ཟི་ལིང་གནམ་གྲུ་ཐང་ནས་ཆས་པ།
ཟླ་བཅུ་པའི་ཟི་ལིང་གི་ནམ་མཁའི་མཐའ་ན།
རྒོད་པོའི་གཤོག་འགྱུར་གྱི་རྨི་ལམ་ལ་མྱ་ངན་འཁོར་འདུག
ཞོགས་པ་སྔ་མོ་དེར།
ངས་ཁྱེད་ལ་སྤྲིངས་པའི་སྤྲིན་པའི་འབྲི་ཤོག་སྟེང་གི་ཡིག་འབྲི་ནག་པོ་དག
ད་ལྟ། ཟླ་བཅུ་པའི་ཟི་ལིང་གི་ཁང་རྩེག་ག་གེ་མོ་དེའི་ཡང་སྟེང་དུ་འཕྱོ།
ཁང་རྩེག་གློག་འོད་ཀྱིས་བརྒྱན་པས་ཤིན་ཏུ་མཛེས།
ཡིག་འབྲིའི་རུས་པ་ཆག་ཟིན་པས་སེམས་པ་འཁྱག་པར་གྱུར།
གནམ་གྲུ་ཐང་གི་རླུང་བསེར་བུའི་རྒྱུ་བ་རྩུབ་མོས།
ས་རྡུལ་གྱི་ཚོགས་མང་བོ།
ནང་སེམས་ཀྱི་རྨ་ཁའི་ཁྲོད་དུ་འཁུར་ཡོང་།
གནམ་གྲུའི་སྒོ་བརྒྱབ་རྗེས།
ངས་རང་ཉིད་ཡི་གེའི་གད་སྙིགས་དང་ལྷན་དུ།
སྤྲིན་པའི་རབ་ཁ་བརྒལ་པའི་དུས་ཚོད་བརྗེད་ཟིན།
མཚན་གུང་རྒྱལ་ཐང་ལ་འབྱོར་བ།
མུན་པའི་སེང་རས་ཀྱིས་མིག་གི་རྒྱལ་མོ་བསྒྲིབས་པས།
ཁྱེད་ཀྱི་གདོང་གི་དཔྱིད་དཔལ་མ་མཐོང་།
རང་ཡུལ་དུ་འབྱོར་བའི་སྣང་བ་ཕྲ་མོས།
ཁྱེད་ཀྱང་དཀའ་ཚེགས་ལ་ཕྲད་པའི་ཕ་ཡུལ་ཞིག་ཡིན་པ་རྟོགས།
སྨག་ཏུ་ལྕེབས་པའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་དེ།
ཡིག་ནོར་གྱིས་ཟིན་པའི་ཤོག་དྲིལ་གཅིག་ཏུ་བཏུམས་ཚར།
བལྟས་ཆོག་ལ་བཅའ་མི་ཆོག་པའི་ཁྲིམས་ལུགས་རིགས་ཤིག་གིས།
འུ་ཅག་འགྲོ་ས་མེད་པར་བྱས་འདུག
ཁྱེད་གློག་བརྙན་ལས་གྲུབ་ཚུལ་དང་།
ངས་མཚན་སྨག་གི་ཁྲོད་ནས་རྙེད་ཚུལ་འདི་གཉིས།
ཚེར་མའི་ཡལ་གའི་སྟེང་དུ་བབས་པའི།
འགྱིག་གི་ལྒང་བུ་ཞིག་དང་ཡོངས་སུ་མཚུངས།
ཆང་ཁང་གི་སྒོ་ཁར་འགྲེང་ནས་ལག་གཡུག་བྱེད་མཁན་གྱི་མཛེས་མ་དེས།
ཀ་མད་སུམ་ཅུའི་རྗོད་བྱེད་ལ་བཏེགས་པའི་རྒྱལ་ཐང་གི་སྐད་ཅིག་ལབ་བྱུང་།
ལག་པ་ཕར་བསྲིངས་ནས་བདེ་མཚམས་ཤིག་ཞུས་པས།
རལ་གྲི་ཐོགས་པའི་སྐྱེས་པ་ཞིག་གིས་ང་ལ་ལམ་གཞན་ཞིག་བསྟན་སོང་།
མཚན་མོ་དེར། ཆང་དྲི་འཐུལ་བའི་སྲང་ལམ་དུ།
ང་གཅིག་པུ་ཡང་མ་ཤོང་།
སེམས་ཀྱི་ཉི་ཟླ།
བཙན་པོས་ཞབས་ཀྱིས་བཅགས་པའི་གནས་འདིར་སླེབས་ཚེ།
ཡོད་ཚད་རང་རེ་ལ་གཏོགས་དགོས་སྙམ།
འོན་ཀྱང་། ཁྱེད་ཀྱི་ཡོད་ཚད་བེད་སྤྱད་བཏང་ཚར་འདུག
དམག་ཆེན་གཡོ་བའི་ལྡིར་སྒྲས།
གངས་རིའི་ཟེ་བའམ་གཙང་བོའི་བཞུར་རྒྱུན་གཤགས་པའི་བདེན་དོན་ཡོད་སྐད།
རྗེ་བློན་ཉི་ཟླ་ལྟར་བྱོན་ཞིང་།
སླར་ཡང་། ཉི་ཟླ་བཞིན་ནུབ་སའི་མཐའ་མཇུག་གི་གཞིས་ཀ
བཙན་པོའི་བཀའ་རྒྱ་དང་དཔའ་བོའི་ཕྱག་རྒྱས་ཟིན་པའི་གནའ་བོའི་
མཁར་རྙིང་ཞིག་གིས།
ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་དྲུད་དེ།
མི་སེམས་ཚལ་བར་གཤགས་པའི་ན་ཟུག་བཟོད་གླགས་བྲལ།
བོད་མི་ཡུལ་སྐོར་པ་དག་གིས་དེ་གར་ཅ་ལག་གང་ཡག་ཉོས་རྗེས།
ཤམ་བྷ་ལའི་སྤྲིན་རིམ་བརྟོལ་ནས་རྒྱབ་གཟུགས་ཁོ་ན་ཤུལ་དུ་གཡུག་པར་བྱེད།
ཁྱེད་ལ་ཆགས་སྡང་གི་རང་གཤིས་དང་ཡོངས་སུ་བྲལ།
ཕག་ཕྲུག་འཚོ་བའི་ཁྲུང་ཁྲུང་སྐེ་ནག་དག་གིས་མགོ་བོ་བསྲིངས་ཏེ།①
གླེན་རྟགས་ཚ་བའི་བྲན་གཤིས་ཀྱིས་ངོ་རྒོལ་བྱེད།
བསམ་བློ་ཇི་ལྟར་བཏང་ཡང་།
ཁྱེད་ཀྱི་ཡོད་ཚད་རང་དབང་ན་མི་འདུག
ལག་པ་མང་བོས་འཕྲོག་རེས་བྱེད་ས་དེ་ཁྱེད་ཀྱི་མངའ་ཐང་རེད།
མེ་ལ་ཤོར་པའི་གནའ་གྲོང་།
རྫ་ཆས་རྙིང་བ་འགའ་རེ་ལྷག་འདུག
གྲི་ཤུབས་སྟོང་བ་འགའ་རེ་ལྷག་འདུག
ཡིག་ནོར་གྱིས་ཟིན་པའི་སྒོ་བྱང་རེ་གཉིས་ལྷག་འདུག
འཚིག་མ་ཐུབ་པའི་རྡོ་གཅལ་ངོས་ཀྱི་རི་མོ་རེ་ཟུང་ལྷག་འདུག
ཟངས་ཀྱི་སླ་ང་ཆེན་པོ་ཞིག
ཧྲལ་ཧྲུལ་དུ་བཏང་བ་འདྲ་བའི་གནའ་གྲོང་འདིས།
ང་ལ་འདུས་སྲོང་མང་པོ་རྗེ་བྱ་བའི་བོད་རྒྱལ་བཙན་པོ་ཞིག་དྲན་དུ་བཅུག་བྱུང་།
གང་དེའི་ཁྲབ་རྨོག་དང་དམག་དཔུང་གི་རྔམ་སྲིད་དྲན་དུ་བཅུག་བྱུང་།
ས་ཆེན་འདར་བའི་དཔུང་ཆེན་དྲན་དུ་བཅུག་བྱུང་།
བཙན་པོ་གང་དེའི་བང་སོ་དྲན་དུ་བཅུག་བྱུང་།
སེར་ལྷམ་མེར་འགྲེང་བའི་མ་ཎི་འཁོར་ལོ་གཅིག་པུ།
རྡོ་དཀར་ཐང་ཆེན་ལ་དབང་བ་དྲན་དུ་བཅུག་བྱུང་།
ཐལ་རྡུལ་གྱི་ཟེགས་མ་འཕྱུར་བའི་གནའ་གྲོང་དེ།
ཨར་འདམ་གྱི་ཀློང་དུ་ལྷུང་བའི་ཉམ་ང་ཡང་ཡང་དྲན་དུ་བཅུག་བྱུང་།
རོང་བཙན་ཁ་བ་དཀར་པོ།
རོང་བཙན་ཁ་བ་དཀར་པོ།
སྲིད་པ་བོད་ཀྱི་གངས་རི།
ལོ་རྒྱུས་ཀྱི་བླ་མཁར་བརླགས་ཤུལ་དུ་འགྲེང་བའི་དངུལ་གྱི་ཀ་བ།
དཔའ་བོའི་རུས་རྐང་གིས་བརྩིགས་པའི་ཤ་ཁྲག་གི་རི་རབ།
ཁ་བའི་གོས་ཀྱིས་བརྒྱན་པའི་རྗེ་བོ།
སྤྲིན་པའི་དབུ་ཞྭ་མནབས་པའི་ཡིད་འོང་གི་རྒྱལ་སྲས།
དུས་ཚོད་ཀྱི་གླུ་སྒྲ་ཉམས་ཤུལ་དུ།
གངས་རི་ནི་བྱ་གླག་གི་གཤོག་སྟེང་ལ་བབས་པའི་རི་མོ་ཞིག
མངོན་སུམ་དང་ལྐོག་གྱུར་གང་ཡིན་རུང་།
ཉི་ཟླ་ཡི་ཤུགས་བསྟན་བྲི་སའི་དངུལ་གྱི་མེ་ལོང་ཆེན་པོ་ཞིག་གོ།
ཡུལ་ལ་ལོག་པ།
ཡུལ་ལ་ལྡོག་པའི་ལམ་དུ།
རོང་བཙན་ཁ་བ་དཀར་པོ་ཞེ་ལ་འཁོར་བྱུང་།
སེམས་ཀྱི་ཉི་ཟླ་ཞེ་ལ་འཁོར་བྱུང་།
གནའ་བོའི་རྡོ་དཀར་རྫོང་ཞེ་ལ་འཁོར་བྱུང་།
ནགས་ཕག་མཚོ་དང་འོ་མ་མཚོ། ལྷ་མོ་གཡང་མཚོ་སོགས་ཞེ་ལ་འཁོར་བྱུང་།
ཕུད་སྒོར②མནབས་པའི་ཡིད་འོང་གི་བུ་མོ་ཚོ་ཞེ་ལ་འཁོར་བྱུང་།
སྲམ་ལྤགས་བརྒྱབ་པའི་བོད་མི་ཞེ་ལ་འཁོར་བྱུང་།
སྨྱོ་ཆུ་འཐུང་བའི་གྲོགས་པོ་ཞེ་ལ་འཁོར་བྱུང་།
གནས་ཡུལ་འགྲིམ་པའི་ཆུང་གྲོགས་ཞེ་ལ་འཁོར་བྱུང་།
ཕྲེང་བ་བོར་བའི་བོད་མི་ཞེ་ལ་འཁོར་བྱུང་།
དབྱངས་གསལ་ཕངས་པའི་ངུ་སྐད་ཞེ་ལ་འཁོར་བྱུང་།
མདའ་གྲི་བོར་བའི་དཔའ་རྒོད་ཞེ་ལ་འཁོར་བྱུང་།
གཉེན་ཚན་དོར་བའི་མི་རྣམས་ཞེ་ལ་འཁོར་བྱུང་།
བརྩེ་བའི་སྙིང་བོ་གཞན་ལ་གཏད་པའི་མོ་ཡང་ཞེ་ལ་འཁོར་བྱུང་།
འཁོར་བའི་ཞེན་ཆགས་འཁུར་བའི་མགྲོན་པོས།
ཡུལ་ལ་ལོག་དགོས་པའི་དམ་ཚིག་ཀྱང་ཞེ་ལ་འཁོར་བྱུང་།
མཆན་འགྲེལ།
① གནས་འདིའི་སྤང་ཡངས་པོ་རུ་རྟ་ནོར་ལུག་གསུམ་མཐོང་རྒྱུ་དཀོན་ཞིང་། ཕག་དང་ཁྲུང་ཁྲུང་སྐེ་ནག་དག་མཐུན་པོར་འཚོ་བའི་རང་བྱུང་གི་སྣང་ཚུལ་ཡིད་དུ་འོང་བ་ཞིག་མཆིས་པས་དེར་གོ་བར་བྱའོ།།
② ཕུད་སྒོར་ནི་རྒྱལ་ཐང་ཕྱོགས་ཀྱི་བུ་མོ་ཚོའི་མགོར་དཀྲིས་པའི་ཁ་དོག་གློ་ཁ་ཅན་གྱི་མགོ་དཀྲིས་དེར་གོ་བར་བྱ།