ནང་དོན་གནད་བསྡུས། དཔྱད་བརྗོད་འདིར་སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”ཁ་ཤས་གཙོ་བོར་བཟུང་སྟེ། སྒྲུང་གཏམ་གྱི་མི་སྣའི་མིང་འདོགས་ཚུལ་ནས་སྒྲིག་གཞི་དང་བརྗོད་གཞི། བརྡ་སྤྲོད་ཀྱི་སྐད་ཆ། མི་སྣ་དང་སྤྲོས་བརྗོད་བཅས་བར་དུ་བྱེ་བྲག་གི་སྒོ་ནས་དབྱེ་ཞིབ་བྱས་ཏེ་སྒྲུང་གཏམ་གྱི་ལེགས་ཆ་དང་ཞན་ཆ་སྦྲགས་མའི་ལམ་ནས་དྲང་བོར་བརྗོད་ཡོད།
བརྡ་ཆད་གཙོ་བོ། “ཁྱིའི་སྒྲུང་གཏམ།” རྟོག་བཟོ། ཁྱི་གཤིས། མཐོང་སྣེ། སྐད་ཆ།
སྤྱི་བཤད།
ཕྱིར་རྟོག་ཅིག་བྱས་ན། བོད་ཀྱི་དེང་རབས་རྩོམ་རིག་ཀྱང་འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་རྩོམ་རིག་དག་དང་འདྲ་བར་བཞུར་རྒྱུན་དྲག་ཅིང་རླབས་ཁ་མཐོ་ལ། གསོན་ཤུགས་རབ་ཏུ་བརྟས་པའི་རིག་ཚན་རྣལ་མ་ཞིག་ཏུ་ཆགས་འདུག དེ་ཡང་དུས་སྐབས་གསར་བའི་ཚུན་གྱི་བོད་ཀྱི་སྒྲུང་གཏམ་གྱི་ཐད་དུ། རང་རེའི་རྩོམ་པ་པོ་ཇི་སྙེད་ཅིག་གིས་སེམས་ཅན་ཁྱི་དེ་ཉིད་དོན་དངོས་དང་ཡང་ན་འཆར་ཡན་གྱི་ཐད་ཀའི་ས་བོན་དུ་བདམས་ཤིང་། ཁྱིའི་ལས་དབང་གི་བྱེ་བྲག་རང་བཞིན་དང་། ཁྱི་དང་མི་ཡི་དངོས་ཡོད་འབྲེལ་བ་གང་ཞིག་རང་གི་དོ་ཁུར་གྱི་གནད་ས་དང་མཛེས་རྟོག་གི་སྙིང་བོར་བཟུང་ནས། ཁྱིའི་སྣང་བརྙན་སྣ་ཚོགས་ལས་འཚོ་བའི་ངོ་བོ་ལ་འཚོལ་རྟོག་ཕུན་སུམ་ཚོགས་པ་གནང་ཡོད་པ་སྟེ། ཏག་ཏག《 སྦྲང་ཆར》ཁོ་ན་ཡི་ངོས་ནས་བཤད་ནའང《ཁྱི་མོ་བདེ་སྐྱིད》 དང《 བདག་དང་ཁྱི་གུ》 《 མི་དང་ཁྱི》 《 བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ》 《 ཁྱི་ལུས་སུ་ཞུགས་པའི་རྣམ་ཤེས》སོགས་མང་དུ་སྤེལ་འདུག་ལ། རྩོམ་གྱི་གྲངས་འབོར་དང་སྤུས་ཚད། བརྗོད་བྱ་དང་མཚོན་ཐབས་སོགས་ཀྱི་ཆ་ནས་བལྟས་ན། གཡུར་དུ་ཟ་བའི་གྲུབ་འབྲས་ལྷུར་ལེན་མཁན་ནི་སྟག་འབུམ་རྒྱལ་ཡིན་པ་ངོ་སོ་བསྟད་ཆོག་གོ།
སྟབས་བདེའི་སྒོ་ནས་གཞིགས་ན། སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”གྱི་གསར་རྩོམ་རྣམ་པ་ལ་རིགས་གཉིས་སུ་དབྱེ་ཆོག་སྟེ། རིགས་གཅིག་ནི་དོན་དངོས་སམ་དངོས་འབྲེལ་གྱི་ཉམས་མྱོང་བརྗོད་དོན་དུ་བྱས་པའི་དངོས་བྲིས་རང་བཞིན་ཅན་ཏེ། དཔེར་ན། 《 རྨི་ལམ་ཁྲོད་ཀྱི་ཁྱི་མོ》 དང《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ལྟ་བུ་དང་། ཅིག་ཤོས་ནི་སྟོང་བསམ་མམ་འཆར་ཡན་བརྗོད་བྱར་བཟུང་བའི་རྟོག་བཟོ་རང་བཞིན་ཅན་ལ་གཏོགས་པ་སྟེ། དཔེར་ན། 《 ཧཱ་པ་གསོས་པའི་ཟིན་བྲིས》དང《ཁྱི་མོ་བདེ་སྐྱིད》ལྟ་བུ་རེད།
སྤྱིར་དངོས་བྲིས་རང་བཞིན་དང་རྟོག་བཟོ་རང་བཞིན་ནི་ཕན་ཚུན་འབྲེལ་བ་ཡོད་ལ་ཁྱད་པར་ཡང་མཆིས་ཏེ། སྒྲུང་གཏམ་གསར་རྩོམ་གྱི་འཕེལ་རིམ་ངོས་ནས་བལྟས་ཚེ། དངོས་བྲིས་རང་བཞིན་ནི་རྨང་གཞི་ཡིན་པའི་དབང་དུ་བཏང་ན། རྟོག་བཟོའི་རང་བཞིན་ནི་དེའི་འཕེལ་རྒྱས་ཀྱི་རྣམ་པའི་ཚུལ་དུ་སྣང་། སྟག་འབུམ་རྒྱལ་གྱི་མིག་སྔའི་གྲུབ་འབྲས་ལ་གཞིགས་ཚེ། ཕྱོགས་དེ་གཉིས་ཀའི་ཆ་ནས་སྲོལ་རྒྱུན་གྱི་སྲོག་ཆགས་སྒྲུང་གཏམ་དང་གབ་སྒྲུང(寓言故事)ལས་ཐོད་བརྒལ་ཆེས་ཆེར་བྱུང་འདུག་པ་ཚོར་ཐུབ། ཁོང་གི་དངོས་བྲིས་རང་བཞིན་ཅན་གྱི་སྒྲུང་གཏམ་དང་རྟོག་བཟོ་རང་བཞིན་ཅན་གྱི་སྒྲུང་གཏམ་གྱི་བར་མཚམས་དང་ཁྱད་པར་ནི་ཤིན་ཏུ་གསལ་བོ་ཡིན་ཞིང་། དེ་ལས་དངོས་བྲིས་རང་བཞིན་ཅན་གྱི་སྒྲུང་གཏམ་དག་ལ་མཚོན་ན། དངོས་ཡོད་རང་བཞིན་གྱི་གསར་རྩོམ་མཚོན་ཐབས་སྤྱད་དེ། ཕྱོགས་གཅིག་ནས་ཁྱི་དེ་སྒྲུང་གཏམ་ནང་དུའང་སྔར་བཞིན་ཁྱིའི་གོ་གནས་སུ་བསྐྱུར་ནས“ཁྱི་གཤིས”ངོ་མ་དེ་ཇི་མ་ཇི་བཞིན་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པའི་སྒོ་ནས་མཚོན་པར་བྱས་ཡོད་པ། དཔེར་ན། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པའི་ནང་གི་ཁྱི་གུ་རྣམས་དང་། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》གི་ཁྲོད་ཀྱི་ཁྱི་མོ་དམར་མོ་ལྟ་བུ་ཡིན། ཁྱི་དེ་དག་ལ་རང་གཤིས་སུ་མངའ་བའི་ཁྱད་ཆོས་ཏེ། ལུག་ཁྱུ་སྲུང་བ་དང་སྤྱང་ཀི་དང་དམར་འཛིང་བྱེད་པ། བདག་པོ་ལ་དགའ་ཞིང་བརྩེ་བ་སོགས་ཀྱི་ནུས་རྩལ་ལས་གཞན། མཆེ་བ་གཙིགས་པ་དང་སོ་འདེབས་པ། རྐང་ལག་ཀུམ་པོར་སྡོད་པ། མིག་ཆུ་གཏོང་བ་སོགས་ལྷན་སྐྱེས་ཀྱི་ལུས་པོའི་འགུལ་སྐྱོད་ཙམ་ལས།“ཁྱི་གཤིས”ལས་འདས་པའི་ལུས་ཀྱི་བྱ་བྱེད་དང“སེམས་པའི”དྲན་ཕྱོགས་བློ་ཡུལ་ལས་འདས་པ་གང་ཞིག་ཀྱང་འཕྱོར་འབྲི་བྱ་རྒྱུ་མེད། ཕྱོགས་གཞན་ཞིག་ནས་ཁྱིའི་མྱོང་བརྒྱུད་དང་བར་ཆད་ལ་སོགས་ཞིབ་འབྲི་དང་སྤྲོས་བརྗོད་བྱས་ཏེ། ཁྱི་ཁོ་ན་དང་ཡང་ན་ཁྱི་དང་མི་ཡི་འབྲེལ་འདྲིས་དེ་བྱུང་རིམ་དང་གཏམ་རྒྱུད་སྣ་ཚོགས་ཀྱི་ངོས་སུ་སྤེལ་ཡོད་ཅིང་། བྱུང་རིམ་དང་གཏམ་རྒྱུད་དག་གི་ཤུགས་
བསྟན་གྱི་བརྗོད་སྙིང་ཐམས་ཅད་གབ་སྦས་ཆེན་པོ་བྱས་མེད་པར། སྔར་བཞིན་བྱུང་རིམ་རང་སྟེང་དང་གཏམ་རྒྱུད་རང་ངོས་སུ་བཀྲམ་ཡོད་ལ། དོན་སྙིང་དེའི་དངོས་ཡོད་རང་བཞིན་དང་གཟུར་གནས་རང་བཞིན(客观性)ནི་རྩོམ་པ་པོས་བཙན་སྦྱོར་བྱས་པ་ཞིག་མ་ཡིན་པར། སྒྲུང་གཏམ་གྱི་མགོ་ནས་མཇུག་བར་དུ་སིམ་པར་བྱས་ནས་འདུག་སྟེ། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཅེས་པའི་ནང་དུ། དཀོན་ཐོའི་ཞང་པོ་བློ་རྒྱམ་ལ“ཁྱི་གསོད་ལས་འགུལ”གྱི་ཁྲོད་དུ་ཁྱི་མོ་དམར་མོའི་དབང་གིས“གསར་བརྗེར་ངོ་རྒོལ་པ”ཡི་ཞྭ་མོ་བསྐོན་ཅིང་ཉིན་འགར་འཐབ་རྩོད་བྱས་པ་དང་། སྒོ་ཁའི་ལུག་ཁྱུ་ཕྱིར་བླངས་ཏེ་ཐོན་སྐྱེད་རུ་ཁག་གི་རྟ་རྫི་བྱེད་དུ་བཅུག་ཅིང་། འཇིགས་མེད་ཀྱི་བུ་མོའི་ལག་གི་ཧཱ་པ་ཕྲོགས་ཏེ་མདེའུ་གཅིག་གིས་བསད་དེ་བུ་མོ་སྨྱོས་པར་བྱས་པ་དང་། དཀོན་ཐོའི་ཕ་རྒན་གྱིས་མི་འདོད་བཞིན་དུ་ཁྱི་ཤ་ཟོས་ཏེ་མཐའ་མར་དེ་ཉིད་རྐྱེན་བྱས་ནས་དབུགས་ཀྱི་རྒྱུ་བ་ཆད་པར་གྱུར་པ་སོགས་ཀྱི་བྱུང་རིམ་དང་གཏམ་རྒྱུད་དེ་དག་གིས་མ་གཞི་ནས“གཡོན་ལྷུང”གི་ཆབ་སྲིད་ལམ་ཕྱོགས་ཀྱིས་མི་རྣམས་ལ་བསྐྱེད་པའི་ཆག་སྒོ་དང་སྡུག་བསྔལ་ཚུར་སྣང་བྱས་ཡོད་ལ། དེར་བསྟུན་ནས“གཡོན་ལྷུང”གི་ལམ་ཕྱོགས་ཀྱི་ནག་ཉེས་ཀྱང་ཐེར་འདོན་བཏང་ཡོད་པ་རེད། དེ་བས་བརྩམས་ཆོས་ཀྱི་བསམ་བློའི་སྙིང་བོ་དང་སྙིང་སྟོབས་ཀྱི་དམིགས་ས་ནི་དངོས་ཡོད་རང་བཞིན་གྱི་དོན་སྙིང་ཁོ་ནའི་ངོས་ནས་འཛུར་མེད་པ་དང་། དེ་བཞིན་རྩོམ་པ་པོའི་རང་མཚན་གྱི་ལྟ་བ་དང་མཚན་ཉིད་རིག་པའི་འདུ་ཤེས་ཀྱང་གཏིང་ཟབ་ཀྱིས་མཚོན་འདུག
གཞན་རྟོག་བཟོ་རང་བཞིན་ཅན་གྱི་སྒྲུང་གཏམ《སྒོ་ཁྱི》 ནི་གོང་གི་སྒྲུང་གཏམ་དེ་གཉིས་དང་ཅུང་མི་འདྲ་བར། རྣམ་པའི་སྟེང་དུ་ཁྱི་ཉིད་སྒྲུང་གཏམ་གྱི“གཙོ་འཁྲབ་པར”བྱས་ཡོད་ནའང་། བརྩམས་
ཆོས་ཀྱི་ནང་གནས་ཀྱི་སྦས་དོན་དང་གསར་རྩོམ་གྱི་བརྗོད་སྙིང་ནི་ཁྱི་རང་སྟེང་ན་མེད་པར་མི་དང་སྤྱི་ཚོགས། དངོས་ཡོད་སོགས་ཀྱི་སྟེང་དུ་ཁྱབ་པར་བཀོད་འདུག གསལ་བོར་བཤད་ན། རྩོམ་པ་པོས“ཁྱི་ཡི་མཐོང་སྣེ”སྤྱད་དེ་ཁྱི་ཡི་མཐོང་ཐོས་མྱོང་གསུམ་དང་འགུལ་སྐྱོད་མཐའ་དག་སྒྲུང་གཏམ་གྱི་གཙོ་སྐུད་དུ་དྲངས་ཏེ། མི་དང་བྱ་བ། སྤྱི་ཚོགས་དང་དངོས་ཡོད་བཅས་གཞི་གཅིག་ཏུ་སྦྲེལ་པ་སྟེ། སྒོ་ཁྱིས་རང་ཁྱིམ་དུ་ཡོང་བའི“མི་དབང་ཆེན”དང་བཙུན་པ་སོགས་ཀྱིས་ཐབས་སྣ་ཚོགས་ཀྱིས་ཁྱིམ་ནས་ཤ་བཟན་ལ་སོགས་དངོས་པོ་འབོར་ཆེན་འཁྱེར་བ་ལ་བདེན་ཁའི“འཐབ་རྩོད”བྱས་ཏེ། མཇུག་མཐར་རང་གི་ཚེ་སྲོག་བདག་པོའི་ལག་ཏུ་ཤོར་པའི་སྐྱོ་གར་བརྒྱུད་དེ།“མི་གཤིས”དང“ཁྱི་གཤིས”གཉིས་ཀྱི་ངོ་བོ་གཤིབ་བསྡུར་བཏང་བ་དང་། མི་དང་ཁྱི་ཡི་འགལ་འདུ་དང་འཐབ་རྩོད་མཚོན་པར་བྱས་པར་མ་ཟད།“ཁྱི”ཡི་གོ་གནས་དེ་དྲང་ཕྱོགས་ཀྱི་བདེན་པའི་ཚད་མཐོན་པོ་ཞིག་ཏུ་བཏེགས་ནས། མི་ལ་སྐྱོན་བརྗོད་དང་ཁ་ཚོན། ཟུར་ཟ་གཏོང་བའི་དགོས་ངེས་རང་བཞིན་དང་དམིགས་ཡུལ་ཡོངས་སུ་འགྲུབ་པར་བྱས་ལ། དེ་བཞིན་དུ་སྒྲུང་གཏམ《ཁྱི་མོ་བདེ་སྐྱིད》
དང《ཧཱ་པ་གསོས་པའི་ཟིན་བྲིས》གཉིས་ལས། སྔ་མས་ཁྱི་དང་མི་གཉིས་ཀྱི་ལབ་གླེང་དང་འབྲེལ་འདྲིས་ཀྱི་བྱུང་རིམ་ལ་བརྟེན་ནས“ཁྱི་ཡིས་མི་ལ་ལྟ་བའི”མཐོང་སྣེ་སྤྱད་དེ།“ཁྱི”ཡིས་འཇིག་རྟེན་གྱི་བདག་པོར་གྱུར་པའི་མིའི་རིགས་ཀྱི་ཀུན་སྤྱོད་དང་ཤེས་རྟོགས་ལ་དཔྱད་འཇོག་གནང་བ་དང་། ཕྱི་མས“མི་ཡིས་ཁྱི་ལ་ལྟ་བའི”མཐོང་སྣེ་སྤྱད་དེ་མི་ཡིས་རང་ཉིད་ཀྱི་ཀུན་སྤྱོད་ཀྱི་རིན་ཐང་ལྟ་བ་ཚད་གཞིར་བཟུང་ནས“ཁྱི་གཤིས”ལ་བརྡར་ཤ་བཅད་ཡོད་པས། བརྩམས་ཆོས་ལ་སྔར་ལས་ལྷག་པའི་སྒོ་ནས་མཛེས་རྟོག་གི་ཚོར་སྣང་དང་སྒྱུ་རྩལ་གྱི་བཀྲག་མདངས་བསྣན་པ་དང་། རྩོམ་རིག་གི་དོན་སྙིང་དང་རིན་ཐང་གསར་བ་ཞིག་ཀྱང་འཛོམས་པར་བྱས་ཡོད་པ་རེད།
“རྩོམ་རིག་ནི་མིའི་རིག་པ་ཞིག་ཡིན”ན། ཁྱི་འབྲི་བ་ནི་གཞོགས་ངོས་གཞན་ཞིག་ནས་མི་མཚོན་པར་བྱེད་པ་དང་། དུས་མཚུངས་སུ་མི་ལ་རྟོག་འཇུག་བྱེད་པ་ཞིག་ཡིན་པས། ཀློག་པ་པོས་སྒྲུང་གཏམ་ཁྲོད་ཀྱི་ཁྱིའི་ལུས་སྟེང་ནས་མི་ལ་རྟོག་འཕྲོ་བྱེད་ཐུབ་པར་མ་ཟད། སྒྲུང་གཏམ་གྱི་བསམ་བློ་གཏིང་ཟབ་མོ་མྱོང་བ་དང་མི་ཆོས་ཀུན་སྤྱོད་རྣལ་མ་ཞིག་བློ་སྦྱོང་བྱེད་པར་དགེ་མཚན་མི་དམན་པ་འདོན་སྤེལ་བགྱི་ཐུབ། གནད་དེའི་ཆ་ནས་བལྟས་ན། སྟག་འབུམ་རྒྱལ་གྱིས“ཁྱིའི་སྤྲོས་བརྗོད”ལྷུར་ལེན་པའི་གསར་རྩོམ་གྱི་དོན་སྙིང་དང་དོན་དངོས་ཀྱི་འགན་འཁྲི་ཡང་བླ་ན་མེད་པ་ཞིག་བཏེགས་འདུག་པ་མངོན་གསལ་དུ་མཐོང་ནུས།
གོང་སྨོས་ནི་སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”ཁྲོད་ཀྱི་ཁྱི་ཡི་སྣང་བརྙན་སྐོར་ལ་དབྱེ་ཞིབ་ཅུང་ཟད་བྱས་ཏེ། ཁོང་གི་བརྩམས་ཆོས་ཀྱི་ལེགས་ཆ་སྤྱིར་བསྟན་པ་ཡིན་ལ། བྱེ་བྲག་གི་ཆ་ནས་ད་དུང་དེ་ལས་ལྷག་པའི་ཡོན་ཏན་དང་ཡང་ན་ཞན་ཆ་དང་མི་འདང་ས་འགའ་རེ་ངོས་འཛིན་རྒྱུ་ཡོད་པར་འདོད་པས། འདིར་དྲང་བོའི་ངག་གི་ལམ་ནས་སྤྲོ་བར་བྱ་བ་ལ།
གཅིག 《 མི“རྒྱ་བྷ”ཁྱི“རྒྱ་བྷ”》 དང《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》 《 ཁྱི་
ལྡོམ》སོགས་ཁྲོད་ཀྱི་མི་སྣའི་
མིང་འདོགས་ཚུལ།
གོང་དུ་གླེངས་ཟིན་པ་ལྟར། སྟག་འབུམ་རྒྱལ་གྱིས་སྒྲུང་གཏམ་མང་བོར་ཁྱི་འབྲི་བའི་དམིགས་ཡུལ་ནི་དོན་དངོས་སུ་མི་ཡི་སྟེང་དུ་གཞོལ་བ་སྟེ། མི་གསལ་བཤད་དང་ཚུར་སྣང་བྱེད་པའི་ཆེད་དུ“ཁྱི”བེད་སྤྱོད་བཏང་བ་ཉག་ཅིག་ཡིན། དེས་ན་སྒྲུང་གཏམ་དུ“ཁྱི”གཡར་ཏེ་ཁྱིའི་བདག་པོའི་སྐྱོ་སྡུག་གི་གནས་བབ་དང་འབྲོག་ཁུལ་གྱི་ཉམ་ཆག་གི་འཚོ་བ་མཚོན་ཐབས་བྱེད་པ་ནི་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་བརྗོད་བྱ་གཙོ་བོ་ཡིན་ལ།“ཁྱི”དེ་མི་སྣ་གཙོ་བོའམ་ཕལ་བར་བཞེངས་ཏེ། ཁྱི་ཡི་གཏམ་རྒྱུད་སྣ་ཚོགས་ལ་བརྟེན་ནས་རྩོམ་པ་པོའི་ཚེ་སྲོག་གི་ཤེས་རྟོགས་དང་འཚོ་བའི་ཉམས་མྱོང་བརྒྱུད་སྤེལ་བྱེད་པ་ནི་ཁོང་གི་རྩོམ་འབྲིའི་འགན་འཁྲི་ཞིག་ཏུ་གྲུབ་འདུག སྒྲུང་གཏམ་གྱི་མི་སྣ་གཙོ་བོ་དང་ཕལ་བ་ནི་མི་དང་ཁྱི་གང་ཞིག་ཡིན་ཡང་། དེ་ལ་དགོས་ངེས་ཀྱི་མིང་འདོགས་པ་ནི་མི་སྣ་གསར་བཞེང་གི་ཐབས་ཤེས་འགངས་ཆེན་ཞིག་ཡིན་ཞིང་། སྒྲུང་གཏམ་པར་མཚོན་ན་ཧ་ཅང་དོན་སྙིང་ལྡན་པའི་ལས་ཀ་གལ་ཆེན་ཞིག་ཀྱང་རེད། ཇི་སྐད་དུ“མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར”ཟེར་བ་བཞིན། སྒྲུང་གཏམ་གྱི་མི་སྣར་མིང་འདོགས་པ་ཡང་འཇིག་རྟེན་གྱི་བྱ་དངོས་གསར་བ་གང་ཞིག་ལ་མིང་འདོགས་པའི་གནས་ལུགས་དང་ཀུན་ནས་མཚུངས། སྒྲུང་གཏམ་གྱི་མི་སྣའི་མིང་འདོགས་ལེགས་གྲུབ་བྱུང་ན། ཀློག་པ་པོར་མི་སྣའི་གཤིས་ཀ་དང་ལས་དབང་ལ་རྒྱུས་ལོན་ཡོང་བར་རམ་འདེགས་བཟང་བོ་བྱེད་ཐུབ་ལ། མཛེས་ཚོར་དང་སྣང་བརྙན་གྱི་ལམ་ནས་ཀློག་པ་པོའི་མྱོང་རོལ་ལ་དངོས་སྣང་གི་བྲོ་བ་ཁྱད་པར་བ་སྟེར་ཐུབ། དེར་བརྟེན། ཨ་མེ་རི་ཁའི་རྩོམ་རིག་དཔྱད་བརྗོད་པ་ལི་ཨང.སའེ་སྨི་ལི་ཨན(利昂.塞米利安)གྱིས《དེང་རབས་སྒྲུང་གཏམ་གྱི་མཛེས་རིག》ཅེས་པའི་ནང་།“སྤྱིར་བཏང་དུ་བཤད་ན། མི་སྣ་གསར་བཞེང་གི་གོ་རིམ་དང་པོ་ནི་མི་སྣར་མིང་གདགས་རྒྱུ་དེ་རེད། ང་ཚོས་ཞིབ་ཕྲའི་སྒོ་ནས་མིང་དང་འབྲེལ་བའི་སེམས་ཁམས་རིག་པ་ལ་གྲོས་སྡུར་བྱེད་པའི་དགོས་པ་མེད་མོད། འོན་ཀྱང་། སྒྲུང་གཏམ་ཁྲོད་དུ་མི་སྣར་མིང་འདོགས་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན”ཞེས་དང་། དེ་བཞིན་དུ་ཝེ་ལེ་ཁོ(韦勒克)ཡིས་ཀྱང《རྩོམ་རིག་གཞུང་ལུགས》ཞེས་པར“མི་སྣ་གསར་བཞེང་གི་ཆེས་སྟབས་བདེའི་བྱེད་ཐབས་ནི་མི་སྣར་མིང་གདགས་རྒྱུ་དེ་ཡིན་ལ། འབོད་མིང་དེ་རེ་རེས་མི་སྣ་དེ་གྲུང་ཤ་དོད་ཅིང་གསོན་ཉམས་ལྡན་པ། སྒེར་གཤིས་འཛོམས་པ་ཞིག་ཏུ་བསྒྱུར་ཐུབ་པར”གསུངས།
སྟག་འབུམ་རྒྱལ་ནི་སྒྲུང་གཏམ་གྱི་མི་སྣར་མིང་འདོགས་པར་བསམ་གཞིག་གི་རྩོལ་བ་སྐྱེད་མཁན་དང་། མི་སྣའི་མིང་འདོགས་ཀྱི་སྒྱུ་རྩལ་གྱི་སྟེང་དུ་གསར་རྩོམ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ལེན་མཁན་ཞིག་ཀྱང་རེད། ཁོང་གི《 ངོ》 ཞེས་པའི་སྒྲུང་གཏམ་ནང་གི་མི་སྣ་སྟེ། ཅུས་ཀྲང་ལ“ཅུས་ཀྲང་ན་རོ”དང་། རྫོང་དཔོན་ལ“རྫོང་དཔོན་གི་གུ།”ཁ་ལོ་པ་ལ“ཁ་ལོ་པ་འགྲེང་བུ།”དྲུང་ཡིག་ལ“དྲུང་ཡིག་ཞབས་ཀྱུ”ཞེས་བཏགས་པ་སོགས་ལ་ཟུར་ཟའི་ནང་དོན་འདུས་ཀྱང་། འཚོ་བའི་རོ་བཅུད་མི་འཛོམས་ཤིང་བདེན་སྣང་གི་བྲོ་བ་ཤོར་པས་ཀློག་པ་པོར་སྤྲོ་བ་བསྐྱེད་མི་ཐུབ་ནའང་། སྒྲུང་གཏམ《ཉི་མ་ནུབ་རིར་ཡོལ་དུས》ནང་
གི“གནའ་བཤད་ཨ་མ”དང《སྡེ་དཔོན》ཁྲོད་ཀྱི“མི་སྤྱང་།”《 ནག་ཞར་སྡེ་བའི་གཏམ་རྒྱུད》ནང་གི“ཡི་དམ་ནག་འདུས།”《 མི་རབས་གསུམ་གྱི་རྨི་ལམ》ཁྲོད་ཀྱི“གུར་མགོན་ལྷ་ཡག”སོགས་ནི་ཀུན་གྱི་མིག་ལམ་ནས་ནམ་ཡང་ཡལ་ཐབས་མེད་པའི་དཔེ་མཚོན་ཅན་གྱི་མི་སྣ་རུ་བགྲང་གིན་ཡོད་ལ། མི་སྣ་དེ་དག་གི་མིང་སོ་སོ་ནི་རང་སྣང་གང་ཤར་གྱིས་བཏགས་པ་ཞིག་མིན་པར། ཚང་མར་གནས་ལུགས་དང་རྒྱུ་མཚན་རེ་འདྲེན་རྒྱུ་ཡོད་པར་མ་ཟད། སྒྱུ་རྩལ་གྱི་འགུག་ཤུགས་ལྡན་ཞིང་རྟོག་བཏགས་ཀྱི་དོན་སྙིང་ཡང་ཕུན་སུམ་ཚོགས་པ་ལྡན་པ་ཞིག་རེད།
སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”རེ་གཉིས་ཤིག་གི་ནང་དུ། མི་སྣའི་མིང་བཏགས་པ་དོན་ལ་མི་འབྱོར་བ་དཔེར་ན《མི“རྒྱ་བྷ”ཁྱི“རྒྱ་བྷ”》 ལྟ་
བུ་མཐོང་རྒྱུ་ཡོད་དེ། སྒྲུང་གཏམ་ལྟར་ན། “རྒྱ་བྷ”ནི་སྡེ་དཔོན་སྐལ་ཐེ་ཚང་གི་ཁྱི་རྒན་དང་། སྡེ་བའི་ནང་གི་དགེ་རྒན་རྒྱ་མཚོ་གཉིས་ཀྱི་བཏགས་མིང་རེད། ཁྱི“རྒྱ་བྷ”ནི་རང་གི་ཐོབ་ཐང་སྲུང་འཛིན་དམ་པོ་མི་བྱེད་པར། ནམ་རྒྱུན་མཚན་མོའི་གོ་སྐབས་དང་བསྟུན་ནས་ཁྱིམ་ཚང་གཞན་དུ་རྐུ་ལ་འཛུལ་བ་དང་། ཁྱིམ་ཚང་ནང་གི་བཟའ་རིགས་འཆའ་རིགས་ཡོད་དོ་ཅོག་བདག་གིར་བྱེད་པ་ཞིག་ཡིན་ཡང་། སྡེ་དཔོན་སྐལ་ཐེས་དེ་ལ“རྒྱ་བྷ”ཞེས་འབོད་པར་མ་ཟད། དགེ་རྒན་རྒྱ་མཚོའི་མིང་ལ་ཡང“རྒྱ་བྷ”ཞེས་འབོད་པ་ཡིན།“བྷ”ནི་རྩོམ་པ་པོས“ཧ་ཅང་གཅེས་ཤིང་སྙིང་ཉེ་བའི་འབོད་སྲོལ་དུ་གྱུར་པར”སྒྲུང་གཏམ་དུ་བཤད་ཡོད། དེ་ལྟར་ན། ཀློག་པ་པོས་བལྟས་ཚེ།“རྒྱ་བྷ”ཞེས་པ་ནི་སྡེ་དཔོན་སྐལ་ཐེ་ཚང་གི་ཁྱིའི་གཅེས་མིང་དུ་གོ་ཐུབ་ཅིང་། དགེ་རྒན་རྒྱ་མཚོའི་གཅེས་མིང་ཡང་ཡིན་འོས་མོད། འོན་ཀྱང་སྒྲུང་གཏམ་ནང་དུ་དེ་ལྟར་མ་ཡིན་པར“ངའི་མིང་ལ‘རྒྱ་བྷ’ཞེས་འདོགས་དོན་ནི། ང་ཡང་ཁྱི་རྒན་དེ་དང་འདྲ་བར་ཁྱིམ་ཚང་གཞན་དུ་རྐུ་ལ་འཛུལ་གྱིན་འདུག་ཟེར་བ་མ་ཡིན་པར། དེ་ལས་ལྡོག་སྟེ་ན་ཟུག་གཞན་འགའ་ཞིག་ཁོག་ཏུ་བཅངས་ཡོད་པའི་རྐྱེན་གྱིས་རེད”ཅེས་སྔོན་གྱི་ནང་དོན་དང་མི་མཐུན་པའི་སྤྲོས་བརྗོད་གཞན་ཞིག་ཀྱང་སྤེལ་ཡོད་པ་རེད། གང་ལྟར་མིང་འདོགས་ཚུལ་གྱི་ཆ་ནས་བལྟས་ན། ཁྱིའི་མིང་དེ་མིའི་མིང་དུ་སྤོས་པ་ནི་སྒྲུང་གཏམ་དུ་ཡང་གསལ་བོར་འབྱུང་ལ། འདྲ་བ་རྒྱུ་མཚན་གྱིས་བཏགས་པའི་ཚུལ་མཛད་ཡོད་ནའང་། རྒྱུ་འབྲས་ཀྱི་འབྲེལ་བ་སྤུ་ཙམ་ཡང་མི་གསལ་བ་དང་། མི་སྣ་དང་ཁྱི་ཡི་འབྲེལ་བ་ཡང་ཚགས་དམ་པོས་སྒྲུབ་ཐུབ་མེད་པ་རེད།གནད་དོན་མག་མོག་དེ་གང་ནས་བྱུང་བ་རེད་ཟེར་ན། སྐབས་འདིར་རྩོམ་པ་པོ་སྒྲུང་གཏམ་གྱི་མི་སྣའི་རྗེས་སུ་འབྲངས་ཏེ། སྡེ་དཔོན་སྐལ་ཐེས་རང་གི་ཁྱི་ལ“རྒྱ་བྷ”བཏགས་པ་གཅེས་མིང་དུ་བསྟན་པ་དང་། རྒྱ་མཚོའི་མིང་ལ“རྒྱ་བྷ”བཏགས་པ་དེར་ཟུར་ཟ་དང་འཕྱ་དམོད་ཀྱི་དོན་འདུས་པ་ཞིག་ཡོང་ཐབས་སུ་འབད་པའི་གནད་ལ་ཐུག་ཡོད། ཡང་སྒྲུང་གཏམ་དུ“ཁྱི་རྒན་རྒྱ་བྷ་ནི་ནམ་རྒྱུན་མཚན་མོ་རུ་འདབས་མྱུག་ནས་རྐུ་བྱེད་པའི་དུས་དག་ཏུ། མི་ཡི་གྲིབ་གཟུགས་ཙམ་མཐོང་ནའང་སྲོག་ལེན་གྱི་གཤེད་མར་ཕྲད་པ་ཇི་བཞིན་བྱ་འཕུར་བ་ལྟར་འབྲོ་རྐྱང་བྱེད་མོད། འོན་ཀྱང་རང་ཁྱིམ་གྱི་སྒོ་ཁར་བཏགས་པ་ན། སྡེ་དཔོན་གྱི་དབང་ཆར་རྒྱབ་རྟེན་བྱེད་པ་བཞིན་ངར་ཤུགས་དང་སྙིང་རྩལ་རྒྱས་ཏེ་མི་ལ་རྨུགས(རྨུག)པར་ཐེ་ཚོམ་ཅི་ཡང་མེད་དེ། སྔ་གཞུག་ཏུ་གསར་བུ་གསུམ་གྱི་རྐང་བའི་ཉྭ་ཤར་རྨུགས་པར་བརྟེན། གསར་བུ་ཚོ་སྡེ་དཔོན་སྐལ་ཐེ་ལས་ཀྱང་ཁྱི་དེར་སྐྲག་པར་བཤད་ལ། སྡེ་དཔོན་སྐལ་ཐེས་དེར'རྒྱ་བྷ'ཞེས་གཅེས་མིང་འདོགས་དོན་ཡང་ཕལ་ཆེར་རྐྱེན་དེ་ཡིན་པ་འདྲ”ཞེས་མུ་མཐུད་དུ་མཚམས་སྦྱོར་བྱས་པ་ལས། མ་བསམས་ས་ནས་རྒྱ་མཚོའི་མིང་ལ“རྒྱ་བྷ”བཏགས་པར་གཅེས་མིང་གི་ཁུངས་ཐོན་ཡོད་པས་ན་མཚང་མིང་དུ་གོ་བ་ལེན་ཐབས་མེད་པར་མ་ཟད། མིང་དེར་སྡེ་དཔོན་སྐལ་ཐེས“ཁོག་ཏུ་བཅངས་ཡོད་པའི་ན་ཟུག་གཞན་འགའ”དེ་མངོན་ལྐོག་གང་རུང་ནས་སྟོན་པའི་ནུས་པ་ནི་དེ་བས་ཀྱང་ཐོན་མི་འདུག དེ་བས། སྒྲུང་གཏམ་དུ་མི་སྣ་རྒྱ་མཚོ་དང་ཁྱི་གཉིས་ཀྱི་མིང་ལ་རྒྱུ་མཚན་ཉག་ཉོག་གི་སྒོ་ནས“རྒྱ་བྷ”ཞེས་བཏགས་པ་དེས། ཀློག་པ་པོ་མགོ་འཁོར་བར་བྱེད་པ་དང་། ཚོར་ཤེས་སྣ་ཚོགས་ཀྱི་འབྲས་བུ་ཅི་ཡང་བསྐྱེད་མི་འདུག་ལ། སྣང་བརྙན་དང་མཚོན་བྱེད་ཀྱི་ནུས་པ་ཡང་ཤིན་ཏུ་ཆུང་བར་མངོན། གནད་དོན་དེ་རྩོམ་པ་པོས་སྒྲུང་གཏམ་མཇུག་བསྡུ་ལ་ཉེ་བའི་སྐབས་སུ། གློ་བུར་ཚོར་རྟོགས་བྱུང་ནས། ཐག་གཅོད་ཀྱི་ལམ་དུ་འཇུག་སྐབས་སྒྲུང་གཏམ་གྱི་མཇུག་ཏུ་ཧ་ཅང་སྙིང་བོ་མེད་པའི་ཚན་པ་གཅིག་ཨུ་ཚུགས་ཀྱིས་སྤྱད་དེ།“དེ་ཡང་ཧ་ཅང་རྒྱང་ཐག་རིང་བའི་འབྲོག་ཁུལ་དུ་ཡོད་དུས་ཀྱི་ངའི་འཚོ་བའི་སྤྱོད་ལམ་དེ་དག་ཀྱང་། ཕལ་ཆེར་སྡེ་དཔོན་སྐལ་ཐེ་ཚང་གི་ཁྱི་རྒན་རྒྱ་བྷའི་སྤྱོད་ལམ་དང་ཧ་ཅང་མཚུངས་ཆེ་བས་ཡིན་པ་རེད”ཅེས། མི“རྒྱ་བྷ”དང་ཁྱི“རྒྱ་བྷ”གཉིས་མིང་གཅིག་པའི་རྒྱུ་མཚན་ལ་རྟིང་གནོན་རྒྱག་འདོད་ཀྱང་། ཚན་པ་དེ་ནི་སྒྲུང་གཏམ་དུ་བཀོད་པ་ལྟར།“དངོས་གནས་ང་ལ་སྐྱེས་པའི་ཁུལ་སྤུ་ཟིང་ངེ་བའི་ཁྱི་ཡི་རྔ་མ”ལྟར་བརྗོད་དོན་ལྷག་མ་ཞིག་ཏུ་མཐོང་ལ། སྒྲུང་གཏམ་འདི་གར་དཔྱད་བརྗོད་གནང་བའི“མཇུག་སྡོམ”ཞིག་ཏུའང་།“སྒྲུང་གཏམ་འདིའི་ཁྱོན་ཡོངས་ལ་བལྟས་ན། སྒྲུང་གཏམ་ཁྲོད་ཀྱི་ཁྱི་རྒྱ་བྷས་སྒྲུང་གཏམ་ལ་རམ་འདེགས་ཆེན་པོ་ཅི་ཞིག་ཐོན་ཡོད་པ་གསལ་བོར་མ་རྟོགས”①ཞེས་གནད་དུ་ཐིངས་པའི་སྤྱི་སྡོམ་བཀོད་འདུག་ཅིང་། གནད་དེའི་འབྱུང་ཁུངས་ནི་སྔར་བཞིན་མི་སྣའི་མིང་འདོགས་ཚུལ་ཐབས་ལམ་དུ་མ་སོང་བའི་འབྲས་བུ་རང་ལ་ཐུག་པར་གདའོ། །
དོན་དམ་གྱིས་བཤད་ན། 《 མི“རྒྱ་བྷ”ཁྱི“རྒྱ་
བྷ”》 ཞེས་པའི་སྒྲུང་གཏམ་དུ། སྟག་འབུམ་རྒྱལ་གྱིས“རྒྱ་བྷ”ཞེས་པའི་མིང་གི་འདོགས་ཁུངས་དང་འདོགས་ལུགས། དགོས་པ་དང་ཁྱད་ཆོས་ཀྱི་ཇུས་འགོད་ལེགས་པོ་ཞིག་མ་འཁྱོངས་པས། མི“རྒྱ་བྷ”དང་ཁྱི“རྒྱ་བྷ”གཉིས་ཀྱི་ནང་གནས་འབྲེལ་བ་ལེགས་སྒྲིག་ཡོང་མ་ཐུབ་པ་དང་།“རྒྱ་བྷ”ཞེས་པའི་མིང་དེ་ལ་སྒྱུ་རྩལ་གྱི་འགུག་ཤུགས་དྲག་པོ་ཞིག་ངང་ངམ་ཤུགས་ཀྱིས་ཐོན་མ་ནུས་པར། མི་སྣའི་སྣང་བརྙན་སློང་སྐྲུན་གྱི་ཐབས་ཤེས་ལ་གེགས་ཆེན་པོ་བཟོས་པ་རེད།
ལག་ལེན་གྱི་ར་སྤྲོད་ལྟར་ན། སྒྲུང་གཏམ་གྱི་མི་སྣར་མིང་འདོགས་པ་ནི་ཝེ་ལེ་ཁོའུ་ཡིས་གསུངས་པ་ལྟར“སྟབས་བདེའི་བྱེད་ཐབས”ཤིག་མ་ཡིན་པར། གཟབ་ནན་དང་དཀའ་ཁག་ཆེ་བའི་ལས་ཀ་ཞིག་ཡིན། གནའ་དེང་ཕྱི་ནང་གི་རྩོམ་པ་པོ་གྲགས་ཅན་མང་བོ་ལས་ཀ་འདིས་ཨར་ལ་གཏད་མྱོང་བ་དང་།
ཁོང་ཚོའི་སྒྲུང་གཏམ་མང་བོ་མི་སྣའི་མིང་འདོགས་མ་འཁྱོངས་པར་ལེགས་གྲུབ་མ་བྱུང་བ་ཡོད་པ་སྨོས་ཅི་དགོས། པ་ཨར་ཀྲ་ཁོ(巴尔扎克)ཡིས་སྒྲུང་གཏམ་གྱི་མི་སྣའི་མིང་འདོགས་པར་ཐེངས་སྟོང་ཕྲག་ལ་ཚོད་ལྟ་བྱས་ཏེ་མགོ་བོ་ན་བའི་ཚད་དུ་ལྷུང་བའི་གཏམ་རྒྱུད་ཡོད་ཅིང་། སྐུ་ཞབས་ལུའུ་ཞུན་གྱིས“གསར་རྩོམ་གནང་རྒྱུ་ནི་ལས་ཁག་པོ་ཡིན་ལ། མི་སྣར་མཚན་སྙན་གསོལ་བ་དང་མཚང་མིང་གདགས་རྒྱུ་ཡང་ལས་སླ་མོ་ཞིག་མ་ཡིན་པར”②གསུངས།
དེ་ལྟ་ནའང་། སྟག་འབུམ་རྒྱལ་གྱི《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》དང་། 《 ཁྱི་ལྡོམ》སོགས་སྒྲུང་གཏམ་འགའ་ཞིག་ཏུ། མི་སྣའི་མིང་འདོགས་ཀྱི་ཐབས་ཤེས་ལ་ལེགས་གྲུབ་བྱུང་འདུག་པའི་ཆ་འགའ་མཐོང་ལ། དེ་དག་ཕྱོགས་བསྡུས་ཀྱིས་ནང་དོན་ཁག་འགར་བགོས་ཆོག་སྟེ།
ཀ སྒྲུང་གཏམ་གྱི་མི་སྣའི་ཕྱི་ཡི་རྣམ་པའི་ཁྱད་ཆོས་ཀྱི་ཆ་ནས་མིང་འདོགས་སྟངས། དཔེར་ན། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཅེས་པའི་ནང་
གི་མི་སྣ“ཁྱི་མོ་དམར་མོ”དང་། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ནང་གི་མི་སྣ“ཁྱི་གུ་ཁྲ་བོ”སོགས་ནི་ཁྱི་ཡི་ཕྱི་ལུས་ཀྱི་ཁྱད་ཆོས་ཏེ། ཁ་དོག་དང་སྤུ་མདངས་ཀྱི་སྒོ་ནས་བཏགས་པ་ཞིག་རེད། དེ་ཡང་ཁྱི་མོ་དམར་མོ་ནི“མེ་ལྟར་འབར་བའི་གྲ་ཁ”ཅན་ཞིག་ཡིན་ལ། ཁྱི་གུ་ཁྲ་བོ་ནི“ལུས་སྨད་ནག་ཅིང་ལག་པ་དང་དཔུང་སྟོད་དུ་དཀར་ཐིག་མང་བོ་ཡོད་པ”ཅན་ཞིག་རེད། སྤུ་མདངས་དང་རྣམ་པ་དེ་ནི་གཟུགས་སྣང་ཅན་དུ་གྲུབ་ཡོད་ལ། མིང་དེ་དག་གིས་ཡི་གེ་ཉུང་ལ་དོན་འདུས་པའི་སྒོ་ནས“མི་སྣའི”ཕྱི་ཡི་ཁྱད་ཆོས་གཙིགས་སུ་བཟུང་ཡོད་པས། ཀློག་མཁན་གྱི་རྒྱུད་ལ་ཚོར་སྣང་སྣ་ཚོགས་ཀྱི་འབྲས་བུ་བསྐྱེད་ཐུབ་པ་དང་། སྒྱུ་རྩལ་གྱི་འགུགས་ཤུགས་དང་མཚོན་ཤུགས་དྲག་པོ་ངང་ངམ་ཤུགས་ཀྱིས་འཛོམས་འདུག
ཁ། སྒྲུང་གཏམ་གྱི་མི་སྣའི་རང་གཤིས་ཀྱི་ཆ་ནས་འདོགས་སྟངས། མིང་འདོགས་སྟངས་འདི་ནི་མི་སྣའི་ཕྱི་ལུས་ཀྱི་རྣམ་པའི་ངོས་ནས་བཏགས་པ་མ་ཡིན་པར། ནང་སེམས་ཀྱི་འགྱུར་བ་དང་རང་གཤིས་ཀྱི་སྒོ་ནས་བཏགས་པ་སྟེ། དཔེར་ན། 《 མི“རྒྱ་བྷ”ཁྱི“རྒྱ་བྷ”》 ཞེས་པའི་ནང་གི“ཤིང་ཏོ”ལྟ་བུ་ཡིན་ཞིང་།“ཤིང་ཏོ”ནི་རྩོམ་པ་པོས་མི་སྣ་སྒྲོལ་མ་སྐྱིད་ཀྱི་ངག་གཡར་ནས་རྒྱ་མཚོ་ལ་བཏགས་པའི“མཚང་མིང”ཞིག་ཡིན་ལ།“མཚང་མིང”གི་གདགས་གཞི་རྒྱ་མཚོ་ནི་འབྲོག་ཁུལ་གྱི་སློབ་གསོའི་ལས་དོན་ལ་གཞོལ་བའི་དཔེ་ལེགས་པ་དང་ཤེས་ཡོན་ཅན་གྱི་སྣང་བརྙན་ཞིག་ཡིན་ཀྱང་། ཁོ་ནི་མིག་
རྒྱང་ཐུང་བ་དང་བསམ་བློ་ནར་མ་སོན་པ། རང་གཤིས་གུ་དོག་པ། ནུས་པ་དང་འཇོན་ཐང་ཆེན་པོ་མེད་པ་ཞིག་ཡིན་པས“ཤིང་ཏོ”ཞེས་པའི“མཚང་མིང”དེ་བཏགས་པ་རེད། ཡིན་ནའང་།“མཚང་མིང”དེའི་ནང་དུ“ཁྱད་གསོད་དང་དམའ་འབེབས། འཕྱ་སྨོད་སོགས་ཀྱི་བྲོ་བ་ཅི་ཡང་མེད་པར”རྩོམ་པ་པོས་མི་སྣར་བཅངས་པའི“སྙིང་རྗེ”དང་གདུང་སེམས་ཤིག་འདུས་འདུག་པ་རེད།
ག དངོས་མིང་མེད་པའི་མི་སྣར་ངོས་འཛིན་གྱི་མིང་སྦྱར་ནས་མིང་འདོགས་སྟངས། དེ་ནི་སྒྲུང་གཏམ་གྱི་མི་སྣར་མགོ་ནས་མཇུག་བར་བཏགས་མིང་མེད་པ་ལ་ངོས་འཛིན་གྱི་དགོས་པའི་ཆེད་དུ་གནས་སྐབས་ཀྱི་མིང་སྦྱར་བ་སྟེ། དཔེར་ན། 《 ཁྱི་ལྡོམ》ནང་གི“ཁྱི་ལྡོམ”
དང《མི“རྒྱ་བྷ”ཁྱི“རྒྱ་བྷ”》 ཡི་ནང་གི“བུ་མོ་སྨྱོན་མ”ལྟ་བུ་རེད།“ཁྱི་ལྡོམ”དང“བུ་མོ་སྨྱོན་མ”སོ་སོར་དངོས་མིང་མེད་ཀྱང་། རྩོམ་པ་པོས་གནས་སྐབས་སུ་དེ་ལྟར་སྦྱར་བའི་ཐབས་ཤེས་འདིས་མི་སྣའི་ཐོབ་ཐང་དང་གཤིས་ཀ གནས་བབ་སོགས་ཀྱི་ངོས་ནས་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་དང་ཕྱི་ལུས་ཀྱི་ཁྱད་ཆོས་མཉམ་དུ་སྦྲེལ་བ་དང་། ཕྱི་ལ་བརྟེན་ནས་ནང་མཐོང་བར་བྱེད་པ་སྟེ།“ཁྱི་ལྡོམ”གྱི“ལྡོམ”དང“བུ་མོ་སྨྱོན་མ”ཡི“སྨྱོན”གྱི་ཁྱད་ཆོས་ཀྱི་སྟེང་ནས“མི་སྣ”ཡི་རང་གཤིས་དང་སྐྱོ་གར་མངོན་སུམ་དུ་བསྟན་ཡོད།
ང་། ཆོས་ལུགས་ཀྱི་བྱེད་སྒོའི་རྣམ་པའི་སྟེང་ནས་མི་སྣར་མིང་འདོགས་སྟངས། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པའི་སྒྲུང་གཏམ་ནང་གི“མེས་པོའི”མིང་ལ“ཁྱི་མོ་ཐར”ཞེས་པ་ནི།“མེས་པོ་མའི་མངལ་དུ་ཆགས་པའི་ཚེ། མེས་པོའི་ཕ་ཡིས་མོ་པ་ཞིག་ལ་ལུང་བསྟན་ཞུས་པ་ན། མོ་པས་མོ་བཏབ་སྟེ་ཁོ་བྱིས་པ་བཙས་པའི་ཕྱི་ཉིན་ནངས་མོ་ནམ་གསལ་ལ་ཉེ་དུས། ཕྱི་རོལ་གྱི་ས་སྟོང་དུ་སོང་སྟེ་སྲོག་ཆགས་ཅི་ཞིག་མཐོང་ན་དེའི་མིང་ཐོགས་ཤིག”ཅེས་གདམས་པ་ལྟར།“མེས་པོ་ནི་ནམ་སྨད་ཙམ་དུ་བཙས་པ་ཡིན་པས། ཁོའི་ཕ་རྒན་དགའ་དྲགས་ཏེ་ནངས་མོ་ནམ་མ་གསལ་གོང་ནས་ཕྱི་རོལ་ཀུན་ཏུ་མྱུལ་ཡང་སྲོག་ཆགས་ཅི་ལ་ཡང་མ་ཕྲད་ཅིང་། མཇུག་མཐར་ནམ་གསལ་བའི་ཚེ་ཁོའི་མདུན་ཕྱོགས་སུ་ཕྱུག་པོ་ཚང་གི་ཁྱི་རྒན་མ་དེ་འགྲོ་བ་མཐོང་བས། མི་འདོད་ཀྱང་ཐབས་ཟད་ནས”དེ་ལྟར་བཏགས་པ་ཞིག་རེད། བཏགས་མིང་དེར་ཟུར་ཟ་དང་ངོ་བསྟོད་སོགས་ཀྱི་གོ་དོན་མི་འདུས་ཀྱང་། རྩོམ་པ་པོས་སྒྲུང་གཏམ་གྱི་མི་སྣའི་ངག་གཡར་ནས་དེ་ལྟར་བཏགས་པ་ལ། མི་རིགས་ཀྱི་ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་མཚོན་པའི་ནུས་པ་ཡོད་པར་མ་ཟད། སྒྲུང་གཏམ་གྱི་བརྗོད་དོན་སྟོན་པ་དང་མི་སྣའི་རང་གཤིས་མཚོན་པའི་ཁྱད་ཆོས་ཀྱང་མངའ་འོ།།
ཅ། ཡུལ་སྲོལ་གོམས་འདྲིས་ལྟར་མི་སྣར་མིང་འདོགས་སྟངས། འབྲོག་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར་མིང་འདོགས་ཚུལ་འདི་ནི《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》གི་ཁྲོད་ཀྱི་མི་སྣ“དཀོན་ཐོ”དང《མི“རྒྱ་བྷ”ཁྱི“རྒྱ་བྷ”》 ཡི་ནང་གི་མི་སྣ“སྐལ་ཐེ”ལྟ་བུ་ལས་གསལ་བོར་མཐོང་ཐུབ་ཅིང་། མིང་འདི་དག་ལ་སྤྱིར་ན་ཆེ་མིང་དང་མཚང་མིང་གི་ནང་དོན་ཅི་ཡང་མེད་པས། ངོ་བསྟོད་དང་ཟུར་ཟའི་གོ་དོན་ཅི་ཡང་མི་འདུས་མོད། ཡུལ་བྱེ་བྲག་པའི་ཡུལ་སྲོལ་གོམས་འདྲིས་དང་ས་ཁུལ་གྱི་ཁྱད་ཆོས་མཚོན་པའི་ནུས་པ་ལྡན་པ་སྨོས་ཅི་དགོས།
སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་མི་སྣར་མིང་འདོགས་ཚུལ་དེ་དག་ལ་གཞིགས་ན། མི་སྣའི་མིང་འདོགས་དེ་མི་སྣ་གསར་བཞེང་གི་གོ་རིམ་གལ་ཆེན་ཞིག་ཏུ་བརྩིས་འདུག་པ་མཐོང་ཐུབ་ལ། མིང་དེ་དག་སོ་སོས་མི་སྣའི་ལས་དབང་མཚོན་ཐུབ་པ་སྟེ། མཐར་གཏུགས་ན་མིང་དེས་མི་སྣ་དེ་ཉིད་གསལ་བཤད་བྱེད་ཐུབ་པ་དང་། མི་སྣ་དེ་ཉིད་གསལ་བོར་མཚོན་ཐུབ་ཀྱིན་ཡོད་པ་རེད།
སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་མི་སྣའི་བཏགས་མིང་ཁྲོད་ན། དོན་གྲུབ་རྒྱལ་གྱི《 རྒྱུ་འབྲས་མེད་པའི་མནའ་མའི》 ནང་གི“ཀུན་ཏུ་བཟང་མོ”དང་། ཚེ་རིང་དོན་གྲུབ་ཀྱི《 ར་ལོའི》 ཁྲོད་ཀྱི“ར་ལོ”ལྟ་བུའི་བག་ཆགས་ཅན་ཆེས་ཆེར་མེད་ནའང་།“ཁྱི་མོ་དམར་མོ”ཡི་ཕྱི་ལུས་ཀྱི་ཁ་དོག་གམ་སྤུ་མདངས“དམར་མོ”དེས། འཇིགས་ཉམས་ཆེ་ཞིང་དྲག་ཤུལ་གྱི་ཁྱད་ཆོས་ལྡན་པའི་ཚོར་སྣང་ཞིག་བསྟབས་པ་ལས། ཁྱི་མོ་དམར་མོ་དེ“ཨ་མྱེས་བཱ་ཡན་གྱི་སྒོ་ཁྱི”ཡིན་ཞིང་། དེའི“རྣམ་རིག་མི་ལས་སྤྱང་བར་མ་ཟད། ཧ་ཅང་ལྐོག་གྱུར་དང་འཇིགས་སུ་རུང་བའི་སྟོབས་ཤུགས་ཤིག་གིས་མོར་སྲུང་སྐྱོབ་བྱས་འདུག་པའི”“འཇིག་རྟེན་ལས་བརྒལ་པའི”འཇིགས་ཤེད་དེ་སྣང་བརྙན་གྱི་ལམ་དུ་བཀོད་ཡོད་པས། མིང་འདོགས་ཚུལ་འདི་འདྲ་བ་ནི་སྐུ་ཞབས་ལུའུ་ཞུན་གྱི“ཨQ”ཡི་བཏགས་མིང་གི་སྒྱུ་རྩལ་དང་དགེ་མཚན་གྱི་ཆར་ཕྱོགས་འདུག་ལ། དེ་བཞིན་དུ་མི་སྣ་རྒྱ་མཚོའི་མིང་ལ“ཤིང་ཏོ”ཞེས་བཏགས་པའང“ཁུང་དབྱི་ཅི”ལྟར་དཔེ་ཆ་པའི་བསམ་པ་དྲང་ཞིང་གཤིས་རྒྱུད་འཇམ་པ་དང་། ནུས་པ་དང་འཇོན་ཐང་མེད་པ། རང་གཤིས་ཉོག་འཛིང་ཅན་ལ་གཞོགས་ངོས་ནས་ཟུར་ཟ་མཛད་ཡོད་པས། དེ་གཉིས་ལ་མཐུན་ཆོས་མི་ཉུང་བ་ཞིག་འདུག འོན་ཀྱང“ཁྱི་མོ་ཐར”གྱི་མིང་འདོགས་སྟངས་ལ་བལྟས་ན། ང་ཚོས་རང་དབང་མེད་པར་རྩོམ་པ་པོ་རྡོ་རྗེ་ཚེ་བརྟན་གྱི《 ཁྱི་མོ་ཐར》ཞེས་པའི་སྒྲུང་གཏམ་ནང་གི་མི་སྣ་ཁྱི་མོ་ཐར་དྲན་འོངས་ལ། མི་སྣ་དེ་གཉིས་མིང་གཅིག་ཡིན་ནའང་འདོགས་ཚུལ་དང་དགོས་པ་མི་འདྲ་སྟེ།“ཁྱི་མོ་ཐར”ནི་རང་གི་ཕུ་བོ་གཉིས་ཀ་དང་ཨ་ཅེ་བཅས་གསུམ་པོ་སོ་སོ་ལོ་བཅོ་ལྔ་མ་ལོན་པར་ཚེ་ལས་འདས་པ་དང་། འཆི་རྐྱེན་ནི་ཁོ་ཚོར་རེ་རེར་ཚེ་ཡིས་མི་ཐེག་པའི་མིང་བཙན་པོ་རེ་བཏགས་ཡོད་པས་བསོད་ནམས་ཀྱིས་མ་ནོན་པ་ཡིན་པར་སྙམ་ལ། བགེགས་ཀྱི་མཚན་མ་ཞི་བའི་རྟེན་འབྲེལ་གྱི་ཆེད་དུ་དེ་ལྟར་བཏགས་པ་ཡིན་ཞིང་། མིང་དེས་བོད་ཀྱི“ལྷ་གཙོ་བོར་བྱེད་པ་དང་མི་ཕལ་བར་བྱེད་པའི”སྲོལ་རྒྱུན་རིག་གནས་ཀྱི་མི་ཚེ་ལྟ་བར་སུན་འབྱིན་དང་དགག་པ་ནན་མོ་བརྒྱབ་འདུག་པ་མཐོང་ཞིང་། སྔ་མ་ནི་དེ་འདྲའི་གཏིང་ཟབ་པའི་ཆུ་ཚད་དུ་བསྙབས་ཐུབ་མེད་པ་གསལ་བོར་རྟོགས་སོ། །གང་ལྟར་དེ་དག་ནི་པ་ཨར་ཀྲ་ཁོས་མི་སྣའི་མིང་འདོགས་ལ་སྤང་བྱའི་རེ་བ་བཏོན་པ་ལྟར“མིང་དེ་དག་ནི་མི་སྣ་དང་མི་མཐུན་པ་སྟེ། རྙིལ་ཤ་སོ་ལ་མི་འཕྲོད་པ་དང་སྐྲ་སྤུ་རྩད་པར་མི་གནས་པ། སེན་མོ་ཤ་ལ་མི་འདྲེས་པ་ལྟ་བུ་ཞིག”③ནི་ཡེ་ནས་མ་ཡིན་ནོ། །
པ་ཨར་ཀྲ་ཁོས་ད་དུང“མི་སྣའི་མིང་ནི་འཛེང་རྡོ་དང་གཏེར་རྡོ། རྡོ་སོལ་དང་རྡོ་ཀ་མ་རུ་ལྟར་བཟོ་ཐུབ་པ་ཞིག་མ་ཡིན་པར། དུས་ཚོད་དང་འགྱུར་ལྡོག ཡང་ན་བདག་གིས་བཤད་ནས་མི་འཁྱོངས་པའི་དངོས་པོ་གང་ཞིག་གིས་བཟོས་འོངས་པ་ཡིན”④ཞེས་གསུངས་ལ། དེས་མི་སྣ་དང་བཏགས་མིང་གཉིས་ནི་གང་ལ་གང་འཚམ་དང་དེ་ལ་དེ་འཕྲོད་ཀྱི་རྟེན་ཅིང་འབྲེལ་བའི་རང་བཞིན་གྱིས་བྱུང་བ་ཞིག་ཡིན་པ་ལས། རྡོ་ཆག་བཙན་བསྒྲིགས་ཀྱིས་སྦྱར་ན་ལུགས་མཐུན་མིན་པར་བསྟན་འདུག ཡིན་ནའང་སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”《 མེས་པོ་དང་ཁོས་གསོས་པའི་ཕྲུ་གུ་དག》ཅེས་པར་དེའི་ཐད་དུ་དང་དོད་བྱས་པ་ཤིན་ཏུ་མི་འདང་སྟེ། སྒྲུང་གཏམ་དུ་མེས་པོའི་ངག་གཡར་ཏེ“ཨ་ཅེའི་མིང་ལ་ལྷ་མོ་ཟེར་བར‘ཨ་ཅེ'ཞེས་འབོད་པ་དང་། ཕུ་བོའི་མིང་ལ་དབང་ཕྱུག་ཟེར་བར‘དཀར་ལྡང'ཞེས་འབོད། ངའི་མིང་ལ་དོན་གྲུབ་ཟེར་བར‘ཁྱི་རུལ'ཞེས་འབོད་ཅིང་། སྲིང་མོའི་མིང་ལ་སྒྲོལ་མ་ཟེར་བར‘ཨ་མ'ཞེས་འབོད་པར་བྱེད”ཅེས་ཟེར་བ་ནི་གཅེས་མིང་ངམ་མཚང་མིང་གང་ཡིན་ཡང་བརྩམས་ཆོས་ཧྲིལ་པོ་དང་སྦྱར་ནས་བཀླགས་ན། བྲོ་མེད་ཆོ་མེད་ཀྱི་རྣམ་པར་གནས་ཏེ་ཀློག་མཁན་འགུག་པའི་སྤྲོ་སྣང་མི་སྟེར་བ་དང་། ཁྱད་པར“སྲིང་མོ་ནི་ཆུང་དུས་ནས་རྒན་མོ་ལོ་ལོན་ལྟར་འགུལ་སྐྱོད་བྱེད་པར་མི་དགའ་བས‘ཨ་མ'ཞེས་བཏགས་པ་ཡིན”ཟེར་བ་ནི། རྒྱུ་མཚན་མེད་ཅིང་ཚོར་སྣང་མེད་པའི་དགོད་བྲོ་བའི་མིང་གི་འདོགས་སྟངས་ཤིག་ལས་མ་འདས་ལ། ཡང“མེས་པོས་ད་དུང་གཅེས་མིང་སྦྱར་ཏེ་ཨ་ཕར་ཚེ་བྷ་ཞེས་བོས་པར་བརྟེན། རིམ་བཞིན་དུ་སྡེ་བའི་ནང་གི་མི་ཚང་མས་ཀྱང་ཁོའི་མིང་ལ་ཚེ་བྷ་ཞེས་ཟེར་བ་ལས། མིང་ངོ་མ་ནས་བོས་ཚེ་མི་ཤེས་པའི་ཚད་དུ་གྱུར་ཡོད། གཅེས་མིང་དེ་ང་ཚོ་ཕུ་ནུ་མིང་སྲིང་བཞི་པོའི་གཅེས་མིང་དང་ལྷན་དུ་སྦྲེལ་ན་ཧ་ཅང་དོན་སྙིང་ཡོད་པར་འདུག་སྟེ། མིའི་ན་ཚོད་དང་གཅེས་མིང་གི་འདོགས་སྟངས་ལྟར་བསམས་ན། ཨ་ཅེ་དང་དཀར་ལྡང་། དོམ་བུ། ཨ་མ་བཅས་ཀྱི་རྗེས་སུ་ཚེ་བྷ་སྦྱོར་འོས་པ་ཡིན་པས། རྣ་བས་ཉན་ཙམ་གྱིས་ཀྱང་ཁོ་ནི་ང་ཚོའི་ཨ་ཕ་ཡིན་པའི་སྣང་བ་གཏན་ནས་མེད་པར། དེ་ལས་ལྡོག་སྟེ་ཁོ་ནི་ང་ཚོའི་ནུ་བོ་ཡིན་པ་ལྟར་སྣང”ཞེས་པ་ནི་གོ་རྒྱུ་ཆེན་པོ་མེད་ཅིང་དངོས་དོན་གྱི་བྲོ་བ་ཡེ་ནས་ཤོར་པ་ཞིག་རེད།
རྒྱ་ནག་གི་དུས་སྐབས་གསར་བའི་རྩོམ་རིག་ལ་མཚོན་ན། སྒྲུང་གཏམ་གྱི་མི་སྣར་མིང་འདོགས་སྟངས་དེ་སྔར་ལས་སྒྱུ་རྩལ་གྱི་ཐབས་ཤེས་ཤིག་ཏུ་དགོངས་ཏེ་དང་དོད་ཧ་ཅང་ཆེན་པོ་བྱེད་པ་དཔེར་ན། མིང་དུ་གྲགས་པའི་རྩོམ་པ་པོ་ཞ་ཧྲང(夏商)ལ་མཚོན་ན། ཁོའི་སྒྲུང་གཏམ་ནང་གི་མི་སྣ་འབོར་ཆེན་ཞིག་གི་མིང་ནི་རིག་གནས་ཀྱི་གྲུབ་རྒྱུ་ངེས་ཅན་འདུས་པའི་བརྡ་རྟགས་ཀྱི་ངོས་ནས་འདོགས་པ་དང་། ཡང་ན“རྩེད་མཚར”གྱི་དོན་སྙིང་གི་ཆ་ནས་འདོགས་པ་ཡིན་ཚུལ《འཆལ་གཏམ་གྱི་དངོས་ཡུལ་དུ་ལྡོག་པ》
ཞེས་པའི་བརྩམས་ཆོས་སུ་གསལ་ལ། དེས་སྒྲུང་གཏམ་གྱི་མི་སྣའི་མིང་འདོགས་ཀྱི་དོན་སྙིང་དང་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལམ་དུ་འདེང་བཞིན་པ་རྟོགས་ཐུབ་སྟེ། རང་རེའི་སྒྲུང་གཏམ་གྱི་མི་སྣའི་མིང་འདོགས་ཀྱི་འཕེལ་རིམ་ལ་བལྟས་ན། ད་དུང“གཞོན་ནུ་ཟླ་མེད”དང“ཡིད་འོང་མ”སོགས་ཀྱི་ཤུགས་རྐྱེན་ལས་ཡོངས་སུ་ཐར་མེད་པ་མངོན་སུམ་དུ་མཐོང་ངོ་།།
གཉིས། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་
དག 》 དང་། 《 སྒོ་ཁྱི》 《 ཁྱི་དང་བདག་པོ།
ད་དུང་གཉེན་ཚན་དག》གི་སྒྲིག་གཞི།
དུས་སྐབས་གསར་བའི་བོད་ཀྱི་སྒྲུང་གཏམ་གྱི་འཕེལ་འགྱུར་ལ་བལྟས་ན། སྒྲུང་གཏམ་གྱི“སྒྲིག་གཞི་གསར་བརྗེ”ཡི་སྟེང་དུ་ཐོད་བརྒལ་གྱི་སྔ་ལྟས་ཤར་བ་ནི་སྔར་བཞིན་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་རེད། ལྷག་པར་ཁོང་གིས“ཁྱིའི་སྒྲུང་གཏམ”གྱི་ལས་གཉེར་བ་ནས་བཟུང་། སྒྲུང་གཏམ་གྱི་སྒྲིག་གཞིའི་རྣམ་པ་དེ་རྟ་བརྒྱ་སྒྲོག་གཅིག་དང་གླུ་བརྒྱ་ངག་གཅིག་གི་འཆིང་སྡོམ་ལས་ཅུང་ཟད་ཐར་འདུག་པའི་སྣང་བ་སྟེར།
སྒྲུང་གཏམ་གྱི་སྒྲིག་གཞི་ནི་སྒྲུང་གཏམ་རང་ངོས་ཀྱི་རྣམ་པའི་ཆགས་ལུགས་ཤིག་ཡིན་ལ། གསལ་བོར་བཤད་ན། སྒྲུང་གཏམ་གྱི་ཁག་སོ་སོའི་བར་གྱི་ནང་ཁུལ་གྱི་འབྲེལ་བའི་སྒྲིག་འཛུགས་དང་ཕྱི་ངོས་ཀྱི་མཚོན་ཐབས་རྣམ་པ་ཞིག་ཀྱང་རེད། སྒྲིག་གཞི་ལ་ནང་གནས་ཀྱི་གཅིག་སྡུད་རང་བཞིན་ལྡན་པ་དང་།
གཅིག་སྡུད་རང་བཞིན་དེ་ནི་སྒྲིག་གཞི་རང་སྟེང་གི་བླ་སྲོག་ཡིན་ལ། དེས་སྒྲིག་གཞིའི་མ་ལག་ཏུ་གྱུར་པའི་ཆ་ཤས་སྣ་ཚོགས་དང་གྲུབ་ཆ་མཐའ་དག་ཕུང་བོ་གཅིག་གི་ངོར་སྟིམ་པར་བྱེད། སྒྲིག་གཞི་གང་འདྲ་ཞིག་ཡིན་རུང་རྩོམ་པ་པོའི་སྤྲོས་བརྗོད་ཀྱི་མགོ་རྩོམ་ས་དང་མཇུག་བསྡུ་ས་ཡིན་པས། ཐོག་མར་སྒྲིག་གཞི་དེ་སྤྲོས་བརྗོད་ཀྱི་ཁྱབ་ཁོངས་ཆེན་པོའི་ནང་དུ་བཅུག་ནས་གླེང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།
སྤྲོས་བརྗོད་རིག་པའི་ཆ་ནས་གཞིགས་ན། སྟག་འབུམ་རྒྱལ་གྱི《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》དང《སྒོ་ཁྱི》 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》སོགས་ཀྱི་སྒྲིག་གཞིའི་དགེ་མཚན་དང་ཁྱད་ཆོས་གཙོ་བོ་ནི་སྤྲོས་བརྗོད་ཀྱི་མཐོང་སྣེའི(叙述视觉)སྟེང་ན་མངོན་ཡོད་པ་རེད། དེ་ཡང《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ནི“འབོད་པའི་ཐ་སྙད་དང་པོ”སྤྱད་པ་དང་། 《 སྒོ་ཁྱི》 ནི“འབོད་པའི་ཐ་སྙད་གསུམ་པ”དང“འབོད་པའི་ཐ་སྙད་དང་པོ”སྤེལ་མར་སྤྱད་པ་ཞིག་ཡིན་ལ། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ནི“འབོད་པའི་ཐ་སྙད་གསུམ་པ”སྤྱད་པ་ཞིག་རེད། རྩོམ་པ་པོ་དང་ཐ་སྙད་སྤྱོད་སྟངས་དེ་ལས་སྤྲོས་བརྗོད་པ་དང་སྒྲུང་གཏམ་གྱི་མི་སྣའི་བར་གྱི་འབྲེལ་བ་གསལ་བོར་མཐོང་ཐུབ་པ་སྟེ། ཧྥ་རན་སིའི་རྩོམ་རིག་པ་ཐུའོ་ཏོའོ་ལུའོ་ཧྥུ(托多罗夫)ཡི་མཐོང་སྣེའི་གཞུང་ལུགས་ལྟར་བརྗོད་ན། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ནི“སྤྲོས་བརྗོད་པ=མི་སྣ”ཅན་གྱི་སྒྲིག་གཞི་ལ་གཏོགས་པ་དང་། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ནི“སྤྲོས་བརྗོད་པ>མི་སྣ”ཅན་གྱི་སྒྲིག་གཞི་ལ་གཏོགས་ཤིང་། 《 སྒོ་ཁྱི》 ནི་དེ་གཉིས་ཀ་འཛོམས་པའི་སྒྲིག་གཞི་ཅན་ལ་གཏོགས་སོ། །གསལ་བོར་བཤད་ན། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པའི་སྒྲུང་གཏམ་ནང་གི“ང”ནི་ཕྱོགས་གཅིག་ནས་སྒྲུང་གཏམ་གྱི“འབོད་པའི་ཐ་སྙད་དང་པོ”སྤྱད་པའི་སྤྲོས་བརྗོད་པ་ཡིན་ལ། གཉིས་ནས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་ཞིག་ཀྱང་ཡིན་པས། སྒྲུང་གཏམ་དེ་ནི“འབོད་པའི་ཐ་སྙད་དང་པོའི་སྤྲོས་བརྗོད་པ་དང་མི་སྣ་གཉིས་གཞི་གཅིག་ཏུ་གྲུབ་པའི་ཚུལ”གྱི་སྤྲོས་བརྗོད་ཀྱི་མཐོང་སྣེ་སྤྱད་པ་ཞིག་ཏུ་མངོན་ཞིང་། རྩོམ་པ་པོས་མཐོང་སྣེ་རིགས་འདི་སྤྱོད་པའི་དགོས་པ་ནི། རྩོམ་གྱི་མི་སྣའམ་སྤྲོས་བརྗོད་ཀྱི་འགན་བཞེས་པའི“ང”ཡི་ཐོབ་ཐང་དང་མྱོང་བརྒྱུད་ལ་བརྟེན་ནས། རང་གཞན་གཉིས་ཀྱི་འགུལ་སྐྱོད་དང་སེམས་ཁམས་ཀྱི་འཇིག་རྟེན་དག་ཚད་བཀག་ལྡན་པའི་སྒོ་ནས་ཞིབ་བརྗོད་བྱས་ཏེ། སྒྲུང་གཏམ་གྱི་སྒྱུ་རྩལ་གྱི་བདེན་པའི་རང་བཞིན་ཤུགས་དྲག་ཏུ་གཏོང་བར་འདོད་པ་དེ་ཡིན།
བརྗོད་དོན་གྱི་ཆ་ནས་བལྟས་ན། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ནི། རྒྱའི་ས་བཅད་ཅན་གྱི་སྒྲུང་གཏམ་ལྟར“དོམ་བུ”དང“སེང་ལུ།”“ཁྲ་བོ།”“སྡེར་དཀར།”“ཁྱི་གུ་ཁྲ་བོ།”“དོམ་བུ།”“མེས་པོ”བཅས་ཁག་བདུན་དུ་ཕྱེ་ཡོད་ཅིང་། ཁག་དེ་དག་ནི་བྱུང་རིམ་གྱི་ཁྱད་ཆོས་ཞན་ཞིང་མི་སྣ་ངོ་སྤྲོད་གཙོ་བོར་འཛིན་པའི“གཏམ་རྒྱུད”རྣམ་པ་བདུན་དུ་བཀྲམ་ཡོད་ལ། “གཏམ་རྒྱུད”སོ་སོར་ཁེར་ཚུགས་ཀྱི་རང་བཞིན་དང་བརྟན་ཆགས་ཀྱི་ངོ་བོ་ལྡན་ནའང་། སྒྲུང་གཏམ་སྤྱིའི་ཆ་ནས་བལྟས་ན་དེ་དག་ནི་ཕྲེང་ཐག་གཅིག་ལ་བརྒྱུས་པའི་ཕྲེང་རྡོག་ལྟ་བུ་ཡིན་ཞིང་། གཞུང་སྐུད་གཅིག་ལ་བསྟར་བའི་ཧྲིལ་གཟུགས་ཤིག་ཀྱང་རེད། སྒྲུང་གཏམ་ནང་གི“ང”དང་མེས་པོའི་བར་གྱི་གཞི་གཅིག་ཏུ་བསྡུ་ཆོག་པའི་གཏམ་རྒྱུད་རེ་རེ་དང་མི་སྣ(ཁྱི་སོགས་ཀྱང་འདུས)མཐའ་དག་ཕྲེང་ཐག་གཅིག་ཏུ་བརྒྱུས་པའི་ཇུས་འགོད་འདི་ལས། ང་ཚོས་གཏམ་རྒྱུད་དང་མི་སྣ་དག་ནི་སྒྲུང་གཏམ་གྱི་སྡེ་ཁག་རེ་རེ་ཡིན་པ་རྟོགས་ཐུབ་ལ། འདི་ལྟ་བུའི་སྒྲིག་གཞི་ལ“ཕྲེང་སྦྲེལ་སྒྲིག་གཞི”ཟེར་བ་དང་།“ཕྲེང་སྦྲེལ་སྒྲིག་གཞི”ཡི་སྒྲུང་གཏམ་གྱི་རིགས་འདི་དག་ནི་རང་རྒྱལ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྩོམ་བྱུང་ལོ་རྒྱུས་སུའང་མཐོང་དཀོན་པར་གྲགས་སོ།།
ཡིན་ནའང་། ང་ཚོས་ཐེངས་དང་པོར《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཀློག་སྐབས། ཁ་ཐོར་ཡ་བྲལ་དུ་གྱུར་པའི“ཕྲེང་རྡོག”དེ་དག་ཕན་ཚུན་གསབ་སྦྱོར་དང་མཐུད་སྦྲེལ། སྣོལ་སྡེབ་བྱེད་དཀའ་བ་ལྟ་བུའི་དཀའ་ངལ་ལ་འཕྲད་སྲིད་མོད། སྐུ་ཞབས་ལུའུ་ཞུན་གྱི་ཉམས་མྱོང་ལྟར“ཉུང་མཐར་ཐེངས་གཉིས་ལ་བཀླགས”པ་ན། ཀློག་པ་པོ་རང་ངོས་ནས“ཕྲེང་རྡོག”དེ་དག་སྡེབ་སྒྲིག་བྱས་ཏེ་བརྗོད་དོན་གྱི་སྐུད་སྣེ་དག་གཟུགས་མེད་ཀྱིས་མཐུད་སྦྲེལ་གཏོང་ཐུབ་པ་དང་། དེ་དང་བསྟུན་ནས་སྒྲུང་གཏམ་གྱི་འཇིག་རྟེན་གསར་བ་ཞིག་ལ་མྱོང་རོལ་བྱེད་ཐུབ་པ་རེད།
དེ་ནི་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པ་ལེགས་གྲུབ་བྱུང་བའི་ཆ་ཡིན་ཞེས་བཤད་ཆོག
སྟག་འབུམ་རྒྱལ་གྱི《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པའི་སྒྲུང་གཏམ་གྱི་ཕམ་ཁ་ཡང་སྔར་བཞིན་སྒྲུང་གཏམ་དེའི“ཕྲེང་སྦྲེལ་སྒྲིག་གཞི”ཡི་སྟེང་ན་ལུས་འདུག ཁོང་གིས“ཕྲེང་སྦྲེལ་སྒྲིག་གཞི”ནི་ཅི་དང་གང་ཡང་བཤད་ཆོག་པའི“ཚོགས་ར”ཞིག་ཏུ་བལྟས་པ་དང་། ཡང་ན་རྟ་ཡན་རྒྱུགས་སའི་ཐང་ཆེན་ཞིག་ཏུ་བསམས་པས། སྒྲིག་གཞིའི་ཇུས་འགོད་ལ་རྩོལ་བ་བསྐྱེད་དུས་རྣམ་པ་ཁོ་ནའི་སྟེང་དུ་གཞོལ་ཆེས་ཏེ། རྐང་བས་ཉ་འཛིན་པ་དང་ལག་པས་བྱ་འཛིན་འདོད་ཀྱི“རྔམ་སེམས”ཤིག་ཐོན་ཡོད་ལ། དེའི་འབྲས་བུར་བརྩམས་ཆོས་ལ་སྒྲུང་གཏམ་གྱི་ཁྱད་ཆོས་བོར་བ་སྟེ། དཔེར་ན། མི་སྣ་མཚམས་སྦྱོར་བྱེད་སྐབས། མི་སྣ་གཙོ་བོ“ང”ཡི་ཐོབ་ཐང་དང་འཚོ་བའི་གོ་རྟོགས། སྤྱི་ཚོགས་ཀྱི་མྱོང་བརྒྱུད། མི་དང་མི། མི་དང་ཁྱི་ཡི་འབྲེལ་བ་སོགས་མིག་མཐོང་ལག་ཟིན་གྱི་རྒྱུ་ཆ་ཡོད་དོ་ཅོག་ལ་འདོར་ལེན་དང་སྒྱུ་རྩལ་གྱི་ལས་སྣོན་མ་བརྒྱུད་པར་རྩོམ་པ་པོའི་རང་སྣང་གཙོ་བོར་གཉེར་ནས་བྲིས་པས། “ང”དང་འབྲེལ་བའི་བརྗོད་དོན་གྱི་ཡིག་ཚོགས་ནི་དགེ་རྒན(“ང”ནི་ལས་གནས་མ་སྤར་གོང་དགེ་རྒན་གྱི་ཐོབ་ཐང་ཅན་ཞིག་ཡིན)ཞིག་གི་རང་གི་ཐོབ་ཐང་དང་ལས་གནས་ལ་མ་རངས་པའི“བསམ་འཆར་ཡི་གེ”ཞིག་དང་འདྲ་བར་གྱུར་འདུག་ལ། ཡང“ང”ཡི་སྲིང་མོ་དང་གནས་ཡུལ་གྱི་འབྲེལ་བའི་ནང་དོན་སྤྲོས་བརྗོད་བྱེད་སྐབས་རྒྱུ་མཚན་དང་གནས་ལུགས་ལ་འབད་དེ་བྲིས་པར་བརྟེན། གཉེན་དོན་གྱི“ཞུ་གཏུགས་ཡི་གེ”ཞིག་དང་འདྲ་བར་སྒྱུ་རྩལ་གྱི་འདྲེན་ཤུགས་ཧ་ཅང་ཞན་ནོ།།
མདོར་ན། 《 མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ནི་སྤྲོས་བརྗོད་ཀྱི་ཆ་ནས་བརྗོད་དོན་གྱི་གཙོ་ཕལ་མི་གསལ་བ་དང་ཉོག་བཤད་ཀྱི་སྣེ་མོ་འཛིངས་པ་ཞིག་ཡིན་པར་མ་ཟད། སྒྲུང་གཏམ་གྱི་བྱུང་རིམ་རྒྱ་བསྐྱེད་པའི་བརྒྱུད་རིམ་གྱི་ཚོར་བ་དང་ཀྱག་ཀྱོག་གི་ཚོར་བ(སྒྲུང་གཏམ་ལ“ཀྱག་ཀྱོག་གི་ཚོར་བ”ཡང་ཤིན་ཏུ་མཁོ)ཉག་ཕྲ་བ་དང་། མེས་པོ་མ་གཏོགས་པའི་མི་སྣ་གཞན་དག་གི་སེམས་ཁམས་འཇིག་རྟེན་གྱི་ཞིབ་འབྲི་དང་བྱུང་རིམ་ཕྲ་རབ་དང་ཁོར་ཡུག་ཞིབ་འབྲི་སོགས་ཕྲ་ཞིབ་དང་གཏིང་ཟབ་ཅན་གྱི་ཕྱོགས་སུ་སོང་མེད་ཅིང་། མཐོང་སྣེ་སྣ་རྐྱང་ཅན་ལ་ཕྱོགས་པ་དང་རང་སྣང་རང་བཞིན་ཤིན་ཏུ་དྲག་ལ། སྤྲོས་བརྗོད་ཀྱི་ཕྱོགས་བསྡུས་རང་བཞིན་དང་བསྐྱར་ཟློས་ཀྱི་སྐད་ཆ་མཐའ་དག་གིས་ཡུལ་དངོས་ཀྱི་ཞིབ་འབྲིའི་འཐུས་ཚབ་བྱས་པས། སྒྲུང་གཏམ་གྱི་རྩ་བའི་ཁྱད་ཆོས་ངོམ་མ་ཐུབ་པའི་སྐྱོན་མངོན་པའོ།།
《 སྒོ་ཁྱི》 ལ་མཚོན་ན། སྤྲོས་བརྗོད་ཀྱི་མཐོང་སྣེ་དེ་ཕྱི་ཡི་སྒྲིག་གཞི་དང་ནང་གི་སྒྲིག་གཞི་གཉིས་སུ་ཁྱབ་པར་བཀོད་ཡོད་ལ། ཕྱི་ཡི་སྒྲིག་གཞིའི་སྤྲོས་བརྗོད་ཀྱི་མཐོང་སྣེ་ནི“ཐམས་ཅད་རྟོགས་པ”ཡི་(全知全能)འབོད་པའི་ཐ་སྙད་གསུམ་པ་བཀོལ་ནས། ཧ་ཅང་ཉིང་བསྡུས་དང་སྣང་བརྙན་ལྡན་པའི་ཚིག་སྟེ།“ཉི་རྩེ་ས་ལ་ཕོག་མ་ཐག ཁྱི་རྒན་རྒྱ་བོ་ཕྱི་རོལ་གྱི་ན་ཁུག་ཏུ་གྱོལ་འགྲོས་བྱེད་པའི་མགོ་བརྩམས་བྱུང”ཞེས་པས་རྩོམ་གྱི་དབུ་བསླངས་པ་དང་། དེ་བཞིན་དུ“ཉི་མ་ནུབ་རིར་ཡོལ་དུས། ཕྱི་རོལ་གྱི་ཆུ་འགྲམ་ན་ཁྱི་རོ་ཞིག་ལས་ཅི་ཡང་མཐོང་རྒྱུ་མ་མཆིས”ཞེས་པའི་ཚིག་གིས་སྒྲུང་གཏམ་ཧྲིལ་པོ་མཇུག་བསྡུས་ཡོད་ཅིང་། དེས་ཁྱི་རྒན་ཞིག་གི་ཉིན་གང་གི“མི་ཚེ”ཡི་ལས་དབང་དང་། མི་དང་ཁྱི་ཡི་སྤྱི་ཚོགས་ཀྱི་ཐོབ་ཐང་དང་གནས་བབ། ཚེ་སྲོག་གི་རིན་ཐང་སོགས་ལ་མི་ཆོས་ཀུན་སྤྱོད་ཀྱི་མཚན་ཉིད་རིག་པའི་ངོས་ནས་གཤིབ་སྡུར་དང་འགྲེལ་བརྗོད་གནང་འདུག་པ་རྟོགས་ཐུབ།
ནང་གི་སྒྲིག་གཞིའི་སྤྲོས་བརྗོད་མཐོང་སྣེ་ནི་གོང་དང་མི་འདྲ་བར“འབོད་པའི་ཐ་སྙད་དང་པོ”སྟེ། “ང”ཡི་མཐོང་ཐོས་མྱོང་གསུམ་ལ་སྦྱར་ཡོད་པས། “ཁྱི་ཡི་མིག་གིས་མི་ཡུལ་ལ་བརྟག་པ”ཡི་མཐོང་སྣེ་དེར་ཀློག་པ་པོ་ལ་བདེན་སྣང་རང་བཞིན་སྟེར་བ་དང་། སྙིང་ཉེའི་ཚོར་བ་ཁྱད་པར་བ་སྦྱིན་པའི་ནུས་སྟོབས་འཛོམས་པོ་ཞིག་འདུག ཡིག་འབྲུ་མང་བོ་མེད་པའི་སྒྲུང་གཏམ་ཐུང་གྲས་འདིས། མཐོང་སྣེ་གཅིག་ནས་གཅིག་ལ་སྤར་ཏེ་སྒྲིག་གཞི་ཁོག་འཛོམས་པོ་ཡོང་བར་བྱས་པར་མ་ཟད། ད་དུང་སྒྲུང་གཏམ་ཐུང་བའི་ཁྱད་ཆོས་ཏེ“འཕྲེད་བཅད”ཀྱི་འཚོ་བའི་ངོས་སྙོམས་མཐོང་ཐུབ་པར་བྱས་པ་དང་། བརྗོད་སྙིང་ཡང་ཅུང་ཟད་གཏིང་ཟབ་སར་བསྐྱལ་ཏེ་ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཡངས་པོ་ཞིག་ཕྱེ་འདུག
འོན་ཀྱང་། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》གི་སྒྲིག་གཞི་ནི་སྤྱིར་བཏང་གི་སྲོལ་རྒྱུན་གྱི་རྩོམ་སྟངས་དང་མི་འདྲ་བར“སྣོལ་སྦྲེལ”(交
错)གྱི་སྒྲིག་གཞི་སྤྱད་ཡོད་པར་མངོན། སྤྱིར་ན་སྣོལ་སྦྲེལ་གྱི་སྒྲིག་གཞི་འདི་ནི་སྒྲིག་གཞི་གཞན་པ་དང་མི་འདྲ་བར་ཚགས་དམ་ཞིང་འགྲེང་ཚུགས་ལྡན་པ་དང་། མཐོང་སྣེ་མང་ཞིང་རིམ་པ་མོད་པ། ཕུན་སུམ་ཚོགས་པ་དང་ཉོག་འཛིང་ལྡན་པ་ཞིག་ཡིན་པས། སྒྲུང་གཏམ་ལ་འཇུག་པ་ཡངས་པོ་ཞིག་མིན་ན་ཅུང་ཟད་ཁ་ལོ་བསྒྱུར་དཀའ་བའི་གནད་དོན་ལ་འཕྲད་སྲིད། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཏུ། མི་སྣ་ཝང་ཏ་ཧེ་དང་འབྲེལ་བའི“ཁྱི་གསོད་ལས་འགུལ”དང་།“ཁྱི་མོ་དམར་མོའི་དོན་རྐྱེན”གྱི་ལོ་རྒྱུས་ཀྱི་འདས་ཟླ་མཐའ་དག་དང་།“ད་ལྟའི་དངོས་ཡོད”ཀྱི་མི་སྣ་དཀོན་ཐོས་ཆུང་མ་བླངས་ཏེ་མ་རྒན་སྒོར་བསྐྲད་པའི་དོན་རྐྱེན་དང་འབྲེལ་བའི་བྱུང་རིམ་གཉིས་སྐུད་ལམ་གཉིས་སུ་བཅད་ལ། ཕྱོགས་དུས(时空)ཀྱི་གོ་རིམ་མཐའ་དག་གཏོར་ནས། ལོ་རྒྱུས་དང་དངོས་ཡོད། སྲོལ་རྒྱུན་དང་དེང་རབས། རིག་གནས་དང་འདུ་ཤེས། ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ལམ་ལུགས་དང་ངོ་བོ་མི་འདྲ་བའི་འཚོ་བའི་བརྙན་རིས་ཁག་གཉིས་ཕན་ཚུན་སྡེབ་རེས་དང་སྣོལ་རེས་ཀྱིས་ཀློག་པ་པོའི་སྤྱན་ལམ་དུ་བཀྲམ་ལ། དེ་ནི་མི་ཞིག་རྒྱང་དུ་སྐྱོད་སྐབས་རྐང་བ་གཉིས་རེས་མོས་ཀྱིས་སྤོ་བའི་འདྲ་རིས་དང་ཀུན་ནས་མཚུངས།
ང་ཚོས་ཞིབ་ཏུ་བལྟས་ན། སྒྲུང་གཏམ་འདིའི་སྒྲིག་གཞི་ལ་རྣམ་པའི་ཆ་ནས་སྣོལ་སྡེབ་ཀྱི་ཉམས་ཤིག་ཐོན་ཡོད་ནའང་། དེ་ནི་ཐབས་ཆག་དང་སྒྱིད་ལུག་གི་ངང་དུ་གནས་པ་ཞིག་ཡིན་པ་ལས། སྣོལ་སྡེབ་ཀྱི་དགེ་མཚན་དང་དགོས་པ་རང་ངོར་གཏན་ནས་ཤར་མེད་པ་ཡིན། དེ་ཡང་གསལ་བོར་བཤད་ན། “ཁྱི་གསོད་ལས་འགུལ”གྱི་བྱུང་བ་དེ་ནི་དཀོན་ཐོའི་ཞང་པོ་བློ་རྒྱམ་གྱིས་རང་གི“རྣ་ལམ་དུ་དཀོན་ཐོས་རང་ཉིད་ཁྱི་མོ་དམར་མོའི་རྣམ་ཤེས་ཡིན་ཟེར་བའི་སྐད་ཆ་དེ་ཐེངས་གཅིག་མིན་པར་འཁོར་ཞིང་འོང་བ”ལ་རྐྱེན་བྱས་ཏེ་ཕྱིར་དྲན་བྱས་པའི་བྱུང་རིམ་ཞིག་ཡིན་པས། སྤྲོས་བརྗོད་ཀྱི་ངོས་ནས་བཤད་ན“བར་བཅུག་གི་བརྗོད་པ”ཡི་ནུས་པ་ཙམ་ལས་ཐོན་མེད་ལ། གལ་ཏེ་སྣོལ་སྡེབ་ཀྱི་རྗོད་ཐབས་མི་སྤྱོད་པར“ཇི་བཞིན་བརྗོད་པ”ཡི་སྤྲོས་བརྗོད་ཁོ་ན་སྤྱད་ནའང་། སྒྲུང་གཏམ་གྱི་སྒྲིག་གཞི་ལ་གཡོ་འགུལ་ཅུང་ཟད་བཏང་བ་མ་གཏོགས། བསམ་བློ་དང་སྒྱུ་རྩལ་གྱི་འགུག་ཤུགས་ལ་གནོད་པ་མི་ཐེབས་པར་མ་ཟད། ད་དུང་དེ་ལས་ལྷག་པའི་དགེ་མཚན་གཞན་ཞིག་མི་ཐོན་པའི་ངེས་པ་ཡང་མེད་དོ། །དེ་བས། སྟག་འབུམ་རྒྱལ་གྱི《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ནི་
སྨི་ལན.ཁུན་ངྷི་ལ(米兰.昆德拉)ཡི་བཞེད་པ་ལྟ་བུའི“ཉོག་འཛིང་དང་གཟབ་ནན་ཅན་གྱི་སྒྲིག་གཞིའི་སྒྱུ་རྩལ”ལ་མི་གཏོགས་པར། ཧ་ཅང་སྟབས་བདེ་དང་རང་སྣང་ཅན་གྱི་ཕྱོགས་སུ་སོང་འདུག་ལ། ཀློག་པ་པོས་བཀླགས་ན“མངོན་གསལ་ཆེས་དྲགས་པའི་སྒྲིག་གཞིའི་རྗེས་ཤུལ”(ཕུའུ་ལུའུ་སི་ཐིའི་སྐད་ཆ)དེ་མིག་ལ་མི་རན་པའི་སྣང་བ་སྟེར་རོ། །གཞན་ཡང་། སྒྲིག་གཞི་དེའི་སྐུད་སྣེ་གཉིས་ནི་དགོས་མེད་ཀྱི་ཇུས་འགོད་ཅིག་ཡིན་པས། གཅིག་རམ་གཅིག་འདེགས་ཀྱི་དགེ་མཚན་ཆེན་པོ་ཐོན་མེད་པ་ཕར་ཞོག ཐ་ན་སྒྲུང་གཏམ་གྱི་བྱུང་རིམ་གྱི་བཞུར་རྒྱུན་ལ་ཁེགས་གནོད་ཐེབས་ཏེ། གཅིག་ནས་བྱུང་རིམ་གྱི་གར་ཚད་དེ་སླ་བོ་ཅན་དུ་བསྒྱུར་པ་དང་། གཉིས་སུ་ཀློག་པ་པོའི་ཚོར་བའི་ཉམས་མྱོང་ལ་གཏོར་བརླག་ཐེབས་ནས་ལྟ་ཀློག་གི་ཁ་ཕྱོགས་འབོར་བའི་དཀའ་ཁག་ཀྱང་མི་འདོད་བཞིན་དུ་མགོ་ལ་འབབ་པའི་སྐྱོན་གནས་སོ།།
ཡིན་ནའང་། ང་ཚོས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་སྒྲིག་གཞིའི་ཞན་ཆ་དེ་ཙམ་གྱིས་སྒྲུང་གཏམ་གྱི་ལེགས་ཆ་ཡོངས་སུ་བསྒྲིབས་པར་མི་འདོད་དེ། ཁོང་གི་འཚོལ་སྙེག་ནི་སྒྲིག་གཞི་རྙིང་བའི་རྣམ་པ་ལས་ཐར་ཐབས་བྱེད་པ་ཁོ་ན་མ་ཡིན་པར། ཆེས་གལ་ཆེ་བ་ནི་སྒྲིག་གཞིའི་སྒྱུ་རྩལ་གྱིས་སྒྲུང་གཏམ་པ་ཞིག་གི“དོན་དངོས་ལ་འབད་སྙེག་བྱེད་པ”ཡི་སྙིང་སྟོབས་ཤིག་མཚོན་ཡོད་པ་དང་། སྒྲུང་གཏམ་གྱི་ཤུགས་བསྟན་གྱི་བརྗོད་སྙིང་སློང་བའི་ཆེད་དུ་ཀྱག་ཀྱོག་དང་ཉོག་འཛིང་ལྡན་པའི་བྱུང་རིམ་གྱི་འགལ་རྐྱེན་ལ་ཆེས་ཆེར་མི་བརྟེན་པ་དང་། སྒྲིག་གཞིའི་རྣམ་པའི་སྟེང་གི་རང་མོས་རང་བཞིན་དང་འཚོ་བའི་མཛེས་སྡུག་དང་ཕུན་ཚོགས་ལ་སྔར་ལས་ལྷག་པས་ཉམས་ཞིབ་དང་བརྩི་བཀུར་གནང་ཡོད་པ་རེད། དེ་བས་ཁོང་གི《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》སོགས་ནི་སྒྲུང་གཏམ་སྔ་མ་སྐོར་ཞིག་དང་བསྡུར་ན། གཏན་ཚིགས་ཀྱི་གནས་ལུགས་བླ་ལྷག་ཏུ་ཟབ་ཅིང་། འཚོ་བའི་རྒྱུས་ལོན་ལ་སྔར་ལས་ལོ་རྒྱུས་ཀྱི་ཚོར་བ་བླ་ལྷག་ཅིག་ཐོན་འདུག་གོ།
གསུམ། 《 ཁྱི་དང་བདག་པོ། ད་དུང་གཉེན་
ཚན་དག》དང《 རྨི་ལམ་ཁྲོད་ཀྱི་
ཁྱི་མོ》 ཡི་བརྗོད་གཞི།
ལོ་ངོ་སུམ་ཅུ་ལྷག་གི་རྗེས་ཙམ་ལ།“རིག་གསར”གྱི་ལོ་རྒྱུས་དེ་མི་རྣམས་ཀྱི་དྲན་པའི་ངོས་ནས་ཁད་ཀྱིས་ཡལ་ལ་ཉེ་བའི་སྐབས་འདིར། སྟག་འབུམ་རྒྱལ་གྱི《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》གིས་བོད་པ་མང་བོའི་འདས་དོན་དྲན་པ་སླར་ཡང་སོས་པར་བྱས།“རིག་གསར”ནི་དུས་རབས་ཉི་ཤུ་པའི་ནང་གི་ཀྲུང་གོའི་ལོ་རྒྱུས་ཀྱི་དོན་རྐྱེན་ཧ་ཅང་གལ་ཆེ་བ་ཞིག་ཡིན་ན། རྩོམ་པ་པོ་དག་གིས་སྒྱུ་རྩལ་གྱི་ལམ་ནས་དེ་ཉིད་ཚུར་སྣང་བྱེད་སྐབས་སུ། ཆབ་སྲིད་སྒྲུང་གཏམ་གྱི་ཁོངས་སུ་བསྐྱལ་ནས་འཚོལ་རྟོག་བྱེད་པ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ལས་མ་འདས། དོན་དངོས་སུ་བཤད་ན། “རིག་གསར”ནི་སྣ་རྐྱང་ཅན་གྱི་ཆབ་སྲིད་ཀྱི་དོན་རྐྱེན་ཁོ་ན་ཙམ་མ་ཡིན་པར། མི་རིགས་ཧྲིལ་པོའི་རྣམ་ཤེས་ཉམས་རྒུད་དུ་འགྲོ་བའི་རིག་གནས་ཀྱི་དོན་རྐྱེན་དང་སྐྱེ་སྟོབས་ཀྱི་དོན་རྐྱེན་ཞིག་ཀྱང་རེད། དོན་རྐྱེན་དེ་བྱུང་བའི་ལོ་ངོ་བཅུའི་ཟིང་ཚུབ་ཀྱིས་མི་རྣམས་ལ་བཟོས་པའི་གནོད་འཚེ་དང་། སེམས་ཁམས་ལ་བཏོད་པའི་རྨ་ཁ་དེ་གཏིང་ཟབ་ཀྱིས་མཚོན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་དག་ལ“རྨ་ཤུལ་རྩོམ་རིག”ཅེས་འབོད།
དོན་དམ་གྱིས་བཤད་ན། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཅེས་པ་ནི“རྨ་ཤུལ་རྩོམ་རིག”ཏུ་བགྲང་ཆོག་སྟེ། རྒྱུ་མཚན་ནི“རིག་གསར”གྱི་ལོ་རྒྱུས་དེ་རྩོམ་གྱི་རྒྱབ་ལྗོངས་སུ་བཀོད་པ་དང་། ཁྱད་པར“ཁྱི་གསོད་ལས་འགུལ”གྱི་དོན་རྐྱེན་དེ་སྒྲུང་གཏམ་གྱི་བྱེ་བྲག་གི་བརྗོད་གཞིར་དྲངས་ཏེ།“རིག་གསར”སྐབས་ཀྱི་གཡོན་ལྷུང་གི་ནོར་འཁྲུལ་ལམ་ཕྱོགས་ཀྱིས། མི་རྣམས་ཀྱི་སེམས་ཁམས་ལ་གཡོ་སྐྱོམ་དང་མི་གཤིས་ལ་འཁྱོག་བསྒྱུར་ཐེབས་པའི་ནག་ཉེས་ཐེར་འདོན་བྱས་ཡོད་པའི་སྟབས་རེད། དེ་བས། དགོན་བཀྲ་ཤིས་དོན་གྲུབ་ཀྱི《 སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》ཅེས་པའི་དཔྱད་རྩོམ་དུ། སྒྲུང་གཏམ་འདི“རིག་གསར”གྱི་ནག་ཉེས་སུན་འབྱིན་པའི་རྩོམ་དུ་བགྲངས་ནས་དཔྱད་བརྗོད་སྤེལ་ཡོད་པ་ཡང་དོན་དངོས་དང་མཐུན་པར་སྙམ། ཡིན་ནའང་རྩོམ་པ་པོས་སྒྲུང་གཏམ་དུ“ཁྱི་གསོད་ལས་འགུལ”ནི“རིག་གནས་གསར་བརྗེ་ཆེན་པོ”ཡི་སྔ་ནུབ་ཏུ“འབྲོག་སྡེ་ཆེན་པོ་འདིར་སླེབས་ཡོང་བ་ཡིན་ནའང་། དེ་གཉིས་ཀྱི་བར་དུ་འབྲེལ་བ་ཅི་ཡང་མེད་པ་འདྲ”ཟེར་ནས་བརྗོད་གཞི་འདི་ལ་གཡོལ་ཐབས་བྱེད་མོད། དེ་ལ་ཡིད་རྟོན་པར་མི་བྱ་སྟེ། དོན་དམ་དུ“རིག་གསར”གྱི་སྐབས་སུ་ད་གཟོད་རྒྱལ་ཡོངས་རང་བཞིན་གྱི“ཁྱི་གསོད་ལས་འགུལ”བྱུང་བ་མ་གཏོགས།“རིག་གསར”སྔོན་དུ་དེ་ལྟའི་ལས་འགུལ་ཞིག་རང་རྒྱལ་དུ་སྤེལ་མྱོང་མེད། དེ་བས“ཁྱི་གསོད་ལས་འགུལ”ཐོག་མར་ཡོང་རྐྱེན་ཡང“རི་བོའི་ཕ་རོལ་གྱི་སྡེ་བ་ཞིག་ནས་གཞི་རིམ་དུ་ཡོང་བའི་ལས་བྱེད་པ་ཞིག་གློ་བུར་གར་སོང་ཆ་མེད་དུ་གྱུར་པས། གནས་ཚུལ་དེ་གང་མྱུར་ངང་གོང་རིམ་ལ་སྙན་སེང་ཞུས་པ་ན། རིམ་པ་གོང་མས་བརྟག་དཔྱད་ཡང་ཡང་བྱས་མཐར་ཁྱི་སྨྱོན་གྱིས་འཆོས་པ་ཡིན་པར་སྙམ་པ་དང་། རྫོང་ཨུའི་ཧྲུའུ་ཅི་
ཀྲའོ་ལགས་ཀྱིས་དེ་མ་ཐག་བྲེལ་མྱུར་ངང་ཚོགས་འདུ་བསྡུས་ཏེ་ཁྱི་གསོད་ལས་འགུལ་མྱུར་སྤེལ་བྱ་རྒྱུར་བཀོད་སྒྲིག་བྱས”ཟེར་བ་ནི་ལོ་རྒྱུས་ཀྱི་རྐང་དང་མི་མཐུན་ལ། ཡང་གཅིག་བཤད་ན“ཁྱི་གསོད་ལས་འགུལ”སྤེལ་ས་ནི་སྡེ་བ་ཞིག་ཡིན་པ་དང་། དེ་སྤེལ་
མཁན་ནི“ལས་བྱེད་ཚན་ཆུང”ཞིག་ཡིན་ཞིང་།
ལས་བྱེད་ཚན་ཆུང་ཞིག་གིས་སྡེ་བ་ཞིག་ཏུ་སྤེལ་པའི་ཁྱི་གསོད་ཀྱི་ལས་ཀའི་རྩ་འཛུགས་ཀྱི“འགུལ་སྐྱོད”ཆུང་ཆུང་དེ་ལ།“ལས་འགུལ”(运动)ཞེས་པའི་ཆབ་སྲིད་ཀྱི་ཐ་སྙད་དེ་འདྲ་སྦྱོར་བ་ནི་ཞི་ལའི་སྐེ་ལ་སྟག་གི་མགོ་བོ་སྤྲད་པ་དང་ཆོས་མཚུངས་སོ། །གཞན་ཡང“ཁྱི་གསོད་ལས་འགུལ”གྱི་མགོ་པ་ཝང་ཏ་ཧེ་ཡིས“ཁྱི་གསོད་པར་མི་འཐད་མཁན་དང་ཁྱི་གསོད་བྱ་བ་མི་སྒྲུབ་མཁན་ཡོད་ན། དེ་ནི་ཐད་ཀར་ཀྲའོ་ཧྲུའུ་ཅིར་ངོ་རྒོལ་བྱས་པ་ཡིན་ལ། ཐད་ཀར་གསར་བརྗེར་ངོ་རྒོལ་བྱས་པའང་ཡིན”ཞེས་པའི་སྐད་ཆ་འདི“རིག་གསར”སྐབས་ཀྱི་གཏམ་འབའ་ཞིག་ཡིན་པ་ཤེས་ཐུབ་ལ། ཝང་ཏ་ཧེ་ཡིས་ཁྱི་མོ་དམར་མོའི་བདག་པོ་ཞང་པོ་བློ་རྒྱམ་མི་མང་ཚོགས་པའི་དཀྱིལ་དུ་ལངས་སུ་བཅུག་ནས།“གསར་བརྗེ་ངོ་རྒོལ་པ་ཡི”ཞྭ་མོ་བསྐོན་ཅིང་འཐབ་རྩོད་ཉིན་འགར་བྱས་རྗེས་ཐོན་སྐྱེད་རུ་ཁག་གི་རྟ་རྫི་བྱེད་དུ་བཅུག་པའི་བྱུང་རིམ་དེ་འདྲ“རིག་གསར”གྱི་སྔ་ནུབ་ཏུ་འབྱུང་སྲིད་དམ།
དོན་དམ་དུ“རིག་གསར”སྐབས་ཀྱི“ཁྱི་གསོད་ལས་འགུལ”ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྱུང་རྐྱེན་ཡོད་དེ།“རིག་གསར”གྱི་སྐབས་སུ། རང་རྒྱལ་གྱི་ཞིང་སྡེའི(འབྲོག་སྡེ་ཡང་ཚུད)ནང་དུ་ཁྱིམ་ཚང་མི་ཉུང་བས་ཁྱི་རིགས་གསོས་ཡོད་ཅིང་། ལོ་རབས་དྲུག་ཅུ་པའི་མཇུག་དང་ལོ་རབས་བདུན་ཅུ་པའི་དུས་མགོའི་ལོ་ཁ་ཤས་ཀྱི་བར་དེར། རྒྱལ་ཁབ་ཀྱིས་ཞིང་སྡེའི་ཁྱི་རིགས་ཡོད་ཚད་རྩ་མེད་གཏོང་དགོས་པའི་གནམ་ལྕགས་ཐོག་གི་བཀའ་བབས་ཡོད། ཁྱི་རིགས་རྩ་མེད་གཏོང་དགོས་པའི་རྒྱུ་མཚན་ནི། འཚོ་བའི་ཐད་ནས་ཁྱི་རིགས་ཀྱིས་མི་ཡི་ཁ་ཟས་འཕྲོག་གིན་ཡོད་པའི(རྒྱའི་རྩོམ་པ་པོ་ཀྲང་ཞན་ལེང་གི་སྒྲུང་གཏམ《རྒད་པོ་ཞིན་ལགས་དང་ཁྱིའི་གཏམ་རྒྱུད》ཅེས་པའི་ནང་དུ། སྐབས་དེར་ཁྱི་ཞིག་གིས་ཉིན་རེར་ཕྱེ་རྒྱ་མ་ཕྱེད་ཙམ་དང་ཟླ་རེར་ཕྱེ་རྒྱ་མ་བཅོ་ལྔ་ཟ་བའི་སྤྲོས་བརྗོད་ཅིག་འདུག)ནོར་འཁྲུལ་གྱི་འདོད་ཚུལ་བཅངས་པའི་སྟབས་རེད། དེ་ཡང་སྐབས་དེ་དག་གི་རིང་ནི་ཟ་མ་དཀའ་ངལ་ལོའི་མུ་གེའི་རྗེས་ཤུལ་ད་དུང་ཡལ་མེད་པའི་དུས་སུ་ཁེལ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ག་ས་གང་དུ་ལྟོགས་སྐོམ་གྱིས་མནར་བའི་རྣམ་པ་ཤར་ཡོད་ལ། ཞིང་སྡེ་དང་འབྲོག་སྡེ་ནི་ཤིན་ཏུ་ཚབས་ཆེ་བའི་ངང་དུ་གནས་ཡོད་པ་རེད། མི་རྣམས་ལྟོགས་གྲིར་འཆི་བའམ་ལྟོ་བ་མི་འགྲང་བའི་ཉེན་ཁར་ལྷུང་དུས། མི་ཡི་ཁ་ཟས་ཀྱིས་ཁྱི་ཡི་ཚེ་སྲོག་གི་རྒྱུན་སྐྱོང་བར་བྱེད་པ་ནི་ཤིན་ཏུ་ཁག་པའི་གནས་ཤིག་ལོས་ཡིན། དེ་བས་ཁྱི་རིགས་རྩ་མེད་དུ་གཏོང་བ་ནི་སྐབས་དེའི་མི་རྣམས་ཀྱི་འཚོ་བའི་མུ་གེ་སེལ་ཐབས་ལས་གཞན་པའི་དམིགས་ཡུལ་མེད་ལ། བསམ་ཚུལ་དེར་ཕྱི་ངོས་ནས་བལྟས་ན་གནས་ལུགས་ཡོད་པ་འདྲ་མོད། དོན་དངོས་སྟེང་ནས་བརྟགས་ན། གོང་རིམ་རྩ་འཛུགས་ཀྱིས་ཁྱི་རིགས་འཚོ་དགོས་ན་ཁ་ཟས་ལ་བརྟེན་དགོས་པ་རྟོགས་ཀྱང་། མི་དང་ཁྱི་རིགས་ཀྱི་ཁ་ཟས་སོ་སོར་ཡིན་ཆོག་པ་ཡིད་ལ་མ་འཁོར་བར་འདུག་སྟེ། ཁྱིས་བཟའ་ཆོག་པའི་ལྟོ་ཆས་ཕལ་ཆེར་མིས་བཟའ་མི་རུང་བ་དང་། ཁྱི་གསོ་ཐུབ་པའི་ལྟོ་ཆས་མཐའ་དག་གིས་མི་གསོ་ཐུབ་པའི་ངེས་པ་མེད་པས་སོ། །
དེར་བརྟེན། ང་ཚོས་རྒྱའི་སྒྲུང་གཏམ་དཔྱད་བརྗོད་པ་ལི་ཅན་ཅུན(李建军)གྱིས“གཡོན་ལྷུང”གི་ཆབ་སྲིད་ཀྱི་རྣམ་པར་ངོས་འཛིན་བྱེད་སྐབས།“‘རིག་གསར'ནང་དུ་འདུས་པའི་རྒྱུན་མཐུད་ཀྱི‘གཡོན་ལྷུང'གི་ལས་འགུལ་དེ་ལ། ཁེར་རྐྱང་གི་ངོས་ནས་དུས་སྐབས་གཅིག་གི་ནང་དུ་བྱུང་བར་ལྟ་བ་ནི་ནོར་འཁྲུལ་ཡིན་པར”⑤དགོངས་པའི་སྐད་ཆའི་དོན་དེ་ཡིད་ལ་བཅགས་ནས།“ཁྱི་གསོད་ལས་འགུལ”ནི“རིག་གསར”གྱི་སྙིང་བོ་མེད་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་ནས་བཞུར་དུ་འཇུག་དགོས་ལ། “ཁྱི་གསོད་ལས་འགུལ”གྱི་གཟབ་འབྲི་དེ་དག་ལ་རྒྱའི་དཔྱད་བརྗོད་པ་ཝང་པིན་པིན(王彬彬)གྱིས“ལོ་རྒྱུས་རང་བཞིན་གྱི་བྱུང་རིམ་ཕྲ་རབ”ཅེས་བརྗོད་དེ་གོ་བ་བླངས་ན་ཤིན་ཏུ་དག་པར་འདོད་དོ། །
དགའ་འོས་པ་ཞིག་ལ། རྩོམ་པ་པོས“ལོ་རྒྱུས་རང་བཞིན་གྱི་བྱུང་རིམ་ཕྲ་རབ”དེ་དོན་རྐྱེན་གྱི་ཁུངས་སྣེ་རུ་བཟུང་ནས་རྩོམ་གྱི་བརྗོད་གཞི་རྒྱ་བསྐྱེད་དེ།“རིག་གསར”གྱི་ཆབ་སྲིད་ལམ་ལུགས་ཀྱི་ནག་ཉེས་བགྲང་བ་དང་དུས་མཉམ་དུ། ཁྱི་དང་བདག་པོ་བར་གྱི་རིག་གནས་ཀྱི་འབྲེལ་བ་དེ་ཐབས་མཁས་ཀྱིས་མཚོན་པར་བྱས་པ་ནི། དེ་སྔའི་བོད་ཀྱི་རྩོམ་པ་པོ་མང་བོ་ཞིག་གི་སྨྱུག་འོག་ཏུ་མཐོང་དཀོན་པའི་ཆ་ཡིན་ལ། སྟག་འབུམ་རྒྱལ་རང་ཉིད་ཀྱིས་དེ་སྔོན“རིག་གསར”གྱི་དུས་སྐབས་རྒྱབ་ལྗོངས་སུ་བྱས་པའི《 ལྷིང་འཇགས་ཀྱི་རྩྭ་ཐང》དང་། 《 ནག་འཚོ་སྐྱིད》
དག་དང་མི་འདྲ་བའི་འཕེལ་རྒྱས་ཀྱི་ཐོད་བརྒལ་ཞིག་ཀྱང་རེད། དེ་ཡང་ཡིན་ཏེ། དུས་ཡུན་རིང་བོ་ཞིག་གི་ནང་དུ།“རིག་གསར”གྱི་སྒྲུང་གཏམ་གསར་རྩོམ་གྱི་ཁྱབ་ཁོངས་སུ། གཙོ་ཁྲིད་ཀྱི་གོ་གནས་བརྟན་པོ་བཟུང་ཡོད་པ་ནི“ཆབ་སྲིད—མི་གཤིས”ཀྱི་སྤྲོས་བརྗོད་དེ་ལས་མ་འདས་ལ། སྤྲོས་བརྗོད་དེ་ནི་ཐ་ན་བོད་ཀྱི་རྩོམ་པ་པོ་ཀུན་གྱི“རིག་གསར”གྱི་གཏམ་རྒྱུད་རྗོད་བྱེད་ཀྱི་རྨང་གཞིའི་སྤྲོས་བརྗོད་ཐབས་ཤེས་ཀྱི་མ་དཔེ་ཞིག་ཏུ་ཆགས་ཡོད་པས་སོ། །དོན་སྙིང་དེའི་ཆ་ནས་བལྟས་ན། 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ནི། དེ་སྔར་རྒྱའི་རྩོམ་པ་པོ་ཧྥེང་ཅི་ཚའེ(冯骥才)ཡིས་ཀྲོའུ་ལི་མེན(周立民)ལ“བརྩམས་ཆོས་གང་འདྲ་ཞིག་ནི་ད་གཟོད‘རིག་གསར’ངོ་མ་བྲིས་པ་རེད”ཅེས་པའི་བཅར་འདྲི་ལ་ལན་བསྐྱོན་པ་ལྟར།“‘རིག་གསར’གྱིས་བསྒོས་པའི་དྲན་པ་ནི་ཆབ་སྲིད་ཀྱི་དྲན་པ་ཁོ་ན་མ་ཡིན་པར། རིག་གནས་ཤིག་གི་དྲན་པ་ཡང་རེད”⑥ཅེས་པའི་ནང་དོན་གྱི་ཆུ་ཚད་དང་མཉམ་པོར་འདུག་པས།“རྨ་ཤུལ་རྩོམ་རིག”གི་བརྩམས་ཆོས་ལེགས་པོ་ཞིག་ཏུ་འཁུམས་སོ། །
རང་རྒྱལ་ལ་མཚོན་ན།“རྨ་ཤུལ་རྩོམ་རིག”ནི་དུས་རབས20པའི་ལོ་རབས50པའི་རྗེས་ཀྱི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ལས་འགུལ་ཐེངས་ཤིག་ཡིན་མོད། ལོ་རབས80པའི་དུས་དཀྱིལ་དང་ཁྱད་པར་ལོ་རབས90པའི་དུས་མགོ་ནས་བཟུང་། རྩོམ་རིག་འདུ་ཤེས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་ཚོང་ལས་ཅན་གྱི་རྣམ་པའི་འགྱུར་ལྡོག་དང་བསྟུན་ནས། རྒྱའི་རྩོམ་པ་པོ་མང་ཆེ་ཤོས་ཀྱིས་ཤ་ཐང་ཐང་གིས“ཆབ་སྲིད་ལ་གཡོལ་བ”དང“བླ་ན་མེད་པ་ལ་གཟུར་བ”ཡི་སྤྲོས་བརྗོད་དོན་དུ་གཉེར་བས། རྩོམ་རིག་གི“རིག་གསར”གྱི་བརྗོད་གཞི་དེ་རང་བཞིན་གྱིས་ཚད་གཞི་མཐོན་པོ་ཞིག་གི་སྟེང་ནས་ཀུན་གྱིས་དོ་སྣང་བྱ་ཡུལ་ལས་རིང་དུ་གྱེས་པར་གྱུར་ཏེ།“བཅོས་སྒྱུར་རྩོམ་རིག”གི་ཕྱོགས་སུ་གཞོལ་བ་དང་།“བཅོས་སྒྱུར་རྩོམ་རིག”ལ་དུས་རབས་ཀྱི་དབྱངས་རྟ་གཙོ་བོའི་ཁྱད་ཆོས་ལྡན་པས། མཐའ་དཔྱོད་རང་བཞིན་ཅན་གྱི“རྨ་ཤུལ་རྩོམ་རིག”དེ“བཅོས་སྒྱུར་རྩོམ་རིག”གིས་ཕལ་ཆེར་མཇུག་སྡུད་མཚམས་བཞག་པ་རེད། ཡིན་ནའང་ང་ཚོའི་རྩོམ་པ་པོ་རྣམས་ད་དུང“རིག་གསར”གྱི་བརྗོད་གཞི་དང་ཁ་འབྲལ་མ་ཐུབ་པར་ཡོད་པ་ནི། མཐར་གཏུགས་ན་ཡང་སྙིང་མི་རིགས་གཞན་དང་བར་ཐག་གང་འདྲ་ཞིག་གིས་རྗེས་སུ་ལུས་ཡོད་པ་ཡིན་ནམ། གནད་དོན་དེའི་དབང་གིས་ང་ཚོའི་སྒྲུང་གཏམ་མང་བོ་ཞིག་ལ“རྩོམ་རིག་གི་གསར་འགྱུར་རང་བཞིན”ཞན་པ་དང་། གཞན་གྱིས་བལྡད་ཟིན་པའི་གོ་རེ་ལྟར་བྲོ་བ་འཛོམས་པོ་ཞིག་མེད་པའི་མཇུག་འབྲས་བྱུང་བ་ཡིན།
“རིག་གསར”གྱི་བརྗོད་གཞི་དང་ཁ་འབྲལ་ཐུབ་ཀྱིན་མེད་པ་ནི་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་མང་བོ་ཞིག་ལ་ཐུན་མོང་དུ་གནས་པའི་བརྗོད་གཞི་གདམ་གསེས་དང་བརྗོད་གཞིའི་རིན་ཐང་འཁྱེར་སོའི(价值取向)ཐད་ཀྱི་གནད་དོན་ཞིག་རེད། ཁོང་གིས་ནམ་ཡང“རིག་གསར”ནི“བརྗོད་གཞི་གལ་ཆེན་ཅན”(重要题材)ལ་ལྟ་བ་དང་།“རིག་
གསར”གྱི་འཚོ་བའི་རྒྱུ་ཆ་ཞིག་རྙེད་ཚེ། གདམ་གསེས་དང་སྒྱུ་རྩལ་གྱི་ལས་སྣོན་དང་འདོར་ལེན་ཅི་ཡང་མེད་པར་འཚོ་བའི་མ་གདན་གང་དེ་ཇི་བཞིན་དུ་འགོད་རྐྱང་བྱེད་པས། བརྗོད་གཞིའི་གདམ་གསེས་དེ་ལ་མ་གཞི་ནས་རིན་ཐང་ངེས་ཅན་ཞིག་འདུས་ནས་འདུག་པ་ཁོང་དུ་མ་ཆུད་པར་འདུག འདིར《རྨི་ལམ་ཁྲོད་ཀྱི་ཁྱི་མོ》 ཞེས་པ་ལས་རྣམ་གསལ་གྱི་དཔེར་བརྗོད་ཅིག་དགོད་ན་འདི་ལྟ་སྟེ།
སྟོབས་ལྡན་གྱི་ཨ་མ་འཚོ་ཞིང་གཞེས་པའི་སྐབས་སུ། ནམ་རྒྱུན་རྡོ་དཀར་གྱི་ལྷ་སྐུ་མཐེ་བོང་ཙམ་དེ་ཁྱིམ་གྱི་ཡར་ཕུག་ཏུ་སྒམ་ཆུང་ཞིག་བཞག་པའི་སྟེང་དུ་བཞུགས་སུ་བཅུག་ཅིང་། ཕྱག་དང་མཆོད་པའི་ལས་ཀ་དག་མཚམས་ཆད་མ་མྱོང་། ཐ་ན“རིག་གསར”གྱི་སྐབས་སུ་དམར་སྲུང་དམག་གིས་ལྷ་སྐུ་དེ་མྱུར་དུ་ཡར་སྤྲོད་བྱེད་དགོས་ཞེས་སྔོག་བཤེར་བྱེད་དུས་ཀྱང་། མོས་ཐབས་མཁས་ངང་ངས་ལྷ་འདྲེ་གདོན་བགེགས་ཁམ་གང་གིས་ཟོས་ཏེ་མེད་པར་བྱེད་ཆོག་ཟེར་ནས་བཙན་ཚུགས་ཀྱིས་མིད་ཅིང་། དམར་
སྲུང་དམག་ཕར་སོང་བའི་རྗེས་ཀྱི་མཚན་མོར། མོས་ཕྱེ་ཁུ་རློན་པ་འཐུངས་ནས་ཁོག་པ་བཤལ་དུ་བཅུག་ཅིང་། རྡོ་དཀར་གྱི་ལྷ་སྐུ་དེ་བཤང་བ་ལས་ཕྱིར་བཏོན་ཏེ་གཙང་མར་བཀྲུས་ནས་སྲུང་སྐྱོབ་བྱས་པ་རེད།……(2015ལོའི《 སྦྲང་ཆར》དེབ་གཉིས་པའི་ཤོག་ངོས84པ)
ཉིན་ཞིག་སླར་ཡང་དམར་སྲུང་དམག་འགས་ང་ཐག་པས་བཀྱིགས་ཏེ་མང་ཚོགས་མང་བོའི་དཀྱིལ་དབུས་སུ་བསླངས་ནས་འཐབ་རྩོད་བྱེད་སྐབས། མོས་ཕོར་ཆག་རལ་བོ་ཞིག་གི་ནང་དུ་གཅིན་ཁུ་སེར་པོ་ཞིག་བླུགས་ཏེ་ཅ་ཅོ་སྒྲོག་བཞིན་ངའི་སྟེང་ལ་ཤོར་ཡོང་སྟེ། བཤུ་གཞོག་གྲལ་རིམ་འདིས་ད་བར་དུ་ང་ཚོར་མགོ་སྐོར་བཏང་བ་རེད། ངས་དེ་རིང་རང་ཉིད་ཀྱི་གཅིན་ཁོ་ལ་འཐུང་དུ་བཅུག་སྟེ་སྙིང་ནད་དྭངས་སུ་འཇུག་རྒྱུ་ཡིན་ཟེར། བཟོ་ལྟར་བལྟས་ན་ཞེ་སྡང་གི་མེ་ལྕེ་འབར་གྱིན་འདུག་པས་ལྡུད་ངེས་པར་ཐེ་ཚོམ་མི་འདུག ང་དེ་ལ་སྐྲག་པ་ལྟ་བུ་ཞིག་གང་དང་ཅི་ལ་ཡང་སྐྲག་མ་མྱོང་། མོ་ངར་ངར་ངང་ཡོང་སྟེ་ལྡུད་རྒྱུར་ཐེ་ཚོམ་མི་འདུག་པས། མང་ཚོགས་ཡོངས་རྫོགས་ཧ་ལས་སོང་བར་མ་ཟད། ཉེ་འགྲམ་གྱི་དམར་སྲུང་དམག་དག་གིས་ཀྱང་ང་གློད་དེ་རང་རང་སར་འགྲེང་སྟེ་བསྡད་སོང་བས། ང་ནི་དེ་མལ་དུ་ས་རུ་འགྱེལ། མོ་ངའི་ཉེ་སར་བཅར་ཡོང་གིན་འདུག ངས་བལྟས་པ་ན། སེར་ཞིང་འབྱར་བག་ཅན་གྱི་གཤེར་ཁུ་དེ་ནི་མི་ནད་པ་ཞིག་གི་གཅིན་པ་དང་འདྲ་བོ་འདུག་པས། སེམས་སུ་བུད་མེད་ཀྱི་གཅིན་པ་ནི་འདི་འདྲ་ཞིག་ཡིན་ནམ་སྙམ་མུར་དེ་མ་ཐག་ཏུ་སྐྱུག་མེར་ལངས་བྱུང་། འོན་ཀྱང་མོས་དེ་དག་ལ་ཁ་ཡ་ག་ལ་བྱེད་སྲིད། ལག་གཡོན་པས་ངའི་ཁ་གདངས་སུ་བཅུག་ཅིང་། ལག་གཡས་པས་ཤུགས་བཏོན་ཏེ་ཕོར་ཆག་དེ་ངའི་ཁ་རུ་གཏད་ནས་བཙན་ཚུགས་ཀྱིས་འཐུང་དུ་བཅུག་བྱུང་བས། ཐོག་དང་པོར་ང་ལ་མིག་ཆུ་བཞུར་བྱུང་། ཁམ་བུ་དང་པོ་འཐུང་དུས་ངའི་ཀླད་པའི་ནང་དུ་མུན་ནག་ཅིག་འཐིབས་ཏེ་དེའི་བྲོ་བ་ཅི་འདྲ་ཡིན་པའང་ཤེས་མ་སོང་། ཁམ་བུ་གཉིས་པ་འཐུང་དུས་ངའི་རིག་པ་གཞི་ནས་ནང་དུ་འགུགས་ཐུབ་པར་གྱུར། དེའི་བྲོ་བ་ནི་ང་ལ་ཧ་ཅང་གསལ་ཆ་ཡོད་པ་ཞིག་རེད། བུད་མེད་ཀྱི་རིག་པ་ཟེར་བ་དཔག་དཀའ་ཨང་། མ་གཞི་མོས་ཆུ་ཁོལ་གྱི་ནང་དུ་ཀ་ར་བསྒྲུངས་ཏེ་ང་ལ་འཐུང་དུ་བཅུག་པ་ཡིན་འདུག(2015ལོའི《 སྦྲང་ཆར》དེབ་གཉིས་པའི་ཤོག་ངོས92—93པ)
གོང་གསལ་གྱི་གཏམ་རྒྱུད་ལས་ལྷ་སྐུ་བཤང་བ་ལས་བཏོན་པ་དང་། ཨ་ལགས་ལ“གཅིན”འཐུང་དུ་བཅུག་པའི་བྱུང་རིམ་དེ་འདྲ་ལ་དངོས་གནས“རིག་གསར”སྐབས་སུ་འཚོ་བའི་མ་གདན་ཡོད་པའི་དབང་དུ་བཏང་ནའང་། བོད་ཁ་བ་རི་བའི་ཡུལ་ལ་བརྒྱ་ལམ་དུ་འབྱུང་དཀའ་བའི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་ན། ཀློག་པ་པོའི་ཡིད་དབང་དགུག་རྒྱུ་ཕར་ཞོག ཐ་ན་གཏམ་རྒྱུད་རྫུན་བཟོ་བྱས་འདུག་པའི་ཚོར་བ་སྟེར་ལ། སྒྲུང་གཏམ་རང་ངོས་ནས་བཤད་ནའང་། རྩོམ་པ་པོས་འཚོལ་རྟོག་གཏོང་བ་ནི་འདིའི་རིགས་མ་ཡིན་པར། མིའི་རིགས་ཀྱི་ཆེས་བདེན་དངོས་ཀྱི་ལས་དབང་དང་སྤྱི་ཚོགས་ཀྱི་འཕོ་འགྱུར། མིའི་སེམས་ཁམས་ཀྱི་བཞུད་ལམ་དང་རིག་གནས་ཀྱི་འདུ་ཤེས་དེ་རེད། དེ་བས། རྒྱའི་མིང་གྲགས་ཅན་གྱི་རྩོམ་པ་པོ་ཞ་ཧྲང(夏商)གིས“རྩོམ་པ་པོ་ཅི་འདྲའི་རྟོག་བཟོ་མཁན་པོ་ཞིག་ཡིན་ནའང་། སྐབས་རེར་འཚོ་བའི་གསོག་གསོབ་དང་མཚར་སྣང་དེ་སྒྲུང་གཏམ་ལས་བརྒལ་སྲིད་པ་སྟེ། རྒྱུན་ལྡན་གྱི་གཏན་ཚིགས་དག་གཏོར་སྲིད་པས། རྒྱུ་ཆ་གང་ཡང་རུང་བ་མཐའ་དག་སྒྲུང་གཏམ་དུ་སྤོ་རྐྱང་བྱེད་པ་ཞིག་མ་ཡིན་པར། འདྲ་གཏུབ་དང་ལས་སྣོན་བགྱིས་ཏེ་འོས་འཚམ་མིན་པའི་ཁག་དེ་འདོར་ཐབས་བྱེད་དགོས་ཤིང་། དོན་དག་ལ་ལ་ནི་འཚོ་བའི་ཁྲོད་དུ་དངོས་སུ་བྱུང་མྱོང་ཡང་། གལ་སྲིད་ངོ་མཚར་ལས་ཆེས་ཆེར་འགོངས་པ་ཡིན་ན། སྔར་བཞིན་གཏམ་རྒྱུད་ཀྱི་ཆ་ཤས་ལ་མི་འཚམ་པ་ཡིན”⑦ཞེས་གོ་རྒྱུ་ཅན་གྱི་གཏམ་སྨྲས་པ་ལ་བསམ་གཞིག་གཏང་རྒྱུ་ཡོད་དོ། །
དོན་དམ་གྱིས་བཤད་ན།“རྨ་ཤུལ་རྩོམ་རིག”ཕལ་ཆེ་བ་ནི་བརྗོད་བྱའི་སྙིང་བོ་རྟག་ཅིང་བརྟན་པ་ཞིག་མ་ཡིན་པར། དུས་རབས་དེའི་ནང་དུ་བཀླགས་ཚེ་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་སུ་འཇུག་ནུས་ཀྱང་། ད་ལྟའི་དུས་ལ་བལྟས་ན་མྱོང་རོལ་གྱི་རིན་ཐང་དུས་དང་བསྟུན་ནས་འབྲི་བར་འགྱུར་གྱིན་འདུག དེ་ནི་བརྩམས་ཆོས་དེའི་རིགས་དུས་རབས་དེའི་སྤྱི་ཚོགས་ཀྱི་དངོས་ཡོད་སྣང་ཚུལ་དང་བསམ་བློའི་འཁོར་རྒྱུག་གི་རྣམ་པར་བརྟེན་ཞིང་ཁེན་ནས་གཞི་གྲུབ་ཡོད་པས། རྩོམ་རིག་གི་རིན་ཐང་ནི་བརྗོད་གཞིའི་ཕྱི་རིམ་ན་གཡེང་བ་ལས། མཛེས་དཔྱོད་ཀྱི་སྤྱི་འགྲོས་སྟེང་ན་མེད་པའི་སྟབས་རེད། དེ་བས། ད་ལྟ་ང་ཚོས་སྟག་འབུམ་རྒྱལ་གྱི“རྨ་ཤུལ་རྩོམ་རིག”གི་སྒྲུང་གཏམ་མཐའ་དག་ལ་དང་བ་རིམ་གྱིས་ལྷོད་ཀྱིན་པ་ནི། ཡོད་ཚད་ཁོང་གི་གསར་རྩོམ་གྱི་ཆུ་ཚད་ལ་ཁག་དཀྲི་ཐབས་ག་ལ་ཡོད།
གཞན་ཡང་རྩོམ་རིག་གི་སློབ་གསོའི་ནུས་པའི་ཆ་ནས་བཤད་ན།“རིག་གསར”ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་ཆེས་ཡིད་སྐྱོ་བའི་སྐྱོ་གར་ཆེན་པོ་ཞིག་ཡིན་པས།“རྨ་ཤུལ་རྩོམ་རིག”ལ་ཕྱི་རབས་པར་གོ་སྐོན་བློ་འགུག་གཏོང་བའི་ནུས་པ་ཞན་པ་ནི་རང་བཞིན་གྱི་གནས་ལུགས་ཤིག་རེད། དེ་བས་ཧུའུ་ཆའོ་མུའུ(胡乔木)ཡིས“‘རིག་གནས་གསར་བརྗེ་ཆེན་པོ 'ཡི་ཁྲོད་ཀྱི་གཅར་རྡུང་འཕྲོག་གསུམ་དང་། ཡ་ང་བ་དང་གཡོ་སྒྱུ་ཆེ་བ། སྐྱུག་བྲོ་བ། གདུག་རྩུབ་ཆེ་ཞིང་ཀླ་ཀློའི་སྤྱོད་པ་དང་ལྡན་པའི་ཚོགས་ར་དེ་གློག་བརྙན་ཁྲོད་དུ་འཁྲབ་དྲགས་ན། མི་རབས་རྗེས་མ་དང་དེའི་རྗེས་མ་དག་གི་སློབ་གསོ་ལ་ཕན་པར་མི་འགྱུར”⑧ཞེས་གསུངས་པ་ལྟར། རྩོམ་རིག་སྒྱུ་རྩལ་ཡང་དེ་ལས་མ་འདས་པ་ལགས་ན། ང་ཚོའི་གསར་རྩོམ་གྱི་བརྗོད་གཞི་དེ་ཆབ་སྲིད་ཀྱི་བྲན་དུ་མི་འགྱུར་བར་རང་རྐྱ་ཐུབ་པའི་ལམ་དུ་འཇུག་པ་དང་།
སྔར་བས་རྒྱ་ཆེ་བ་དང་གཏིང་ཟབ་པ། ཡོངས་ཁྱབ་རིན་ཐང་གིས་གཏམས་པའི་ཕྱོགས་སུ་བསྙེག་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད།
(འཕྲོ་མ་དེབ་རྗེས་མར་མུ་འགོད་བྱའོ)
ཟུར་ལྟའི་དཔྱད་གཞི།
①《 སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2001ལོར་པར་དུ་བསྐྲུན།
②鲁迅,《五论“文人相轻”—明术》,选自《且介亭杂文二集》一书,人民文学出版社2006年1月版。P139
③④《外国作家谈创作经验》,武汉大学中文系文艺理论教研室编。P369/371
⑤李建军,《大文学与中国格调》,作家出版社2015年1月版。 P5
⑥冯骥才,《忧思与行动—冯骥才,周立民对谈录》,漓江出版社2015年1月版。 P130
⑦夏商,《回到废话观场》,华东师范大学出版社2015年1月版。
⑧胡乔木,《胡乔木谈文学艺术》,人民出版社1999年1月版。P187
(རྩོམ་སྒྲིག་འགན་འཁུར་པ་པད་མ་དབང་ཆེན་ཡིན)