ཕ་ལགས་དྲན་ཚུལ་ཞིག

འོད་སྲས། [ཟི་ལིང] རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སྦྲང་ཆར། སྤེལ་དུས། 01-11


ཉིན་འདི་དག་ལ་རྒྱུན་པར་ཁོ་བོ་དང་གཏན་བྲལ་བྱུང་ནས་ལོ་ངོ་བཅུ་བཞི་འགོར་ཟིན་པའི་ཕ་ལགས་དྲན་ཡོང་། སྤྱིར་ན་རང་གི་ཁ་ཕྱོགས་མི་ཟིན་ཞིང་སེམས་པ་སྨེང་ལ་འཁྲེན་པའི་སྐབས་གང་རུང་ལ་ཕ་ལགས་དྲན་འོངས་པ་ནི་ཆོས་ཉིད་ལྟ་བུ་ཞིག་ཏུ་འདུག་ལ། དྲན་གདུང་འདི་མི་ལོ་རིམ་གྱིས་སོན་པ་དང་བསྟུན་ནས་ཅུང་ཟད་ཤུགས་དྲག་ཏུ་འཕེལ་གྱིན་པའི་སྣང་བ་སྟེར།

ངའི་ཕ་ལགས་ནི་རྨོ་མོ་ལགས་དང་ལྷན་དུ་ངེད་ཀྱི་ཁྱིམ་གཞིས་འདིར་ཡོང་བ་ཡིན་ལ། སྤོ་བོ་ལགས་ཀྱིས་ཁྱིམ་ཐབ་ཏུ་རྨོ་མོ་ལགས་བསུ་སྐབས། གཞུག་ཁྲིད་དུ་ཁྲིད་ཡོང་བ་ཞིག་ཡིན། ཁོང་སྔོན་མ་གཅན་ཚའི་སྐྱ་ཀྱའི་ཕ་གཞིས་སྡེ་བ་རུ་སྐྱེས་པ་ཡིན་ཞིང་། ཕྱིས་རྨོ་མོ་ལགས་བཟའ་འཐོར་བྱུང་བར་བརྟེན། བུ་དང་བཅས་ཏེ་རྨེ་རུར་སླེབས་པ་རེད། ངའི་ཕ་ལགས་སྤོ་བོ་ལགས་ཀྱི་ཕྲུ་གུ་དངོས་མིན་ནའང་། སྤོ་བོ་ལགས་ལ་ནམ་ཡང་གུས་གུས་ཞུམ་ཞུམ་བྱེད་པ་དང་།

སྤོ་བོ་ལགས་ཀྱང་ནམ་ཡང་ཕ་ལགས་ལ་འདང་རྩིས་ཆེན་པོ་ཡོད། ངའི་དྲན་ངོགས་སུ། ཕ་ལགས་སྤོ་བོ་ལགས་ལ་ཅུང་ཟད་སྐྲག་པའི་ངང་དུ་འདུག་མཁན་ཞིག་ཡིན་པ་དྲན་གྱིན་འདུག་ལ། སྤོ་བོ་ལགས་ཀྱིས་ཅི་གསུང་དང་ལེན་བྱེད་མཁན་ཞིག་ཡིན་པའང་ཡིད་ལ་འཁོར་གྱིན་འདུག སྐབས་རེར་ཁྱིམ་གྱི་དོན་དག་ཕྲན་བུ་རེ་བཟའ་མི་གཞན་རྣམས་ལྷན་འཛོམས་ཀྱིས་ཐག་གིས་བཅད་ཟིན་པའང་། སྤོ་བོ་ལགས་ཀྱི་དགོངས་ཚུལ་ལ་མ་འཕྲོད་ཚེ་ཕ་ལགས་ཀྱིས་བསྐྱར་དུ་བཀོད་སྒྲིག་བྱེད་སྲིད། ངས་ཆུང་དུས་སྐབས་རེར་ཕ་ལགས་སྤོ་བོ་ལགས་ལ་དེ་འདྲ་སྐྲག་དོན་ཅི་ཡིན་ནམ་སྙམ་པ་བྱུང་མྱོང་མོད། ད་ལྟ་བསམས་ན། ཕ་ལགས་ཀྱིས་སྤོ་བོ་ལགས་ལ་བརྩི་བཀུར་ཆེན་པོ་བྱས་པ་ཞིག་ལས་དངོས་སུ་སྐྲག་པ་ག་ལ་ཡིན་ཨང་། དོན་དུ་ཕ་ལགས་ཀྱི་བྱེད་སྟངས་འདི་ནི་རང་གི་ཤ་ལས་ཆད་པའི་བུ་རྒྱུད་མེད་མཁན་ཞིག་ལ་བུ་གཡར་མ་ཞིག་གི་སེམས་གཤིས་བསྟན་པ་ཡིན་ངེས་པ་དང་། སྤོ་བོ་ལགས་ལ་སེམས་གསོའི་དྲིན་གསབ་བྱས་པ་ཞིག་ཀྱང་ཡིན་ངེས།

ཕ་ལགས་ལ་སྤུན་དང་མིང་སྲིང་གཞན་གང་ཡང་མེད་དེ། བུ་ཁེར་རྒྱུག་རྒྱུག་པ་ཁེར་ལེན་གྱིས་ཁྱིམ་ཚང་བསྐྱངས་འོངས་པ་རེད། དཔུང་དང་ཤེད་ལ་བརྟེན་ཏེ་ཁྱིམ་གཞིས་གཉེར་དགོས་པའི་དུས་རབས་གོང་མར་མཚོན་ན། སྤུན་དང་ཟླ་བོ་མེད་པར་ཤུགས་ཁེར་འདོན་གྱིས་ཁྱིམ་ཚང་བསྐྱང་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། ཡིན་ནའང་ཁོང་གིས་དེ་བཞིན་བསྐྱངས་ཡོང་བ་རེད་ལ། རང་གི་བདེན་པ་མཐར་སྐྱེལ་གྱིས་ཨུ་ཚུགས་དང་ཁོག་དཔུང་འདྲེས་མས་ཁྱིམ་ཐབས་བསྐྱངས་འོངས་པ་རེད།ངས་ཤེས་ཙམ་ནས་ཕ་ལགས་ཀྱིས་རྒྱུན་པར་སྡེ་བའི་ནང་དུདྲང་བདེནཞེས་པ་ཞིག་རྩོད་ཀྱིན་འདུག་ལ། རྩོད་ཀྱིན་རྩོད་ཀྱིན་སྡེ་བའི་ནང་གི་དཔུང་ཤེད་མཐུག་པའི་ཁྱིམ་རྒྱུད་ཁག་དང་འབྲེལ་བ་སྡུག་པོར་འགྱུར་གྱིན་པའང་ཚོར་ཡོང་། འོན་ཀྱང་ཁོང་གིས་ཆེས་མཇུག་མཐའི་མིག་ཟུང་བཙུམ་རག་བར་ལ་དེ་ལྟར་ལམ་སྲོལ་དང་རྩ་དོན་ཞིག་བསྐྱངས་ནས་ཡོང་ཞིང་། ངེད་ཅག་བུ་སྤུན་གཉིས་ལ་ཁྱིམ་སྲིད་སློབ་གསོ་གཏོང་དུས་ཀྱང་། རང་གི་ཚུགས་ཟིན་དགོས་པ་དང་རྩ་དོན་མཐའ་འཁྱོལ་དགོས་པའི་གནས་ལུགས་ངག་ནས་ནམ་ཡང་མི་འདོར། དེས་རྐྱེན་བྱས་པ་ལས་ཁོ་བོར་ཡང་དྲང་བདེན་དང་ཟོལ་མེད། ཚུགས་ཐུབ། སྨྲ་ཕོད་ལྟ་བུའི་ཕྱིས་སུ་གཟོད་ཚོར་བའི་ཁྱད་ཆོས་འགའ་རང་གཤིས་སུ་ཐོན་པར་སྤྲད་པ་རེད། ང་ལ་ཨུ་ཚུགས་ཅུང་ཟད་འདྲེས་ཤིང་བདེན་པ་མཐའ་འཁྱོལ་གྱི་སེམས་གཤིས་དེ་ཙམ་སྲིད་པའང་། དོན་ལ་ཕ་ལགས་ཀྱི་ལག་ལེན་དངོས་འབེབ་ཀྱི་སྲོལ་ཀ་ལས་བག་ཆགས་བསྒོས་པ་ཞིག་གོ།

ཕ་ལགས་ལ་རང་ངོས་ནས་སེམས་ཕམ་སྡུག་ཐུག་གི་སྐབས་མེད་མི་སྲིད་མོད། ངའི་དྲན་སྣང་གི་ཁོང་ནི་ནམ་ཡང་ལ་རྒྱ་འཆོར་མེད་ཀྱིས་བརྟན་གྱིག་གེར་འདུག་པ་ཞིག་ཡིན། དེར་བརྟེན་ཆུང་ངུའི་དུས་སུ་ཕ་ལགས་ཡོད་ཚེ་ཅི་ཡང་ཡོད་སྙམ་པ་བྱུང་ཞིང་།

ཕ་ལགས་ཡོད་ཚེ་མི་ནུས་པ་ཅི་ཞིག་མཆིས་བསམ་བཞིན་ཡོད། ངེད་ཚང་གི་ཆ་རྐྱེན་སྡེ་བའི་ནང་ཆེས་ཞན་ཤོས་སུ་ཆགས་ཡོད་ཀྱང་། ངེད་ཕུ་ནུ་མིང་སྲིང་ཚོར་གཞན་གྱི་མདུན་ནས་ངོ་སོ་ཙམ་ཡོད་པར་བྱ་ཕྱིར། ཁོང་གིས་ནམ་རྒྱུན་རྒྱབ་ཀྱི་གྱོན་ཆས་ནས་འཚོ་ཚིས་ཁ་ཟས་ཕན་ཆད་ལ་དོ་སྣང་བྱེད་ཅིང་། བརྙན་འཕྲིན་མ་གཏོགས། སྒྲ་སྡུད་འཁོར་ལོ་དང་སྒྲ་ཕབ་འཕྲུལ་ཆས་ཚང་མ་ཀུན་གྱི་སྔོན་མ་བྱས་ཏེ་ཉོས་པས་ལོངས་སུ་སྤྱོད་ཐུབ་པ་བྱུང་། ལྷག་པར་དུས་རྒྱུན་གྱི་འཚོ་བའི་ཐད་ནས་བརྗོད་ན། རང་ལ་ཅི་ཡོད་འཚོ་བའི་བེད་སྤྱོད་ཕྱོགས་ལ་གཏོང་རྐྱང་བྱེད་པས། ངའི་བྱིས་དུས་ནི་ཧ་ཅང་བག་ཡངས་དང་བདེ་སྐྱིད་ཀྱིས་ཕྱུག་ལ། མཚར་སྡུག་དང་སྤྲོ་སྣང་ལྡན་པའི་དུས་ཚིགས་ཤིག་ཏུ་ནམ་ཡང་འདོད་བཞིན་ཡོད།

ངས་ནམ་ཡང་བརྗེད་མེད་དུ་ཡོད་པ་ནི། ཕ་ལགས་ཀྱི་རྒྱབ་གཟུགས་ཏེ། དུས་ཡུན་རིང་བོར་ངལ་ལས་ཀྱི་རྐྱེན་པས། ཁོང་གི་གཟུགས་པོ་སྒུར་ཏེ་དྲང་མོར་བཅའ་མི་ཐུབ་ལ། དེ་འདྲའི་གཟུགས་པོར་བརྟེན་ནས་ཁྱིམ་མི་བཟའ་ཚང་བདུན་ཁ་སོས་པར་བསྐྱངས་པ་དེའོ། །ལྷག་པར་ནམ་ཡང་བརྗེད་དཀའ་བའི་རྒྱབ་གཟུགས་ཤིག་ནི། སྤྱི་ལོ1992ལོ་སྟེ། ང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དམའ་འབྲིང་སློབ་སྐོར་དུ་རྒྱུགས་འཕྲོད་དེ་འགྲོ་བའི་སྐབས་སུ། ཕ་ལགས་ཀྱིས་ཁོ་བོའི་བཅའ་དངོས་བསྡུ་སའི་ཤིང་སྒམ་ཞིག་ཆེད་དུ་བཟོས་ཏེ་རྒྱབ་ཏུ་ཁུར་ཅིང་། ངེད་གཉིས་རྐང་ཐང་གིས་ལེ་བར་བཅུ་ཕྲག་འགའི་རྫོང་མཁར་དུ་བསྐྱོད་པའི་རྣམ་པ་སྟེ། སྦྲུལ་ལྕེ་སྡེ་བའི་མར་ལམ་གྱི་རྡོ་ཟེགས་ལམ་བུ་བརྒྱུད་སྐབས། ང་ཅུང་ཟད་རྗེས་སུ་ལུས་པས་སྐབས་ཤིག་སྔོན་དུ་སྐྱོད་བཞིན་པའི་ཕ་ལགས་ལ་བལྟས་དུས། ཁོང་ནི་ཅུང་ཟད་འཐེང་བཞིན་སྒམ་འཁུར་ཏེ་འགྲོ་བ་ལ། རས་ལྷམ་ཁ་དཀར་རྐང་རྩེད་སྤོ་ལོའི་རིས་ཅན་ཞིག་ཡོད་པ་བཀྲུས་ནས་དཀར་བང་བང་གིས་གོན་འདུག་པའི་རྣམ་པ་དེ་རེད། སྐབས་དེར་ང་ལ་སེམས་ནས་སྨེང་རྒྱུ་ཞིག་གློ་བུར་ཐོན་ཞིང་མིག་ཆུའང་དབང་མེད་དུ་བཞུར་བྱུང་།

མིག་ཆུ་དེ་ནི་ཕ་ལགས་ཀྱི་ཆེད་དུ་ཐེངས་གཉིས་ལ་བཞུར་བའི་མིག་ཆུ་ལས་དང་པོ་དེ་ལགས་ཤིང་།

གཉིས་པ་ནི་པེ་ཅིན་དུ་སློབ་གཉེར་བྱེད་རིང་ཕ་ལགས་ཀྱི་འདས་བརྡ་ཐོས་པའི་སྐད་ཅིག་མའི་སྐབས་དེའོ།།

ངས་ཐེངས་འགར་ཕ་ལགས་ཀྱིས་གཞན་གྱི་མདུན་དུ་ང་ངོམ་སོ་བྱས་ཚུལ་ཐོས་མྱོང་ཞིང་། དེའང་གཞན་མ་ཡིན་པར། ང་སློབ་གྲྭ་འགྲིམས་ཚུན་ནས་སྐར་འབྲས་ཨང་དང་པོ་བླངས་བླངས་ལ་ཡོད་པས་སེམས་ཁུར་རྩ་བ་ནས་མེད་ཅེས་པ་དང་། ངས་དངུལ་སིལ་སྐར་མ་གང་ཙམ་ཡིན་ཡང་ཕྱིར་ཁྱིམ་ལ་ཁྱེར་ཡོང་ནས་མ་ལགས་ལ་སྤྲོད་རྐྱང་བྱེད་ཅེས་པ་དག་རེད། འོན་ཀྱང་ཕ་ལགས་ལ་གཞན་དང་མི་མཐུན་པའི་ལས་སྟངས་ཤིག་ཡོད་པ་ནི། ང་ཚོ་བྱིས་པ་དག་གི་ངོར་གཟས་ནས་བསྟོད་པ་གང་ཡང་མི་བྱེད་པ་དེའོ། །ངས་བསམ་ཤེས་པ་ནས་ཕ་ལགས་ཀྱིས་བསྟོད་སྨད་ཀྱི་ལས་སྟངས་རྫིག་པོ་དེ་དག་ཐད་ཀར་བཀོལ་བ་མི་དྲན་ཞིང་།

ཁོང་གིས་རང་གི་སར་རང་འཁྲིའི་ལས་ཀ་འདྲ་བོ་ཞིག་བསྒྲུབས་ནས་འདུག་པ་དེ་རེད། ད་ལྟ་བསམས་ན། དེ་ནི་ཁོང་གི་བྱིས་པ་གཉོར་ཐབས་རང་གཤིས་ཅན་ཞིག་སྟེ། རང་གི་ལག་ལེན་ལས་བྱིས་པ་དག་ལ་ལམ་སྟོན་ཅིང་མིག་སྤྲད་དེ་འགྲོ་ཚུགས་ཟིན་པར་བྱས་པ་ཞིག་ཡིན་ཚུལ་རྟོགས་ཡོང་། ཡིན་ནའང་ང་ལ་མཚོན་ན་དོན་འདིའི་ཕུགས་མ་རྟོགས་པར་ནར་སོན་པ་ཡིན་ལ། སྒྲུབ་སྟངས་འདིའི་གནས་ལུགས་མ་ཤེས་པར་ལག་ཆགས་པ་ཡིན་ཞིང་། ཁོང་གི་དམིགས་ཡུལ་འདིའི་མཐིལ་མ་རྟོགས་པར་འཚར་ལོངས་བྱུང་བ་རེད།

ངའི་དྲན་ངོགས་སུ་ཕ་ལགས་ནི་ད་དུང་སྙིང་ཆུང་སྡར་མ་ཞིག་ཀྱང་ཡིན་པ་དེ་རེད། ཅིའི་ཕྱིར་ཞེ་ན། ཁོང་གིས་རེ་འགར་ལེགས་པ་ཉེས་པར་བྱེད་པའི་དོན་རེ་བསྒྲུབས་ཏེ་རྨོ་མོ་ལགས་ལ་ཕོག་ཐུག་འདྲ་བཏང་བའི་རྗེས་སུ། རྨོ་མོ་ལགས་ནས་དབྱུག་པ་དང་ས་རྡོ་གང་ཡོད་བཟུང་ནས་ལེབ་རྡུང་བྱས་འགྲོ་ཞིང་།

ཁོང་ཡང་ཡར་འབྲོ་མར་གཞའ་དང་ཞུ་བ་ཡང་ཡང་འཐེན་མཁན་ཞིག་ཀྱང་ཡིན། ངས་ཕ་ལགས་འདི་འདྲའི་སྟོབས་ཆེན་པོ་ལ་རྨོ་མོར་སྐྲག་པ་ནི་སྙིང་ཆུང་ངོ་སྙམ་པའི་མོད་ལ། ཁོང་འཛུམ་ཤོར་ཏེ་ཁྲེལ་དགོད་བྱས་པའང་དྲན་གྱིན་འདུག ངས་ཤེས་པ་ནི། ཕ་ལགས་ལ་སྐྲག་ས་གཉིས་ཡོད་དེ། གཅིག་ནི་སྤོ་བོ་ལགས་དང་ཅིག་ཤོས་ནི་རྨོ་མོ་ལགས་ཡིན་ཞིང་།

ཁོང་གཉིས་ནས་དོན་མེད་སྡང་སྡིག་བསྟན་པ་མེད་ཀྱང་། ཕ་ལགས་ནི་ཁོང་གཉིས་ཀྱི་སར་ནར་མ་སོན་པའི་བྱིས་པ་ཞིག་དང་མཚུངས་པར་ནམ་ཡང་འཛེམ་དོགས་ཀྱིས་འདུག་པ་ཡིན།

ཕ་ལགས་ཀྱིས་རྒྱུན་པར་སློབ་གསོ་གཏོང་སྟངས་ཤིག་ལ། སྒྲུབ་ནུས་ན་དོན་ཅི་ཡང་བསྒྲུབ་དགོས་ཤིང་འགྲིམ་ཆོག་ཕྱིན་སློབ་གྲྭ་ཡོད་ཚད་འགྲིམ་དགོས་ཏེ། སློབ་སྦྱོང་གི་དུས་རིམ་ནང་གོམ་ཁ་གཏན་ནས་ལྷོད་མི་རུང་ཞེས་པ་དེའོ། །དེའི་རྐྱེན་གྱིས་ཁོ་བོ་རིམ་པ་རིམ་པའི་སློབ་རིམ་ལྡབ་འཕར་གྱིས་འགྲིམས་ཡོང་བ་ཡིན་ལ། ཁོ་བོའི་ཡར་བརྩོན་གྱི་སྙིང་སྟོབས་ལ་སྐུལ་མའི་རྐྱེན་འདྲེས་པ་ཡོད་ཚད་ཀྱང་། ཕ་ལགས་ཀྱི་གཞལ་མེད་བཀའ་དྲིན་དེས་སོ།།

ཕ་ལགས་ནི་ང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སློབ་གཉེར་ལ་ཕྱིན་ནས་ཅང་མ་འགོར་བའི་སྐབས་སུ་ཞིང་གཞན་དུ་གཤེགས་པ་ཡིན་ཞིང་། ཁོ་བོའི་གྲུབ་འབྲས་ཀྱི་བཤུལ་ལམ་གསལ་བོར་མ་མཐོང་བའི་སྔོན་ལ་ང་དང་གཏན་བྲལ་བྱུང་བ་རེད། ང་ལ་ནམ་རྒྱུན་འགྱོད་སྣང་ངམ་ཕངས་སེམས་ཆེས་ཆེ་བ་འབྱུང་གིན་པ་ནི། ཕ་ལགས་ཀྱིས་ངའི་དེ་རིང་གི་སྣང་ཚུལ་མིག་གིས་མཐོང་མ་ཐུབ་པ་དེ་ཡིན་ལ། ངའི་ལམ་ཁར་ཅུང་གཏན་འཇགས་ཀྱི་ཁང་མིག་ཕུབ་སྟེ་རྒྱུན་འཇགས་པའི་སྐབས་སུ། ཁོང་ལ་ངའི་གཏམ་རྒྱུད་བརྗོད་པའི་སྐལ་བ་མ་བྱུང་བ་དེ་རེད། ལྷག་པར་ང་ལོ་ན་སོན་ཏེ་གཉེན་བསྒྲིགས་ཀྱི་སྟོན་མོའི་ཆོ་གའི་སྐབས་སུ་སྐྱེད་མ་གཅིག་པུས་ཕ་མ་གཉིས་ཀའི་དོད་བྱེད་པའི་དུས་དེར། ཕ་ལགས་ཀྱི་སྣང་བརྙན་མིག་ལམ་དུ་འཆར་འཆར་ལ་བསྡད་ཅིང་། ཕ་ལགས་དངོས་སུ་ཕེབས་ཏེ་བཀོད་སྒྲིག་ལམ་སྟོན་བྱེད་ཀྱིན་པའི་སྣང་བརྙན་རྟོག་བཟོ་ལན་འགར་བྱས། ཕ་ལགས་ཡོད་ན་ཅི་འདྲའི་དགའ་ཞིང་སྤྲོ་བ་ལའང་སྙམ་པ་ནི། ང་གཅིག་པུའི་སེམས་ངོགས་ཁོ་ནར་གསལ་ཏེ། ང་ཁོ་ནར་དབང་བའི་ཕྱིར་དྲན་གྱི་བསམ་གཞིག་ཁ་དོག་ཅན་དེའོ། །དེ་མིན། འཁྲིས་ཀྱི་གྲོགས་དང་གྲོགས་མོ་དག་གིས་རང་ཐག་མི་ཆོད་པའི་དོན་རྣམས་ཕ་དང་མ་ལ་བློ་འདྲི་བ་མཐོང་ཐེངས་རེར། ཅི་འདྲའི་ལས་བསོད་བཟང་བ་ལའང་སྙམ་པའི་བློ་ནར་མར་སྐྱེས་འོངས་ལ། དེ་དང་བསྟུན་ནས་རང་ཉིད་ནི་ཅི་འདྲའི་ལས་བསོད་དམན་པ་ཞིག་ཨང་སྙམ་པའི་སྐྱོ་ཡུས་ཀྱང་ཐེངས་གཅིག་མིན་པར་ལན་དུ་མར་བྱུང་།

དེ་རིང་ཕ་ལགས་དྲན་པའི་གདུང་བ་ཨེན་ཙམ་དྲན་པའི་སྒོ་མོ་ཕྱེ་སྟེ་ཡིག་ཐོག་ཏུ་བཀོད་པ་ཡིན་ཞིང་།

དེའང་རང་ལ་ཐོབ་ཟིན་པ་ཀུན་པོར་གཅེས་སྤྲས་ལས་བསོད་ལྡན་པར་རྟོགས་ན་རབ་བོ་སྙམ་པ་ཙམ་ཡིན། ཕ་ལགས་ཀྱིས་ཞིང་གཞན་དུ་ཁོ་བོའི་འགྲོ་འདུག་གྲུབ་འབྲས་ཐམས་ཅད་ལ་སྤྱན་གྱིས་བཙས་ཡོད་པའི་སྨོན་ལམ་འདེབས། གལ་ཏེ་བྱས་པ་ཡོད་ཚད་ལ་རྒྱུ་ཚོགས་ཨེན་ཙམ་ཡོད་ན་ནི། སླར་ཡང་ཕ་སྲི་ཐར་ལགས་དང་ཕ་བུའི་འབྲེལ་བ་འབྱུང་བའི་གསོས་སུ་བཏབ་པ་ལགས།

ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་པ་པད་མ་དབང་ཆེན་ཡིན།)


རྩོམ་ཡིག་སྔོན་མ།
ཁྱོད་དྲན་ཚུལ།
རྩོམ་ཡིག་རྗེས་མ།
རང་ཉིད་འཚོལ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1