ཤེས། དེ་བས་ཀྱང་དམྱལ་བར་སྐྱེ་རྒྱུའི་སྨད་འཚོང་མ་དེས་ང་དམྱལ་བར་གཡུགས་པ་གཞི་ནས་ཤེས། ང་ལས་དཔོན་ཀྲང་ལ་བཟོད་ཐབས་བྲལ་པའི་ཞེ་སྡང་སྐྱེས། ང་སྨད་འཚོང་མ་དེ་ལ་བཟོད་ཐབས་བྲལ་པའི་ཞེ་སྡང་སྐྱེས། དེ་ལས་ཀྱང་རང་ཉིད་ལ་བཟོད་ཐབས་བྲལ་པའི་ཞེ་སྡང་སྐྱེས། ཡིན་ནའང“འགྱོད་པ་ལས་ཀྱི་ཐ་མ་ཡིན”ཟེར་བ་ཅིས་མ་བདེན། ངས་སྔོན་ཆད་གོ་གནས་ཡོད་ན་སྒོར་མོ་ཡོད་སྲིད་ལ། སྒོར་མོ་ཡོད་ན་ཡོད་ཚད་ཡོད་པ་ཡིན་བསམས་ཏེ། ཅི་ནུས་གང་ཐུབ་ཀྱིས་འོག་མའི་ལག་ནས་བླངས་པ་གོང་མའི་ལག་ཏུ་ཕུལ་ནས་སྔར་ལས་མཐོ་བའི་གོ་གནས་བརྩོན་ལེན་བྱས། ཡིན་ནའང་ང་རྦད་དེ་འཆུགས་འདུག ད་ལྟ་གལ་ཏེ་ང་སྒེར་གཅོད་རྒྱལ་ཁབ་ཅིག་གི་གཙོ་འཛིན་ཡིན་ཞིང་། ལག་ན་གསེར་གྱི་རི་བོ་ཞིག་ཡོད་ནའང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་གཞི་ནས་ཤེས།
ཤུ། རིམ་བཞིན་ངའི་མགྲིན་པ་དང་མཚན་མ་ལའང……དེ་དག་ཁྱོད་ནི་ཨེ་འགོག་རང་འདུན་པ་ཞིག་ཡིན་པས་མ་བཤད་ནའང་ཤེས་གསལ་ལྟར་རེད། གང་ལྟར་རིམ་གྱིས་ལུས་ལ་བློ་ཡུལ་ལས་འདས་པའི་ནད་རྟགས་སྣ་ཚོགས་མངོན་པ་དང་། སེམས་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་སྣ་ཚོགས་སྐྱེས་པའི་ཁར། གང་ལྟར་བཅོས་ཐབས་མེད་པས་ན་ངས་ཡང་ཡང་རང་སྲོག་གཅད་རྒྱུ་སེམས་ལ་དྲན། ཡིན་ནའང་རིམ་བཞིན་ང་ལ་རང་སྲོག་གཅོད་པའི་ཐབས་དང་ནུས་པའང་མེད་པར་གྱུར། སྤྱིར་ན་ད་ལྟ་ངའི་མིག་མདུན་གྱི་གཉེན་མི་རྣམས་དང་ཐ་ན་ངོ་མི་ཤེས་པའི་མི་རྣམས། མདོར་ན་འཇིག་རྟེན་སྟེང་གི་རི་ཆུ་རྩི་ཤིང་དང་ཁང་བ་གཞུང་ལམ་སོགས་ཡོད་ཚད་ཀྱི་ཡོད་ཚད་མ་གཞི་འདི་འདྲའི་སྙིང་ཉེ་ཞིང་ཡིད་དུ་འོངས་པ་ཞིག་ཡིན་པ་གཞི་ནས་ཤེས་མོད། འོན་ཀྱང་ལུས་སེམས་གཉིས་ཀྱི་སྡུག་བསྔལ་གྱི་དབང་གིས་ང་སྐད་ཅིག་ཉིད་ལ་འཇིག་རྟེན་འདི་དང་ཁ་འབྲལ་འདོད་པ་དེ་ཡིན། ཅི་ཙམ་མྱུར་ན་དེ་ཙམ་བཟང་། ང་འཆི་བར་ཧ་ཅང་སྐྲག་ལ་གསོན་པར་དེ་ལས་ཀྱང་སྐྲག ང་ནམ་རྒྱུན་འདི་འདྲའི་འཁྲུལ་སྣང་ངམ་རྨི་ལམ་ངན་པས་གཙེ་བར་བྱེད་དེ། མཚམས་རེར་ཉེན་རྟོག་པ་མང་བོས་ང་ཚོས་གློག་བརྙན་དུ་མཐོང་བའི་དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་ཐོགས་ཏེ་ང་ལ་བདའ་ལུང་བདའ་བྱེད་པ་དང་། མཚམས་རེར་ང་ནག་ཚོགས་ཀྱིས་བཟུང་ནས་ལུས་ལ་འཛེར་མ་བརྡབས་ཏེ་མཚན་མ་བཅད་རྗེས་གྱོན་ཆས་ཡོངས་རྫོགས་བཤུས་ནས་མི་ཚོགས་འདུ་སའི་ཐང་ཆེན་ཞིག་ལ་གཡུགས། མཚམས་རེར་ངའི་ཁྱིམ་མི་དང་ལས་གྲོགས། སྨན་པ། ཐ་ན་ཁྱོད་ལྟ་བུའི་རང་འདུན་པ་ཚང་མ་ལྕེ་འདོམ་པ་གང་རེ་དང་མཆེ་བ་མཐོ་གང་རེ་ཡོད་པ་དག་ཏུ་གྱུར་ནས། ངའི་པགས་པ་བཤུ་བ་དང་ཁྲག་འཇིབ་པ། ཤ་བཟའ་བ། རུས་འཆའ་བར་བྱེད་པ་དང་། ཡང་ན་ངའི་ལུས་ཀྱི་ལྷུ་ཚིགས་རེ་རེ་དང་དོན་ལྔ་སྣོད་དྲུག ཕྲ་ཕུང་རེ་རེ་བཞིན་གཏུབ་ནས་འཕྲུལ་ཆས་སྣ་ཚོགས་བཀོལ་ཏེ་ཚོད་ལྟ་དང་བརྟག་དཔྱད་བྱེད་ཀྱིན་འདུག མཚམས་རེར་ང་མི་མེད་ལུང་སྟོང་དུ་གཅན་གཟན་སྣ་ཚོགས་ཀྱིས་ཡུན་རིང་བདས་མཐར་གཏིང་མི་མངོན་པའི་གཡང་གཟར་ཞིག་ཏུ་ལྷུང་། ཤིང་སྡོང་གི་ཡལ་ག་ཞིག་ལག་པས་ཟིན་ནའང་ཡར་འགོ་མི་ནུས་པར་བར་སྣང་དུ་དཔྱངས་ནས་འདུག་དགོས་བྱུང་། མཚམས་རེར་ལུས་ཡོངས་སུ་ཁྲག་རྣག་འཛར་བཞིན་པའི་བུད་མེད་མང་བོས་ངའི་གྱོན་པ་བཤུས་རྗེས་འཁུན་སྒྲ་སྒྲོག་བཞིན་གང་ས་གང་དུ་འོ་བྱེད་པ་དང་མཚན་མ་འཇིབ་པར་བྱེད……
ཤུ། ད་ལྟ་ཁྱོད་ཀྱིས་མཐོང་བ་ལྟར་ངས་མི་མིན་འདྲེ་མིན་ངང་འཇིག་རྟེན་འདིར་དམྱལ་བ་དངོས་སུ་མྱོང་བཞིན་པ་འདི་རེད། དེ་བས་ཀྱང་ཤི་ཡང་རང་ཉིད་ལ་གཏན་ནས་བཟོད་སྒོམ་བྱེད་ཐབས་བྲལ་པ་ནི་ངའི་བཟའ་ཟླ་ལའང……གལ་ཏེ་ཚེ་ཕྱི་མ་ཟེར་བ་དེ་ངོ་མ་ཡོད་ན། ང་ཚེ་རབས་ཀུན་ཏུ་མོའི་བཤན་གྲིའི་འོག་གི་སྐམས་ལུག་དང་ཕག་པ་རུ་སྐྱེ་བར་ཤོག ད་དུང་ངའི་བུ་མོ་གཉིས་ཀས་དགའ་རོགས་བཙལ་ནས་གཉེན་སྒྲིག་བྱ་རྒྱུ་ཕར་ཞོག ཐ་ན་མི་གྲལ་ལའང་འགྲོ་སྲོལ་མེད། ད་ནི་ངའི་མི་རབས་ཚ་རྒྱུད་ཚང་མ་ཚར་སོང་། ང་ངེད་ཚང་གི་མི་རབས་ཚ་རྒྱུད་ཀྱི་དགྲ་བོ་དང་ཐ་ན་ལག་དམར་དུ་གྱུར་ཟིན…… ངས་ཅི་ནུས་གང་ཐུབ་ཀྱིས་འདི་དག་ལ་བསམ་བློ་མི་གཏོང་བའི་སེམས་ཐག་བཅད། དོན་དངོས་སུ་ཟུག་གཟེར་དྲག་པོས་འདི་དག་ལ་བསམ་བློ་གཏོང་དབང་ཡང་མི་སྟེར་མོད། འོན་ཀྱང་མཚམས་རེར་རང་དབང་མེད་པར་འདི་དག་ཡིད་ལ་དྲན་ཏེ་ང་ལ་སྔར་ལས་ལྷག་པའི་མནར་གཅོད་གཏོང་གིན་འདུག
ཤུ། རྗེས་སུ་ངས་ཁྱོད་དང་འདྲ་བའི་ཨེ་འགོག་རང་འདུན་པ་འགའ་རེ་ངོ་ཤེས་པས། ད་གཟོད་ང་ཚོ་བོད་ཡུལ་དུའང་ང་དང་འདྲ་བའི་ཨེ་ཙི་ནད་པ་མང་བོ་ཡོད་པར་མ་ཟད། ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རྟོགས། དེའི་ཕྱིར་ངས་འདི་ལྟར་སྦ་གསང་ཅི་ཡང་མེད་པར་ཡོད་ཚད་ཁྱོད་ལ་བཤད་པ་ཡིན། དམིགས་ཡུལ་ནི་མི་རྣམས་ངའི་ལམ་འདིར་མི་ཞུགས་རྒྱུ་དེ་ཡིན། རེ་བ་ནི་ཁྱོད་ཀྱིས་ངས་བཤད་པ་འདི་དག་ཇི་མ་ཇི་བཞིན་འགྲེམ་རྒྱུ་དེ་ཡིན། ཤུ། དགོངས་དག ད་ནི་ང་དངོས་གནས་ཐང་ཆད་དེ་སྐད་ཆ་བཤད་པའི་ནུས་པའང་མི་འདུག དགོངས་དག……
མཆན་འགྲེལ།
① ང་ཟེར་བའི་ནད་པ་འདི་ངས་བཅར་འདྲི་བྱས་པའི་ཉིན་ནས་གཟའ་འཁོར་གཉིས་ཀྱི་རྗེས་སུ་གློ་བུར་ཚེ་ལས་འདས་པ་དང་། དེ་ནས་ལོ་གཅིག་གི་རྗེས་སུ་ཁོའི་བཟའ་ཟླའང་ཚེ་ལས་འདས་སོང་།
② ཟིན་འགོད་པས་ས་མིང་མི་མིང་སོགས་ཀྱི་ཚབ་ཏུ་རྟགསXXའདི་བཀོལ་ཡོད་པ་ཡིན།
③ བཅར་འདྲི་བྱ་ཡུལ་གྱི་སྐད་ཆའི་ནང་དུ“工头”སོགས་རྒྱ་སྐད་མང་བོ་ཡོད་པ་རྣམས་ཟིན་འགོད་པས“ལས་དཔོན”སོགས་བོད་སྐད་དུ་བསྒྱུར་ཡོད།
(རྩོམ་སྒྲིག་འགན་འཁུར་པ་མཁའ་འགྲོ་ཚེ་རིང་ཡིན)