ཡས་ཀྱི་སྤྱི་གཙུག་ན་འོད་དུ་འབར་བའི།།
མས་ཀྱི་བཤང་མདོ་ན་ལྟོགས་པས་གདུངས་པའི།།
ཡས་མས་མཐོ་དམན་གྱི་མགྲོན་པོའི་ངོ་ལ།།
རང་རང་བགོས་སྐལ་གྱི་ཤ་སྟོན་བཤམས་སོ།།
རིམ་གཉིས་ཐེམ་སྐས་ཀྱི་ཁྲི་ལ་འཛེགས་ཏེ།།
སྐུ་བཞིའི་རྒྱལ་ཐབས་ལ་བདག་གིར་བགྱིས་པའི།།
འཕྲལ་ཕུགས་ལེགས་ཚོགས་ཀྱི་རྩ་བའི་བླ་མར།།
རྟག་གུས་བསམ་སྦྱོར་གྱི་བྲང་མགོ་འདྲེན་ནོ།།
རྒྱ་གཞུང་འཐད་ལྡན་གྱི་རྩ་བ་རང་འགྲེལ།།
གཞུང་ལུགས་འཐད་ལྡན་གྱི་མཐའ་དཔྱོད་སྤྱི་དོན།།
ཞི་དུལ་མཁས་མཛངས་ཀྱི་བཤེས་གཉེན་དག་ལ།།
དད་མོས་ཟུང་འབྲེལ་གྱི་མཚང་ར་འདྲེན་ནོ།།
རང་གཞན་དོན་སྒྲུབ་ཀྱི་འབད་པ་བསྐྱངས་ཏེ།།
སྤྱི་ཡི་ཞབས་ཞུ་དེ་སྙིང་ལ་ཐོགས་པའི།།
ཡ་རབས་ལྷག་བསམ་གྱི་གཤིས་སྤྱོད་ཅན་ལ།།
ཡི་རང་དགའ་གུས་ཀྱི་རྩིབ་མ་འདྲེན་ནོ།།
བཀྲེས་ལྟོགས་ཟུག་གཟེར་གྱི་མནར་གཅོད་ཅན་ལ།།
གཏོང་བའི་ལག་ཟུང་དེ་བྱམས་ཀྱིས་རྐྱོང་བའི།།
བརྩེ་བ་ཤིག་ཤིག་གི་སྙིང་ཁམས་ཅན་ལ།།
འདི་ཡོད་ཕྱི་ཡོད་ཀྱི་ནམ་ཚོང་འདྲེན་ནོ།།
གཟུར་གནས་དབྱེ་ཐིག་གི་དབུས་སུ་འགྲེང་སྟེ།།
རང་གཞན་ཕྱོགས་རིས་ཀྱི་ངོ་སོ་ཆུང་བའི།།
བདེན་དགེ་དྲང་གསུམ་གྱི་དཔོན་པོའི་ཚོགས་ལ།།
དོན་གཉིས་མཐར་ཕྱིན་གྱི་སྙིང་རྩེ་འདྲེན་ནོ།།
ཆོས་དང་ཉམས་ལེན་གཉིས་ཁ་ཁར་མེད་པར།།
གང་ཤེས་དམུ་རྒོད་ཀྱི་སེམས་ལ་དཀྲི་བའི།།
ཆོས་བཞིན་འཁྱོངས་པ་ཡི་ཆོས་པའི་ཞལ་དུ།།
ཀུན་གྱིས་སྨོན་པ་ཡི་མཁལ་ཚིལ་འདྲེན་ནོ།།
ཤར་ནུབ་སྲིད་པ་ཡི་རིག་པའི་གཙུག་ལག།
རང་རིགས་དར་སྤེལ་གྱི་དཔྱིད་དུ་འདྲེན་པའི།།
སྐད་གཉིས་སྨྲ་བ་ཡི་དྲན་དབང་ཚོགས་ལ།།
སྔོན་མེད་ཞབས་ཞུ་ཡི་སོག་པ་འདྲེན་ནོ།།
རྨོངས་པའི་ཤེ་མུན་དེ་འོད་ཀྱིས་གཞོམ་སླད།།
བརྩེ་བའི་ཁྱེའུ་དག་རིག་པར་སྐྱེལ་བའི།།
བརྩེ་བ་འཛད་མེད་ཀྱི་ཕ་མ་དག་ལ།།
བཟོད་པ་དཀའ་ཐུབ་ཀྱི་དཔུང་བ་འདྲེན་ནོ།།
ཆགས་སྡང་དབྱེ་འབྱེད་ཀྱི་མིག་ཟུང་རྣོ་ཞིང་།།
མི་སེར་ལྐོག་དངུལ་གྱིས་ཨམ་ཕྲག་ཕྱུག་པའི།།
ཝ་ངན་ཁྲི་འགྱིང་གི་སྡར་མའི་ཚོགས་ལ།།
ཤི་ཟས་དད་ཟས་ཀྱི་ཀླད་པ་འདྲེན་ནོ།།
ཁ་རུ་མེ་ཏོག་གི་བསུང་ངད་འཁྱིལ་ཞིང་།།
ནང་དུ་གཡོ་ཁྲམ་གྱི་ཚེར་མ་གཟེངས་པའི།།
ཁ་ཞེ་ཉིས་འགལ་གྱི་གྲོགས་པོའི་ཚོགས་ལ།།
ཕྱི་ནང་མེད་པ་ཡི་མཆིན་པ་འདྲེན་ནོ།།
ལ་རྒྱའི་རུ་མཚོན་གྱི་དཔུང་བ་དམའ་ལ།།
རང་རིགས་རང་སྐྱོབ་ཀྱི་ངོ་ཚ་ཆུང་བའི།།
བཟང་ངན་ཁྱད་མེད་ཀྱི་སྤྲེའུའི་རིགས་དེར།།
སྡུག་གི་སྣ་འདྲེན་གྱི་མིག་ཆུ་འདྲེན་ནོ།།
རྩ་བཞི་སྤང་ལྟུང་གི་གྲངས་འདྲེན་མེད་པར།།
སྣ་ཚོགས་རྫུན་གཏམ་གྱི་ཁྲུས་ལ་ཞུགས་ཏེ།།
ཁྱིམ་པར་ཁྱད་མེད་ཀྱི་སེར་གཟུགས་དག་ལ།།
ཀུན་གྱིས་ཁྲེལ་བ་ཡི་སྐྱག་ཁུང་འདྲེན་ནོ།།
ནང་ནོམ་གཡང་ཟོག་དག་ཕྱི་ལ་ཕོ་ཞིང་།།
ཕྱི་ཡི་ཁ་མཆུ་དག་ནང་ལ་འདྲེན་པའི།།
ཁྭ་ཏ་རོ་ཟན་གྱི་ཁྱོ་ག་དག་ལ།།
རྙང་དྲི་ཐུལ་ཐུལ་གྱི་ཕོ་སུལ་འདྲེན་ནོ།།
ལྷད་མེད་ཡིད་ཆེས་ཀྱི་བརྩེ་བ་བོར་ནས།།
གསེར་དངུལ་རིན་ཆེན་ལ་ཧམ་པ་ཚ་བའི།།
ཁྱོ་ག་མང་བ་ཡི་བུད་མེད་དག་ལ།།
ངན་སྣ་དགུ་འཛོམས་ཀྱི་ཆུ་སེར་འདྲེན་ནོ།།
རེ་བའི་མིག་ཟུང་དག་ཐེད་ལ་བོར་ཏེ།།
སྣང་བ་ཡན་ཡན་གྱིས་ཤོ་ཆང་རྩེ་བའི།།
ཤེས་མེད་འཇོན་མེད་ཀྱི་དགེ་རྒན་དག་ལ།།
མི་མིན་འདྲེ་མིན་གྱི་ཤ་རྨེན་འདྲེན་ནོ།།
སྐྱབས་གསུམ་བསླུ་མེད་ཀྱི་དད་པ་མེད་ལ།།
རང་ལ་ལྟོས་འཇོག་གི་ངོ་ཚ་བྲལ་པར།།
གཞན་སྲོག་བརྩེ་མེད་ཀྱི་ཤན་པ་དག་ལ།།
འདི་ཕྱི་གཉིས་མེད་ཀྱི་མཁྲིས་པ་འདྲེན་ནོ།།
བརྩེ་བའི་ཡབ་ཡུམ་གྱི་ཟུངས་ཁྲག་འཇིབ་ཅིང་།།
སྐར་གྲངས་ཁོ་ན་ལ་ཉིན་མཚན་ལྟོས་པའི།།
རྨོངས་པའི་ཡང་བྲན་གྱི་སློབ་མ་དག་ལ།།
ཕུ་མེད་མདའ་ཐུག་གི་ལོང་ག་འདྲེན་ནོ།།
འཚོ་བྱེད་གཞོན་ནུ་ཡི་མིང་གིས་བསྙད་ཀྱང་།།
སྙིང་རྗེ་རླན་གཤེར་གྱི་རྩི་ཡིས་བཏང་བའི།།
མི་ལུས་བདུད་བརྫུས་ཀྱི་སྨན་པ་དག་ལ།།
བཙོག་པ་མཐར་ཐུག་གི་རྒྱུ་མ་འདྲེན་ནོ།།
མི་ཆོག་མི་རུང་གི་ཁྲིམས་ཀྱིས་མནན་ནས།།
འདི་ཆོག་ཀན་ཆོག་གི་ལས་རུང་མཛད་ཀྱང་།།
ཟུར་མིག་རིག་རིག་གི་བཙུན་མ་དག་ལ།།
ངོ་ཚ་ཁྲེལ་འདས་ཀྱི་ཕོ་མཚན་འདྲེན་ནོ།།
གོས་ཀྱི་ཁ་མདོག་དེ་བསྒྱུར་པ་ཙམ་ཞིག།
དབུ་ཡི་སྐྲ་ལོ་ཡང་གཏུབས་པ་ཙམ་གྱིས།།
རི་བོང་རྡོར་བརྫུས་ཀྱི་བཙུན་པའི་གཟུགས་ལ།།
ནད་ངན་ཀུན་འཛོམས་ཀྱི་མོ་མཚན་འདྲེན་ནོ།།
བླ་མའི་བཀའ་བགོས་དེ་ཡེ་ནས་བརྗེད་པའི།།
ཕ་མའི་རེ་བཞག་དེ་གཏིང་ནས་གཡུགས་པའི།།
ཁ་ཕྱོགས་ངེས་མེད་ཀྱི་བཙུན་ལོག་དག་ལ།།
ལྟོ་གོས་གཉིས་མེད་ཀྱི་རླིག་པ་འདྲེན་ནོ།།
ཤར་ནུབ་གཙུག་ལག་ལ་ཐོས་པ་ཆུང་ཡང་།།
སྣ་ཚོགས་ཡིད་ཅན་གྱི་འཆི་བདག་རང་གིས།།
ཅི་ཞིག་བཟའ་བ་དང་ཅི་ཞིག་འཕྲོད་མིན།།
བདག་གི་སྟོན་ཆེན་ཚོས་ག་ལེར་ལོངས་དང་།།
※ རྗེ་བཙུན་མི་ལ་རས་པ་དང་ཞབས་དཀར་པའི་མགུར་འབུམ་དུ་གསལ་བའི་ཚིག་གི་སྤྲོས་པ་དེ་དག་ལ་ལད་ཟློས་ཀྱིས་བྲིས་སོ།།