སྟོད་ལུང་ཁྲི་ཟམ་བསྐོར་ནས་སྟག་ལུང་བྲག་ལ་མཇལ་པ།
ཉིན་དེར།
ཁྲི་ཟམ་བརྒྱུད་ནས་འགྲོ་རྩིས་ཡོད་ཀྱང་།
གནས་སྤོ་གསར་བཟོས་རེ་བ་དེ་མ་གྲུབ།
ཟམ་མིང་ཡང་བསྒྱུར་ནས་གདོང་དཀར་ཟམ་པར་འབོད།
གཡས་ཀྱི་མཉེས་ཐང་དང་གཡོན་གྱི་གཞོང་བ་ལྷ་ཆུར་མཇལ་མྱོང་ཡང་།
ལོ་རྒྱུས་ཀྱི་ཞལ་རས་མག་མོག་ཏུ་གྱུར་ཚར་བའི་ཁྱོད་ཀྱི་འབག་སྐུར་མཇལ་དུས།
སྐད་ངག་མཐོན་པོས་ཇི་ལྟར་བོས་ཀྱང་ཁྱོད་ཀྱིས་མ་ཐོས།
ནེའུ་ཆུང་དགོན་འདབས་ཀྱི་ལུག་ཁྱུ།
སྨུག་པའི་རི་ལམ་འདེད་དུས་ཕ་ཡུལ་དྲན་བྱུང་།
ཕ་ཡུལ་གྱི་རྡོ་དང་སྤང་དྲན་བྱུང་།
ཕ་ཡུལ་གྱི་སྔོ་སྨན་དང་སྨུག་པ་དྲན་བྱུང་།
མཚོ་སྨད་ཕྱོགས་ནས་ཉོས་ཡོང་བའི་ལུག་ཁྱུ་མཐོང་དུས།
ཆུང་དུས་རྫི་པོའི་ལོ་ཟླ་དེའང་དྲན་བྱུང་།
ལུག་དང་ལུ་གུ་བསྲེས་ནས་འཚོ་བའི་སྨད་ཀྱི་རྫི་པོ་དེས།
ཁྲོམ་དང་ཟ་ཁང་གི་ཚོང་ལམ་ཤིན་ཏུ་བྲིན་པས།
ད་ནི་རྫི་པོར་འགྲོ་བའི་ཉི་མ་མང་བོ་མེད་ཟེར།
རི་ཁྲོད་ནས་ཕྱིར་ལྡོག་དུས།
རི་ལམ་གྱི་སྨུག་པ་སྔ་མོ་ནས་ཡལ་ཟིན་ནའང་།
སེམས་ཀྱི་ནམ་མཁའ་ཁྱོན་ནས་དྭངས་ཐབས་མི་འདུག
རི་ལུང་འདིར། ནམ་ཞིག་གི་ཚེ།
གཉོམ་འདའ་འདར་གྱི་ལུག་དང་ལུ་གུའི་འབའ་སྐད་དེ་འགག་སྲིད་དམ།
ཕ་དམ་པ་སངས་རྒྱས་ཀྱི་བྲག་ཨ་མ།
བོད་དུ་ལན་ལྔ་བྱོན་པའི་མཐའ་མར།
ཁམས་ཀློང་ཐང་ནས་ཞབས་འགྲོས་ཀྱིས།
སྟོད་དིང་རིར་ཕེབས་པའི་ལམ་ཁ།
ལྷ་སའི་ཉང་བྲན་ཕུ་ལ་སླེབས་དུས།
བྲག་གི་ཕ་བོང་ཞིག་གི་སར།
ཁྱོད་ཐང་ཆད་ཅིང་ཞལ་སྐྱེམས་ཡོད།
བ་དཀར་མོས་འོ་མ་དྲངས་པས།
ཨ་མ་ཞེས་ངག་ལས་ཤོར་སོང་།
ཨ་ཡིག་ཅིག་བྲག་ལ་འཐིམ་སྐད།
བྲག་ཨ་མའི་ངག་རྒྱུན་དེ་ལས་མཆེད་སོང་།
འབྲུག་གི་གདན་ས་གནམ་ཕུ་ན་ཡོད།
གཙང་པ་རྒྱ་རས་ཀྱིས་བཏབ་པའི་འབྲུག་གི་གདན་ས།
མཉེས་ཐང་གྲོལ་མཚམས་ཀྱི་གནམ་ཕུ་ན་ཡོད་པས།
གྲོགས་པོའི་འཁོར་ལམ་གྱིས་རམ་བུ་མ་བཏེགས་ཚེ།
ཆུ་མགོ་ལྟ་བུའི་གདན་ས་འདི་བརྟོལ་དཀའ།
འབྲུག་པ་ཀུན་ལེགས་ཀྱི་འུར་རྡོ་མཐོང་སོང་།
གླང་ཆེན་ཆུ་འཐུང་ལྟ་བུའི་རྒྱབ་རི་མཐོང་སོང་།
རི་སྐྱེས་ཤུག་པ་དང་རི་དྭགས་གནའ་བའང་མཐོང་སོང་།
དེ་དག་ལས་ཀྱང་མཐོང་སྙིང་འདོད་པ།
སྟོད་འབྲུག་ནམ་མཁའི་སྐར་མ།
སྨད་འབྲུག་ས་ཡི་རྩི་ཤིང་།
འཇང་དགོན་གྱི་རྒྱང་དུ་ཡལ་བའི་ཆོས་སྐད།
འཇང་རྡོ་གཅལ་སྔོན་མོར་འབྱོར་དུས།
ཉི་མ་ཚང་ལ་མ་ནུབ་ཙམ།
འཇང་གི་ཕྱི་སྐོར་ལམ་དུ་སྨིན་པ།
རྡེའུ་འབུམ་དང་འབུམ་ཁང་གི་ཕྲེང་བ།
དར་ལྕོག་དང་རྡོ་བརྐོས་ཀྱི་མཆོད་པ།
ཡིན་ནའང་ཞིབ་ཏུ་གསན་ཚེ།
ཆོས་སྐལ་གྱིས་ལན་པ་མིན་ན།
དགུན་ཆོས་ཀྱི་གསུང་གླེང་ཐོས་རྒྱུ་མི་འདུག
གསུང་གླེང་གི་བྲག་ཅ་ཐོས་རྒྱུ་མི་འདུག