ཁུ་སིམ་མེར་མགོ་བོ་དང་ཁར་སྨད་དུས། སེར་ཐིག་ཁུར་བའི་སྡོང་ལོ་ལྗོན་རྩེ་ནས་ལྕེབས་ཏེ་སྟོན་རླུང་གིས་ཕྱོགས་བཞིར་སྤུར་བའི་ཤག་སྒྲ་རྣ་ལམ་དུ་ལྷུང་། ཁྲུང་ཁྲུང་ལྷོ་མཐར་འཕུར་ཞིང་ཁུ་བྱུག་མོན་ལ་བསྙེགས། ཡང་བསྐྱར་སྟོན་ཁ་ཞིག་གི་མངའ་ཐང་མིག་ལམ་དུ་ལྷུང་ཡང་། ཁྱོད་ཀྱི་གོམ་སྒྲ་གྲག་རྒྱུ་མེད་པ་འདི་ཅི། རེ་སྒུག་གི་ལོ་ཟླ་འདི་ཅི་འདྲའི་རིང་ཨང་།
ནམ་རྒྱུན་ཁྱོད་ཀྱི་འཛུམ་ཆུང་སྣུམ་པོ་བདག་སེམས་ཀྱི་སྟོན་འབྲས་སུ་སྨིན་པའི་རེ་འདུན་སྙིང་གི་སྒྲོམ་དུ་ཉར། གནག་སྣུམ་སྐྲ་ལོ་བདག་གིར་བྱེད་འདོད་ཀྱི་ཧམ་པ་བྱང་ཁོག་ཏུ་མེ་རུ་འབར། ཁྱོད་ཁོ་ན་བདག་གི་མི་ཚེའི་འབྱོར་ཕྱུག་དང་དབྱར་གཞུང་ཡིན་པའི་འཁྲུལ་ཤེས་ཀྱི་དབང་ཤེད་བཙན་པོས། གནམ་མཐའི་འབྲོག་ཐང་འདིར། ནམ་ཞིག་ཁྱོད་ཀྱི་གོམ་སྒྲ་ཡང་མོ་བདག་གི་སྒོ་འགྲམ་ནས་ཐྲིག་ཐྲིག་ཏུ་གྲགས་པ་དང་། མཉེན་ལྕུག་གི་སོར་མོས་བདག་གི་སྒོ་དང་སྒེའུ་ཁུང་ཐག་ཐག་ཏུ་བརྡུང་བར་སེམས་ཀྱིས་རེ་ཞིང་ཉན་ནས་མི་ཚེའི་དབྱར་གཞུང་ཡལ། ལོ་ཟླ་བགྲང་ནས་སོར་རྩེ་བསྣད་པའི་དབྱར་དགུན་སྟོན་དཔྱིད་རེ་རེར། བདག་གི་མིག་ལམ་དུ་ཁྱོད་ཀྱི་གྲིབ་མ་ཙམ་ཡང་འཆར་བའི་གོ་སྐབས་དབེན།
ཁྱོད་དྲན་ཐེངས་རེར། བདག་གིས་དགུ་འདུས་ཆུ་བོའི་འགྲམ་གྱི་ལྗོན་ཚལ་དང་། ལྗོན་ཚལ་དེར་བཀོད་མྱོང་བའི་གྲངས་མེད་རྐང་རྗེས་སེམས་པས་མྱུལ་ཏེ་རང་སེམས་དྲོན་མོར་གསོས། ཁྱོད་ཀྱི་མགོ་བོ་བདག་གི་ཕྲག་པར་བསྙེས་ཏེ་བར་སྣང་གི་དུང་ཟླར་ལྟ་ཞོར་དུ། རྒྱུན་པར་བཤད་མྱོང་བའི་གླང་རྫི་དང་ཐགས་མཁན་བུ་མོའི་གཏམ་རྒྱུད་ཀྱི་འགྱུར་ཁུགས་དང་ཟླ་བའི་ལྷ་མོའི་སྐྱོ་གདུང་གི་ཟབ་ཚད…… ཡོད་ཚད་སྐབས་འདིར་ངས་ཁྱོད་དྲན་པའི་རུ་རྩིར་གྱུར་ཟིན། ནམ་རྒྱུན་ཁྱོད་དྲན་པའི་གདུང་བས་དེད་དེ། ཁེར་རྐྱང་དུ་ལྗོན་ཚལ་དེར་བཀོད་པའི་རྐང་རྗེས་ཀྱི་ཤ་དྲོད་འཚོལ་བར་ཕྱིན་པའི་གྲངས་ཀ་ལྗོན་ཚལ་ཁོ་ནས་ཤེས། མཚན་མོའི་འཇིག་རྟེན་དུ་ཆེས་ཡིད་དུ་འོང་བ་ནི་ཟླ་བ་ཡིན་ལ། བདག་གི་འཇིག་རྟེན་དུ་ཟླ་བ་ལས་ཀྱང་ཆེས་མཛེས་པ་ནི་ཁྱོད་མ་ཡིན་ནམ། ཚེས་གཅིག་ནས་གནམ་སྟོང་བར། འཕེལ་འགྲིབ་གཉིས་ཀྱི་དགའ་སྡུག་ཁོག་ལ་བཅུག་སྟེ། སྒྲ་གཅན་གྱི་དབལ་ཁ་རྣོན་པོའི་ཐུ་འོག་ནས་ཇི་ལྟར་སོང་ཡང་། ཁྱོད་སྔར་བཞིན་མཚན་མོའི་བར་སྣང་གི་འཇིག་རྟེན་ལས་བརྒལ་མ་ནུས། སྐྱེས་པ་ནས་འཆི་བའི་བར། སྐྱིད་སྡུག་གཉིས་ཀྱི་མངར་སྐྱུར་སེམས་ལ་ཉར་ཏེ། གནས་ཡུལ་གྱི་བསླུ་བྲིད་དང་ཁ་བཙན་འོག་ནས་ཇི་ལྟར་འཚོ་ཡང། ཁྱོད་ནམ་ཡང་བདག་གི་སེམས་པའི་དྲན་ངོགས་ལས་འགོངས་མ་ཐུབ།
ཁྱོད་འགྲོ་ཁར། ཁྱོད་ཀྱིས་ང་ལ་སེམས་ཕུགས་དྲོ་བའི་སྐད་ཆ་མནོག་མོ་ཞིག་བསྐྱུར་ནས་སོང། ཁྱོད་ཀྱིས་བདག་གི་འགྲམ་ངོར་སྐྱེ་བ་ཕྱི་མར་ཡང་བརྗེད་དཀའ་བའི་མཆུ་སྒྲོས་ཀྱི་ཤུལ་རྗེས་ཟབ་མོ་ཞིག་དྲན་ཤིང་དུ་བཞག སྡེ་འདབས་ནས་བྱང་དུ་འཐེན་པའི་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་དུས། མཆི་མའི་དོག་པ་འཛུམ་པའི་ཁྲ་ཆུང་གི་ཕྱི་མིག་གཉོམ་པོ་ཡང་དང་ཡང་དུ་ང་ལ་བསྐྱུར། བདག་གི་རྣམ་ཤེས་ཀྱི་རྟ་རྒོད་ལུས་སེམས་ཀྱི་སྒྲོག་གིས་མ་འཆུན་པར་ཁྱོད་རྗེས་ཡང་ཡང་འབྲངས་ཤིང་། མིག་ཀོང་དུ་དྭངས་གཙང་གིས་ལྕི་བའི་མཆི་མ་ཁོ་ནས་ཁྱོད་ལ་རྒྱང་སྐྱེལ་ཡུན་རིང་བྱས་པ་ལས་ད་དུང…… ཁྱོད་སོང་ཤུལ་དུ། ང་ལ་ད་དུང་ཅི་ཞིག་ལྷག་ཡོད་དམ། སྨེང་བའི་ན་བུན་དྭངས་མཐའ་མེད་པའི་ཁོག་སྡུག་གི་མུ་མེད་ཐང་སྟོང་ཞིག ཡང་ན་འདེགས་དཀའ་བའི་མཆི་མའི་ཟུངས་ཀྱིས་ནེམ་པའི་ལྗིད་ཏིག་ཏིག་གི་མགོ་འཕང་ཞིག
སྤྱིར་ན་ཚེ་འདིའི་ཡོད་ཚད་གཞན་དབང་གིས་ཁྱེར་ཅིང་། གཞན་དབང་གི་འཚོ་བའི་གཟེབ་དྲར་རང་རང་གི་བགོ་སྐལ་ལོངས་སུ་སྤྱོད་པར་རིགས་ཀྱང་། ཁྱོད་མི་དྲན་རང་དྲན་གྱི་སེམས་འགྱུ་འདིས་ང་གུ་ཡངས་སུ་སྡོད་པའི་བར་སྟོང་གཏན་དུ་ཕྲོགས། གཏིང་མཐའ་མེད་པའི་དྲན་པ་འདི་སྐྱེ་བ་སྔོན་མ་ཞིག་ཏུ་ངས་ཁྱོད་ལ་བུ་ལོན་མནོག་མོ་ཞིག་ཆད་པ་འདྲ། ནམ་རྒྱུན་ལྷོ་ནས་བྱང་དུ་འཐེན་པའི་སྡེ་འདབས་ཀྱི་རྐང་ལམ་སྟེང་། ལག་པ་ཐོད་ལ་བཞག་ནས་རྒྱང་ལྟ་ཅི་ཙམ་བྱས་པ་སྐྱི་བསེར་རླུང་བུ་མ་གཏོགས་སུ་ལ་འདྲི། ངས་ཁྱོད་ཅིས་ཀྱང་དྲན་དགོས་པའི་གནས་ལུགས་འདིའི་དབང་ཤེད་ཅི་འདྲའི་བཙན་ཨང་། འདི་ནི་རྐང་གཉིས་མི་ཡི་མཛེས་སྡུག་གི་འཚོ་སྟངས་ཤིག་ཡིན་སྲིད་ལ། ཡང་ན་ང་ལྷད་མེད་དྭངས་གཙང་ཞིག་ཡིན་པའི་བདེན་ངོས་ཀྱི་དཔང་བོ་ཞིག་ཡིན་ཡང་སྲིད།
དོན་དུ་ངས་ཁྱོད་དྲན་པ་ནི་འཇིག་རྟེན་མི་ཆོས་ལས་འདས་པའི་ནག་ཉེས་ཤིག་རེད། ད་ལྟ་ཁྱོད་གཞི་ནས་འཁོར་བའི་གཞི་འཛིན་དང་ཁྱིམ་ཚང་ཞིག་གི་བདག་མོར་གྱུར་ཡོད་པས། ངས་ཁྱོད་དྲན་ཆོག་པའི་རྒྱུ་མཚན་ཞིག་འཆད་ཐབས་མེད། ཡིན་ཡང་ངས་ཁྱོད་དྲན་མི་ཆོག་པའི་རྒྱུ་མཚན་ཞིག་ཀྱང་སུ་ལའང་བགྲང་ཐབས་མི་འདུག ཚེ་སྔོན་ལས་འཕྲོ་མེད་པས། སྐྱེ་བ་འདིར་ནམ་ཡང་ཕན་ཚུན་གྱི་སེམས་སུ་བསུབ་ཐབས་མེད་པའི་དྲན་གདུང་གི་ཤུར་རིས་བརྐོས་ཡོད། དེ་ལྟར་ཁུ་སིམ་མེར་ང་ཁོ་ནས་ཁྱོད་དྲན་པ་འདི་ཚུལ་མིན་ཞིག་ཏུ་བརྩི་རུང་ངམ། གང་ལྟར་ཁྱོད་ལ་དུངས་པས་མིན་ན། དྲན་གདུང་འདི་ཐང་ནས་བླངས་ཏེ་ཐོད་ལ་འཇོག་པ་དང་། ཁོག་སྡུག་འདི་ཚེ་སྡུག་ཏུ་འགྱུར་དགོས་དོན་ཅི་ལ་ཡོད་ཨང་།
ཡུལ་དུས་ཀྱིས་བསྐལ་པའི་བར་ཐག་གི་རྩེད་མཚར་གྱིས། ལྷོ་ནས་བྱང་དུ་འབབ་པའི་དགུ་འདུས་ཆུ་བོའི་ལྷུང་ལྷུང་གི་བཞུར་རྒྱུན་ལ་མིག་སྐྱེལ་གྲངས་མེད་བྱས་མཐར། བྱང་ཁོག་གི་སྨེང་ཡུས་ཀྱིས་བརླན་པའི་སྐྱོ་གླུ་བསྐུར་པ་ལན་གཅིག་མིན། ཡིན་ནའང་བྱང་ནས་ལྷོ་རུ་རྒྱུ་བའི་སྐྱི་བསེར་རླུང་བུར་ཁྱོད་ཀྱི་ཨ་ལན་ཙམ་ཡང་སྤྲིངས་མ་བྱུང་། ཁྱོད་སྐྱིད་དུས་ང་དྲན་མ་མྱོང་བ་བདེན་ནའང་། ཁྱོད་སྡུག་དུས་ཀྱང་ང་དྲན་མ་མྱོང་ཟེར་ན་ང་ཡིད་མི་ཆེས། དཔྱིད་ཀར་རྫ་ཆུ་བསིལ་མ་འཁྱག་རོམ་གྱི་སྒྲོམ་ལས་ཐར་ཏེ་ཤག་ཤག་གི་གླུ་ཆུང་ལེན་ཞིང་། ཁུ་
བྱུག་བུ་མོས་ལྷང་ལྷང་གི་གྲེ་འགྱུར་ངོམ་དུས། ངས་ཁྱོད་ཀྱི་གཡེར་དྲིལ་ལྟ་བུའི་དགོད་སྒྲ་སྙན་མོ་དྲན་ཡོང་།
དབྱར་ཁར་མེ་ཏོག་སྣ་བརྒྱ་ལྷུག་པོར་བཞད་ཅིང་འབྲུ་དྲུག་སྙེ་མའི་རྦ་རླབས་སྐྱོམ་དུས། ངས་ཁྱོད་ཀྱི་སྐར་ཆེན་ལྟ་བུའི་མིག་ཟུང་དང་སྨྱུག་མ་ལྟ་བུའི་སྐྱེས་གཟུགས་དྲན་ཡོང་། ལྗོན་ཤིང་གི་ལོ་མ་མྱ་ངན་གྱིས་འཐོར་ཞིང་གཡུ་མཚོ་འཁྲེང་ཞེན་གྱིས་བསྐྱུར་པའི་ཁྲུང་ཁྲུང་གི་འཕུར་སྟངས་མཐོང་དུས། ངས་ཁྱོད་གཞན་ཡུལ་ལུང་བར་ཆས་དུས་ཀྱི་ཕྱི་མིག་དང་སེམས་གཏམ་དྲན་ཡོང་། དགུན་ཁར་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་ཅིང་སྐྱེ་དངོས་ཡོད་ཚད་གྲང་འཁྱག་གིས་གཅུན་ཏེ་ཁ་རོག་གེར་ཏིང་འཛིན་ལ་བཞུགས་དུས། ངས་ཁྱོད་གནས་ཡུལ་གྱི་མནར་སྡུག་འོག་ན་གཉོམ་དུངས་དུངས་ཀྱིས་མགོ་བོ་དང་ཁར་སྨད་པ་དྲན་ཡོང་། དུས་ཚིགས་ཀྱི་འཕོ་འགྱུར་རེ་རེས་བྱང་ཁོག་ཏུ་སྨེང་ཡུས་ཀྱི་སྨུག་པ་བསྐྱིལ་ཞིང་།
འཕོ་འགྱུར་གྱི་སྒྱུ་འཕྲུལ་རེ་རེས་བདག་སེམས་སུ་དྲན་པའི་རྦ་རླབས་དྲག་ཏུ་སློང་། ངོ་མ་དྲན་པ་འདིར་གཏིང་མཐའ་ཞིག་མི་འདུག
བསགས་མཐར་འཛད་པ་དང་འདུས་མཐར་བྲལ་པ་ཆོས་ཉིད་ཡིན་ན། བྲལ་མཐར་འཛོམ་རྒྱུ་མེད་པ་ཡང་ཆོས་ཉིད་ཅིག་ཏུ་རློམ་དགོས་སམ། འདི་ལྟར་བསམ་དུས་མཚམས་རེར་འཁོར་བའི་འཁོར་ལོའི་རྩིབས་མའང་འཁྱོག་ཡོད་པའི་སྣང་བ་ཁོ་བོར་བཅོས་མིན་དུ་
སྐྱེས། འཇིག་རྟེན་དཀར་ངོགས་ཀྱི་ཉིན་སྲིབ་དང་དཀར་ནག སྐྱིད་སྡུག་དང་འདུ་འབྲལ། དྲོད་གྲང་དང་དགའ་སྐྱོ་ལ་སོགས་ཀྱི་སྔ་མའི་འཁོས་ཆུང་ཞིང་ཕྱི་མའི་མཐུ་བཙན་པའི་རང་མཚང་འདི་སུ་ཡིས་བཟློག ལྷན་འཛོམས་ཀྱི་ཉིན་མོ་སྐད་ཅིག་ཡིན་ཡང་དྲན་གདུང་གི་ལོ་ཟླ་ཚེ་གང་ཡིན་པའི་གནས་ལུགས་འདི་འཁོར་བའི་སྙིང་བོའམ་བརྩེ་དུངས་ཀྱི་བུ་ལོན་ཡིན་ནམ།
གང་ལྟར་ཁྱོད་ཀྱི་སྡུག་གི་མུན་པ་དྭངས་ཤིང་སྐྱིད་ཀྱི་ཉི་མ་དྲོ་ན། སྐྱེ་བ་འདིར་ངའི་དྲན་པའི་མཐའ་ལ་འཐོབ་བྱ་མེད་ཀྱང་། སེམས་རྩ་དྲོ་བའི་དོན་བཟང་དེ་ལས་གཞན་ཅི། ནམ་ཞིག་ལས་སྣང་དག་ཅིང་འུ་གཉིས་ཁོ་ནར་དབང་བའི་བར་སྣང་ཆུང་ཆུང་ཞིག་གི་བགོ་སྐལ་ཡོད་ཚེ། སེམས་སྐྱ་མོས་ཁྱོད་ཁོ་ན་འཚོ་ཞིང་ཁྱོད་ཁོ་ན་སྐྱོར་ནས་སྐྱེ་བ་དགུ་ཡི་ཕ་རོལ་ལ་བསྒུག་དགོས་ཀྱང་ང་ལ་འགྱོད་སྣང་མེད། གལ་ཏེ་ཁྱོད་ཀྱི་རྨི་ལམ་དུ་ད་དུང་བདག་གི་རྐང་རྗེས་འཁྱིལ་ཡོད་ན། ངའི་དྲན་པའི་མཐའ་སྣེའི་སྟོན་འབྲས་དེ་ཁོ་ན་ཡིན་ལ། སེམས་རིས་ཐར་ཆགས་སུ་འགྲེམས་པའི་གསོལ་སྟོན་འདི་ཡང་ཁྱོད་ཁོ་ནར་དབང་བས། ནམ་རྒྱུན་མཛེས་སྡུག་གི་དྲན་པའི་ཀློང་ན་ཁྱོད་ཀྱི་ཕྱི་ནང་གསང་གསུམ་ལ་སེམས་པས་སྐྱོར་བའི་དབྱངས་རྟ་འདི་ཁྱོད་ཀྱིས་ཐེངས་གཅིག་གསན་ཐུབ་པའི་འདུན་པ་ཅི་འདྲའི་དྲག་ཨང་།
ཁུ་སིམ་མེར་མགོ་བོ་དང་ཁར་སྨད་དུས། སྡོང་ལོར་སེར་ཐིག་ལྷུང་ཞིང་ཁུ་བྱུག་མོན་ལ་ཆས་རན། གནམ་མཐའི་ཡུལ་གྲུ་འདི་ན་ངས་སྔར་བཞིན་ཁྱོད་དང་མཇལ་འཛོམས་ཀྱི་དཔྱིད་དཔལ་གསར་བ་ཞིག་ལ་བསྒུགས་ཡོད་པས། ཁྱོད་མྱུར་བ་མྱུར་དུ……