འདི་ནི་ལོ་བཅུ་གཅིག་སྔོན་གྱི་གནས་ཚུལ་ཞིག་ཡིན།
སྟོན་ཁ་དེར། ཆིང་དབྱང་སྡེ་བ་ནི་བདེ་ཐང་དང་རི་ངོས་སོགས་རི་ལ་ཐང་མེད་པར་ཡོད་ཚད་ཁ་དོག་རྣམ་པར་བཀྲ་བ་ཞིག་ཏུ་སྣང་སྟེ། ཁ་དོག་ལ་སེར་རྐྱང་དང་། སེར་སྐྱ། སེར་སྐྱ་ཙམ་འདྲེས་པ། སྨུག་པོ་དང་སྨུག་སྐྱ། སྨུག་སྐྱ་ཙམ་འདྲེས་པ། དམར་རྐྱང་དང་དམར་སྐྱ། དམར་སྐྱ་ཙམ་འདྲེས་པ…… རི་རྒྱུད་རེ་རེ་དང་ལྗོན་རྐང་རེ་རེ། ལེབ་མོ་རེ་རེ། ཚོམ་བུ་རེ་རེ། ཆུང་ཆུང་རེ་རེའི་ངང་ཡོད་དེ། དེར་ཆོས་ཉིད་ཅིག་མེད་པ་དང་འདྲ་ལ་ཡང་ཡོད་པ་དང་མཚུངས་ཤིང་། རང་དགར་དང་འདྲ་ལ་ཡང་བློ་སེམས་ཞིབ་མོས་བཀོད་སྒྲིག་བྱས་པ་དང་ཡང་མཚུངས། གང་ལྟར་ཡོད་ཚད་ཚིག་གཅིག་གིས་སྨྲར་རུང་བ་ནི་རང་བྱུང་ཁམས་ཞེས་པ་དེའོ།།
ཆིང་དབྱང་སྡེ་བའི་སྟོན་ཁ་ནི་ཧ་ཅང་ལྷིང་འཇགས་ཡིན་པས། མི་རྣམས་ཀྱིས་སྐད་སྒྲ་མཐོན་པོས་སྐད་ཆའང་བཤད་མི་ཕོད་པའི་ཚུལ་དུ་སྣང་།
ཡིན་ནའང་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྐབས་ཏག་ཏག་ལ། ས་གཞི་ཐམས་ཅད་དང་གྲོག་རོང་ཡོད་ཚད། སྡེ་བ་དང་སྡེ་མི་མཐའ་དག་གི་སེམས་ཁམས་ཀྱི་ལྷིང་འཇགས་དེ་གློ་བུར་དཀྲོགས་པར་བྱས་སོང་།
དེར་ཉེན་རྟོག་པ་བཞི་ལྔ་ཙམ་དང་། དེའི་ཁར་ལུས་ཕུང་དར་ཞིང་རྒྱགས་པའི་ཞིང་པ་མི་བཞི་ལྔ་ཙམ་གྱིས་མི་རྐུན་ཞིག་བདའ་བཞིན་མཆི།
མི་རྐུན་དེས་ལོ་གཅིག་ལ་སོན་མེད་པའི་བྱིས་པ་ཞིག་བརྐུས་པར། ཅང་མ་འགོར་བར་གཞན་གྱིས་ཤེས་པར་བརྟེན། ཉེན་རྟོག་པ་དང་སྡེ་མི་ར་མདར་སླེབས་སྐབས། ཁོས་བྱིས་པ་དེ་བསྐྱུར་བར་ཕངས་ནས་མུ་མཐུད་དུ་སྲོག་བསྡོས་ཀྱིས་འབྲོ་བར་བྱེད། བདའ་བ་དང་བདའ་འདེད་ཅི་འདྲ་ཞིག་བྱས་པ་མི་རྟོགས་མོད། དེ་བདས་ནས་ཆིང་དབྱང་སྡེ་བར་སླེབས་སྐབས། ཕྱོགས་གཉིས་ཀ་ཐང་ཆད་ནས་ཧ་ཅང་ངལ་ཞིང་དུབ་པར་གྱུར་འདུག
ཆིང་དབྱང་སྡེ་བའི་སྡེ་མི་རྣམས་ཀྱིས་ཀྱང“སྡོད་
ཅིག”ཅེས་པའི་སྐད་འགྲགས་དེ་ཐོས་བྱུང་།
ཡིན་ནའང་མི་རྐུན་སྙིང་ཆེན་དེ་ད་དུང་མི་སྡོད་པར་བྱིས་པ་པང་ནས་སྡེ་བའི་ལྟག་རྒྱབ་ཀྱི་ཁྲེ་རྒོད་ཞིང་ས་བརྒྱུད་དེ། དེའི་ལྟག་རྒྱབ་ཀྱི་མཐོ་རྒྱུ་མེད་ལ་དམའ་རྒྱུའང་མེད་པའི་རི་བོའི་སྟེང་དུ་བྲོས་སོང།
རི་བོ་དེའི་ངོས་ནི་སྐྱུ་རུ་རའི་སྡོང་བོ་དང་སྟར་གའི་སྡོང་བོ། མངར་འབྲས་སྡོང་བོ། པ་ལུམ་སྡོང་བོ། ཀུ་ཤུའི་སྡོང་བོ་སོགས་ལྗོན་ཤིང་གིས་ཁེབས་ཡོད་པས། མི་ཞིག་བྲོས་ནས་ནང་དུ་འཛུལ་ཕྱིན་ཚེ། སྐད་ཅིག་ཙམ་ལ་གར་སོང་ཆ་མེད་དུ་འགྱུར་བ་ཡིན།
མི་རྐུན་གྱི་གྲིབ་གཟུགས་ཡལ་བ་དེེས་ཉེན་རྟོག་པ་དང་ཞིང་པ་དག་ལ་མཚོན་ན་བྱིས་པའི་རྗེས་སུ་རྒྱུག་པ་དང་། མི་རྐུན་འཛིན་པའི་ཆོད་སེམས་ཅུང་ཙམ་ཡང་ཉམས་པར་བྱས་མེད་པ་འདྲ། ཉེན་རྟོག་པ་དག་གིས་ཕྱོགས་གཅིག་ནས་བདའ་འདེད་བྱེད་པ་དང་།
ཕྱོགས་གཅིག་ནས་ཆིང་དབྱང་སྡེ་བའི་སྡེ་མི་རྣམས་སྐུལ་འབོད་ཀྱིས་ཁོ་ཚོ་མི་རྐུན་འཛིན་བཟུང་བའི་གྲས་སུ་ཞུགས་པར་བྱེད།
སྟོན་དུས་ཀྱི་མཁའ་ལམ་འོག་གང་སར་སྒྲ་སྐད་ཀྱིས་ཁྱབ་ཅིང་། ད་དུང་རྐང་བའི་རྡོག་སྒྲའང་བར་མེད་དུ་གྲག་བཞིན་མཆི།
དེར་མི་མང་བོ་ཞིག་སྐད་ཅིག་ཉིད་དུ་རི་ངོས་སུ་མངོན་བྱུང་ལ། ཡང་དེ་མ་ཉིད་དུ་གར་སོང་ཆ་མེད་ལ་འགྲོ། རེས་གསལ་རེས་མོག་གི་འབོད་སྐད་ནི་རི་ངོས་སུ་བྲག་ཅར་འཁོར་ཡོང་།
མཐའ་མར་མི་ཞིག་གིས་ཡང་བསྐྱར་མི་རྐུན་དེ་མཐོང་བྱུང་སྟེ། ཁོ་ནི་རྒྱབ་ཀྱི་རི་ངོས་དེར་བྱོལ་སོང་།
“ཀན་ན་ཡོད། ཀན་ན་ཡོད།” མི་ཞིག་གིས་དེ་ལྟར་སྐད་ཆེན་པོས་བསྒྲགས།
མི་མང་བོ་ཞིག་གིས་ཀྱང་མི་རྐུན་དེ་མཐོང་སོང་།
མི་རྣམས་ཀྱིས་མུ་མཐུད་དུ་ཁོའི་རྗེས་འདེད་བཏང་ལ། འབོད་སྒྲའང་རིམ་བཞིན་རྒྱང་རིང་དུ་ཡལ།
ཕལ་ཆེར་ཆུ་ཚོད་གཉིས་ལྷག་འགོར་བའི་རྗེས་སུ། བདའ་འདེད་ནང་ཞུགས་པའི་ཆིང་དབྱང་སྡེ་བའི་སྡེ་མི་འགའ་ཨ་ཐང་ཆད་པའི་ངང་ཕྱིར་རང་སྡེར་ལོག་བྱུང་།
“འཛིན་ཐུབ་སོང་ངམ།”
“འཛིན་ཐུབ་པ་མ་བྱུང་། མི་རྐུན་དེའི་རྐང་འོག་ཏུ་རླུང་གི་འཁོར་ལོ་ཞིག་ཐོགས་ཡོད་པ་དང་འདྲ་སྟེ། ཁོ་རི་བོང་ལས་ཀྱང་མགྱོགས་པ་རེད།”
“རྒྱང་རིང་ནས་ཁོ་མཐོང་ཐུབ་པ་བྱུང་ཡང་།
ཇི་ལྟར་རྗེས་སུ་བསྙེགས་ཀྱང་རྗེས་ཆོད་ཐུབ་པ་མི་འདུག”
“མི་དེ་ཚོ་དང་། ཉེན་རྟོག་པ་དེ་དག་གིས་ད་དུང་རྗེས་འདེད་གཏོང་བཞིན་མཆི། གནས་ཚུལ་ལ་བལྟས་ན་ཁོ་ཚོས་མི་རྐུན་དེ་མ་ཟིན་བར་དུ་ཐར་བར་མི་གཏོང་ཁོ་ཐག་རེད།”
ཆིང་དབྱང་སྡེ་བའི་བདེ་ཐང་དང་རི་ངོས་ཡང་བསྐྱར་ལྷིང་འཇགས་སུ་གྱུར། དེ་ནི་ཕལ་ཆེར་རྡོ་ཆེན་པོ་ཞིག་ལྷིང་འཇགས་ཀྱི་གཙང་བོའི་ནང་འཕངས་ཏེ། ཆུའི་ཟེགས་མ་དང་རླབས་ཕྲེང་འཕྱུར་བར་བྱེད་ལ། ཡུད་ཙམ་འགོར་རྗེས་ཡང་གཙང་བོ་དེ་ལྷིང་འཇགས་སུ་གྱུར་ནས། དོན་རྐྱེན་ཅིའང་མ་བྱུང་བའི་རྣམ་པ་ཤར་བ་དེ་དང་ཀུན་ནས་མཚུངས།
མི་རྣམས་ཀྱི་སེམས་སུ་ད་དུང་དོན་དག་དེ་དྲན་བཞིན་ཡོད་མོད། འོན་ཀྱང་ཁོ་ཚོ་རང་རང་གི་ལས་དེ་བསྒྲུབ་པར་ཕྱིན་སོང་།
རི་ངོས་སུ་ལུག་འཚོ་བཞིན་པའི་སྡེ་མི་ཝུའུ་ཀའེ་ཟེར་བ་དེ། མི་རྣམས་ཀྱིས་མི་རྐུན་བདའ་བཞིན་པའི་སྐབས་སུ། ཁོ་སྟར་གའི་ལྗོན་ཤིང་ཆེན་པོ་ཞིག་གི་འོག་ཏུ་གཉིད་ལོག་ནས་ཡོད། ཁོས་ལུག་འཚོ་སྐབས་རྒྱུན་དུ་ཆང་དམ་བེ་གང་རེ་བཟུང་ཡོད་དེ། ལུག་འཚོ་ཞོར་དུ་ཆང་འཐུང་བར་བྱེད། ཆང་འཐུང་བ་མང་དྲགས་ན་ར་བཟི་ནས་ས་དེ་གར་ཉལ་ནས་གཉིད་ལོག་འགྲོ། སྐབས་དེར་ལུག་རྣམས་ཀྱང་ཐག་རིང་དུ་མི་འགྲོ་བར། ཁོའི་གམ་ནས་རྩྭ་ཟ་བའམ་ཡང་ན་ཐད་ཀར་དེ་རུ་ཉལ་ནས་ངལ་གསོ་བ་ཡིན། ཁོ་གཉིད་ལྡོག་ཐེངས་རེར་དུས་ཡུན་རིང་བོ་འགོར་འགྲོ་བས། རྒྱུན་དུ་ཉི་མ་ནུབ་རིར་ཡོལ་ནས་བསིལ་རླུང་ཐན་ཐུན་རེ་ལྡང་བའི་བར་སད་མི་ཐུབ།
དེ་རིང་ཝུའུ་ཀུའེ་གཉིད་ལས་སད་པ་ཅུང་སྔ་སྟེ། ཉི་མ་ད་སོ་མ་རྒྱང་རིང་གི་རི་རྩེར་སླེབས་མ་ཐག་ཙམ་ཡིན།
ཁོས་རི་མགོའི་མཁའ་དབུགས་དྭངས་མོ་ལན་འགར་རྔུབ་པ་དང་། ཡང་ཆང་དྲི་ཁ་བོ་འདྲེས་མ་དེ་བར་སྣང་དུ་ཕུ་འགའ་བཏབ། མཐུད་ནས་བྱ་རྨྱང་བྱེད་བཞིན་ལག་གི་ལྕག་དེ་ཕྱར་ནས་ལུག་ཚོར“ཡུལ་ལ་ལྡོག་རན”ཞེས་བཤད་བྱུང་།
ལུག་རྣམས་ཀྱང་སྐད་ཆ་ཉན་པར་རངས་ཏེ། མགོ་བོ་རི་གཤམ་དུ་ཕྱོགས་ནས་དལ་བྲེལ་མེད་པའི་ངང་རི་ལས་མར་བཞུད་སོང་།
ཝུའུ་ཀུའེ་ཡི་ཉིན་གཅིག་ནི་དེ་ལྟར་མཇུག་བསྒྲིལ་ལ་ཉེ། གལ་ཏེ་དགོང་མོ་ཡང་ཆང་ཅུང་ཙམ་འཐུང་ཐུབ་པ་བྱུང་ན། དེ་རིང་གི་ཉི་མ་འདི་བདེ་སྐྱིད་ལྡན་པའི་ངང་མཇུག་རྫོགས་སོང་ཞེས་སྨྲར་རུང་།
ཁོའི་སེམས་ཁམས་ཧ་ཅང་སྐྱིད་ཡོད་པས། འགྲོས་དལ་བུའི་ངང་ལུག་གི་རྗེས་འདེད་ཞོར་ལམ་བར་དུ་རང་སྣང་སྐྱིད་པའི་གཞས་ཐན་ཐུན་རེའང་བླངས།
རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ལུག་ཁྱུ་མུ་མཐུད་དུ་མདུན་ནས་མདུན་དུ་སྐྱོད་པའི་ཚུལ་དེ་གློ་བུར་ཁེགས་བྱུང་བར་མ་ཟད། ལུག་རེ་རེར་ད་དུང་ཡ་མཚན་པའི་ཚུགས་ཀ་ཞིག་ཀྱང་མངོན་ཐོག འབའ་སྒྲའང་དིར་རི་རི་བྱེད་ལ། ཐ་ན་ཁ་ཕྱིར་འཁོར་ཏེ་རི་མགོར་འབྲོ་རྩིས་བྱེད་མཁན་ཡང་འདུག
“འདྲེ་མཐོང་ཟིན་པ་མ་ཡིན་ནམ།”
ཝུའུ་ཀུའེ་ཡིས་ལྕག་དབྱུག་གིས་ལུག་ཁྱུའི་སྲུབས་བར་ཕྱེ་སྟེ། ལུས་པོ་རྒྱབ་ཏུ་ཡོ་ཞིང་གོམ་འགྲོས་ཁྱར་ཁྱོར་དང་བཅས་མགྱོགས་མྱུར་ངང་མདུན་ཕྱོགས་སུ་ཕྱིན།
བྱིས་པ།
བྱིས་པ་ཞིག་རྩྭ་གསེབ་ཏུ་གོག་བཞིན་མཆི།
ཝུའུ་ཀུའེ་ཡིས་འདྲེ་མཐོང་བ་ལྟར་རང་དབང་མེད་པར་ཕྱི་ནུར་ལན་འགའ་བྱས་སོང་།
བྱིས་པས་གོག་མཚམས་བཞག་སྟེ་མགོ་བོ་ཡར་བཏེགས་ནས་ཝུའུ་ཀུའེ་ཡི་གདོང་ལ་ལྟ་བར་བྱེད་ཅིང་།
ཡང་ཝུའུ་ཀུའེ་ལ་བལྟས་ནས་དགོད་ཙམ་བྱས་རྗེས། ས་དེ་ག་རང་དུ་ཙོག་བྱུང།
ཝུའུ་ཀུའེ་ཡིས་ཕྱོགས་བཞིར་བལྟས་ནས་མི་ཞིག་འཚོལ་བར་བྱས་ཀྱང་། མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་།
ཝུའུ་ཀུའེ་ཡིས་བྱིས་པ་འདི་ཡེ་ནས་མཐོང་མ་མྱོང་ལ། ཆིང་དབྱང་སྡེ་བའི་བྱིས་པ་ཞིག་མིན་པའང་གསལ་བོར་ཤེས།
“བྱིས་པ་འདི་སུའི་ཡིན་ནམ།”
ཝུའུ་ཀུའེ་ཡིས་དེ་ལྟར་སྐད་གསང་མཐོན་པོས་ཤར་ལ་གཏད་ནས་དྲིས། ནུབ་ལ་གཏད་ནས་དྲིས། ལྷོ་ལ་གཏད་ནས་དྲིས། བྱང་ལ་གཏད་ནས་དྲིས།
“སུ་ཞིག་གིས་བྱིས་པ་འདི་རི་མགོ་རུ་བསྐྱུར་པ་ཡིན།”
དེར་ཁོས་ཐོས་བྱུང་བ་ནི་རྒྱང་ཐག་རིང་བའི་རི་གཤམ་གྱི་ཆིང་དབྱང་སྡེ་བའི་ཁྱིའི་འབ་སྐད་དག་ཡིན།
ཁོས་ཕྱོགས་བཞི་རུ་མི་རྣམས་འཚོལ་བར་བྱས་ཀྱང་། དེར་རྩྭ་དང་སྡོང་བོས་ཁྱབ་པ་ལས་ཅིའང་མི་འདུག
བྱིས་པ་དེས་ཀྱང་དུས་ཚོད་འཕྱིས་པ་ཤེས་ཟིན་པ་ལྟར། ས་དེ་རུ་ཙོག་ནས་ངུས་བྱུང་ལ། ངུ་སྐད་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར།
ཝུའུ་ཀུའེ་ཡི་སེམས་པ་འཚབ་བྱུང་བར། ཁོ་ཕར་ཕྱིན་ནས་བྱིས་པ་དེ་པང་དུ་བླངས་པ་ན། བྱིས་པས་ཀྱང་དེའི་མུར་ལག་ཟུང་གིས་ཁོའི་སྐེ་ལ་འཁྱུད་འོང་།
སྐབས་དེ་ཙམ་དུ་ཉི་མའང་ནུབ་རིའི་ཕག་ཏུ་ཡིབ་ཟིན་པ་དང་། ས་མདོག་ཀྱང་འགྱུར་ནས་མུན་རུབ་ལ་ཉེ་བྱུང་།
ཝུའུ་ཀུའེ་ཡིས་ངེས་པར་ལུག་ཁྱུ་དེད་ནས་མར་འབབ་དགོས་བྱུང་། ཁོས་བྱིས་པ་དེ་པང་ནས་ཕྱོགས་གཅིག་ནས་ལུག་ཁྱུ་རི་གཤམ་དུ་འདེད་པ་དང་། ཕྱོགས་
གཅིག་ནས་བར་མེད་དུ་སྐད་གསང་མཐོན་པོས་“བྱིས་པ་འདི་སུ་ཚང་གི་ཡིན་ནམ། སུས་བྱིས་པ་འདི་གར་བསྐྱུར་པ་ཡིན་ནམ”ཞེས་འདྲི་བར་བྱེད།
དེར་སྐྱི་བསེར་རླུང་གི་སྒྲ་སིར་སིར་ཙམ་ལས་གཞན་ཅིའང་མི་འདུག
“བྱིས་པ་འདི་སྤྱང་ཀིས་ཟ་བར་ཡང་མི་སྐྲག་གམ། རི་བོ་འདིའི་ངོས་སུ་སྤྱང་ཀི་ཡོད་པ་རེད།” ཝུའུ་ཀུའེ་ཡིས་སྤྱང་ཀི་མཐོང་མྱོང་།
ཝུའུ་ཀུའེ་ཡིས་བྱིས་པ་དེ་པང་ནས་སྡེ་བའི་སྲང་ལམ་དུ་སླེབས་སྐབས། སྡེ་མི་རྣམས་ཀྱིས་བྱིས་པ་དེ་གང་ཞིག་ནས་པང་འོངས་པའི་ཚུལ་དྲིས་པ་ན། ཁོས་རི་མགོ་ནས་རྙེད་པའི་ཚུལ་ཞིབ་ཏུ་བརྗོད། སྡེ་མི་རྣམས་ཀྱིས་གསལ་བོར་རྟོགས་བྱུང་སྟེ། མི་རྐུན་དེས་བྱིས་པ་དེ་ས་དེ་གར་བསྐྱུར་རྗེས་བྲོས་སོང་བ་དང་། རི་
མགོ་རུ་སྡོང་བོ་དང་རྩྭ་རྩི་ཤིང་སོགས་མང་བར་བརྟེན། རྗེས་འདེད་གཏོང་མཁན་དག་གི་མཐོང་ལམ་དུ་མ་མངོན་པ་ཡིན།
ཝུའུ་ཀུའེ་ཡིས་སྡེ་མི་རྣམས་ལ“ད་ཇི་ལྟར་བྱེད་དགོས་སམ”ཞེས་དྲིས་པར།
དེ་ཚོས“ཁྱོད་ཀྱིས་རྙེད་པ་ཡིན་པས། གནས་སྐབས་སུ་ཁྱོད་ཀྱིས་སྙོར་སྐྱོང་བྱས་ན་འགྲིག”ཟེར།
དེའི་རྗེས་ཉིན་འགའ་འགོར་ཡང་། བྱིས་པ་འཚོལ་བའི་མི་ཞིག་ཡེ་ནས་སླེབས་མ་བྱུང་ལ། ཉེན་རྟོག་པ་དེ་དག་དང་སྡེ་མི་དེ་ཚོའང་ས་གང་ཞིག་གི་ཡིན་པའང་ཤེས་མཁན་མི་འདུག ཁོ་ཚོའང་གནས་དེ་རུ་ཡང་བསྐྱར་མངོན་མ་བྱུང་བས། ཕལ་ཆེར་ལམ་གཞན་ཞིག་བརྒྱུད་ནས་ཕྱིར་ལོག་པ་ཡིན་ལས་ཆེ། བྱིས་
པ་དེ་གང་ཞིག་ནས་ཡིན་པར་གསལ་ཆ་ཅུང་ཙམ་ཡང་མེད་སོང་།
“ད་ཇི་ལྟར་བྱེད་དགོས་སམ།”ཝུའུ་ཀུའེ་ཡིས་སྡེ་མི་རྣམས་ལ་དེ་ལྟར་དྲིས།
མི་ལ་ལས“ཝུའུ་ཀུའེ་ལགས། ཁྱོད་ཀྱིས་འདི་ལས་དབང་ཞིག་ཏུ་བསམ་གྱིན་མེད་དམ། ཁྱོད་ཀྱིས་ནམ་རྒྱུན་ཆང་འཐུང་བར། ར་བཟི་ནས་གཡས་ཁྱར་གཡོན་ཁྱོར་དང་། ཤར་ལྷོ་ནུབ་བྱང་ཡང་གསལ་བོ་མི་ཤེས་པས། བུད་མེད་ཅིག་ཁྱོད་ཀྱི་ཆུང་མ་བྱེད་འདོད་ཡོད་མི་དཔེ། འོན་ཀྱང་ད་ལྟ་ཁྱོད་ལ་རང་བྱུང་གིས་བྱིས་པ་ཞིག་ཐོབ་སོང་བ་རེད། དེ་ད་དུང་ཞི་ལི་ཞིག་མ་རེད་དམ། ཝུའུ་ཀུའེ་ཆང་འཐུང་ཁྱོད། ཤི་རྒྱུ་མེད་པའི་ཆང་འདྲེ་ཁྱོད། རྩོལ་བ་ཅི་ཡང་མ་བྱས་པར་བུ་ཞིག་ཐོབ་པ་རེད”ཅེས་སྨྲ།
ཝུའུ་ཀུའེ་ཡིས་ཀྱང་དེ་ནི་བདེ་སྐྱིད་ཅིག་ཏུ་སེམས་བྱུང་ལ། བྱིས་པ་དེ་སྙོར་སྐྱོང་བྱེད་བཞིན་ཁོའི་མིང་ལ་མའོ་ཙེ་ཞེས་སུ་བཏགས།
ཝུའུ་ཀུའེ་ཡིས་མ་མོའི་འོ་མ་དཀར་ཡོལ་ནང་བཞོས་ཏེ། ཁེམ་བུ་རེ་རེ་བྱས་ནས་མའོ་ཙེ་ལ་བླུད།
མའོ་ཙེ་ཡིས་འོ་མ་གསར་བ་གསར་རྐྱང་དེ་འཐུང་བས། ཉིན་རེ་ལས་ཉིན་རེར་ནར་སོན་པར་གྱུར། ཁོ་རྒྱུག་པ་དང་མཆོང་ལྡིང་བྱེད་ཐུབ་པའི་དུས་སུ། ཝུའུ་ཀུའེ་ཡིས་ཁེམ་བུ་བཟུང་ནས་ལྡུད་པར་བྱེད་མི་དགོས་ཏེ། ཁོས་ལག་པ་གཉིས་ཀྱིས་དཀར་ཡོལ་སྐྱོར་ནས་རང་གིས་འཐུང་འགྲོ། དཀར་ཡོལ་ཧ་ཅང་ཆེ་བར་བརྟེན། སྐབས་རེར་ལག་པ་ཆུང་ཆུང་གཉིས་ཀྱིས་འདེགས་མ་ཐུབ་པར་ཐང་དུ་ལྷུང་བར་འགྱུར་ཞིང་། འོ་མའང་དེ་མ་ཐག་ས་རུ་འཕོས་ནས་ཐང་དུ་དཀར་མདོག་གི་རི་མོ་འབྲི་བ་ཡིན། མའོ་ཙེས་དཀར་ཡོལ་བཅག་པ་དང་། འོ་མ་ཐང་དུ་བཤོས་ཀྱང་ཁོ་ལ་སྐྲག་སྣང་ཅིའང་མེད་པར། ད་དུང་ཝུའུ་ཀུའེ་ལ་བལྟས་ནས་དགོད་ངེས། ཁོས་ཝུའུ་ཀུའེ་ཡིས་ཁོ་ལ་སྡིགས་མོ་བྱེད་མི་སྲིད་ལ། གཅར་རྡུང་ནི་དེ་བས་ཀྱང་བྱེད་མི་སྲིད་པ་ཤེས་ཡོད། དེའི་དུས་ཝུའུ་ཀུའེ་ཡིས་ཀྱང་ལྕག་ཡུས་ཁོའི་མགོ་བོར་ཡང་མོའི་ངང་རྡེག་རྡེག་བྱེད་བཞིན“ཞི་ལི། ཁྱོད་ཀྱིས་འོ་མ་ཞིམ་པོ་དེ་འདི་ལྟར་བརླགས་པར་བྱས་བྱུང”ཞེས་བརྗོད་ངེས།
མའོ་ཙེ་ལོ་གཉིས་གསུམ་གྱི་སྔོན་དུ་ཉིན་རྒྱུན་ཝུའུ་ཀུའེ་དང་འགྲོགས་ནས་ཡོད། ཝུའུ་ཀུའེ་གང་དུ་སོང་ན་ཁོའང་དེའི་རྗེས་སུ་འབྲང་བར་བྱེད། ཝུའུ་ཀུའེ་ཡིས་ནམ་རྒྱུན་ཆང་འཐུངས་ནས་བཟི་སྲིད་པ་དང་། ཐང་ལ་འགྱེལ་བའི་སྐབས་སུའང་མའོ་ཙེ་སྔར་བཞིན་རྩེ་འགྲོ། འོན་ཀྱང་ཁོ་ཐག་རིང་དུ་འགྲོ་མི་སྲིད་དེ། ཝུའུ་ཀུའེ་དང་བར་ཐག་སྨི་བཅུ་ཕྲག་ལྷག་ཡོད་པའི་གནས་སུ་རྩེ་ནས་སྡོད། སྐབས་རེར་ཡང་ཅུང་ཟད་ཐག་རིང་ལ་ཕྱིན་ནའང་། རང་ཉིད་ཐག་རིང་ཞིག་ཏུ་སོང་ཟིན་པ་ཤེས་མ་ཐག སྐྲག་སྔངས་འབྱུང་བ་ལྟར་མྱུར་དུ་ཕྱིར་ལྡོག་ངེས།
མའོ་ཙེ་ལོ་བཞི་ལྔ་ཙམ་ལ་སོན་པའི་སྐབས་ནས། ཁོ་ཝུའུ་ཀུའེ་དང་འགྲོགས་ནས་འདུག་པ་དེས་ཡིད་མ་ཚིམས་པར། ནངས་མོར་གཉིད་ལས་སད་པ་ན་སྡེ་བའི་སྲང་ལམ་དུ་རྒྱུག་འགྲོ།
ཝུའུ་ཀུའེ་ཡི་ཁང་ཁྱིམ་དེ་སྡེ་བའི་ལྟག་རྒྱབ་ཏུ་ཡོད་པ་དང་། དེ་ནས་སྡེ་བའི་བར་དུ་ལམ་ཐག་ཅུང་རིང་ཙམ་མཆིས། རྒྱུ་མཚན་ནི་ཝུའུ་ཀུའེ་ཡིས་ལུག་ཁྱུ་ཞིག་གསོས་ཡོད་ལ། ལུག་ཁྱུ་ཡི་རིལ་ལུད་ཀྱི་དྲི་མ་ནི་ཧ་ཅང་སྣོམ་དཀའ་བ་ཞིག་ཡིན་པདང་། སྡེ་བའི་ནང་གི་མི་རྣམས་ཀྱིས་དྲི་མ་དེ་ངན་པ་ཞིག་ཏུ་བརྩིས་པས། ཝུའུ་ཀུའེ་ཡིས་ལུག་ཁྱུ་དེད་ནས་སྡེ་བ་དང་ཅུང་བར་ཐག་རིང་བའི་གནས་སུ་འདུག་དགོས་བྱུང་།
སྡེ་བའི་ནང་དུ་བྱིས་པ་ཆེ་ཆུང་མང་བོ་ཞིག་འདུག
མའོ་ཙེ་ཁོ་ཚོ་དང་མཉམ་དུ་རྩེ་འདོད་ཆེན་པོ་ཡོད་མོད། འོན་ཀྱང་བྱིས་པ་དེ་དག་ཁོ་དང་མཉམ་དུ་རྩེ་བར་མི་བྱེད། ཁོ་ཚོའི་སེམས་སུ་མའོ་ཙེ་ནི་རང་སྡེ་བའི་ནང་གི་བྱིས་པ་ཞིག་མིན་པར་བསམས་འདུག ཁོའི་ལུས་སྟེང་དུའང་ལུག་གི་རྫབས་དྲི་ཞིག་ཡོད་པས། སྨི་བཅུ་ཕྲག་ཙམ་གྱི་བར་ནས་དྲི་དེ་སྣོམ་ཐུབ། དྲི་དེ་བསྣམས་པ་ནས་སྣ་གཉེར་བའམ་ཡང་ན་ཐད་ཀར་མའོ་ཙེ་ཡི་མཐོང་ལམ་ནས་ལག་པས་སྣ་ཁུང་བཀབ་སྟེ། སུན་སྣང་དང་ཞེན་ལོག་གི་རྣམ་པ་གདོང་ནས་མངོན་དུ་འཇུག གཞན་ད་དུང་ཁོ་ཚོས་ཁོའི་ཨ་ཕ་ནི་ཆང་འདྲེ་ཞིག་ཡིན་པའང་ཤེས་ཡོད། ཝུའུ་ཀུའེ་དེ་རུ་སླེབས་ཚེ། ཁོ་ཚོས“ཝུའུ་ཀུའེ་སླེབས་བྱུང”མི་ཟེར་བར།“ཆང་འདྲེ་སླེབས་བྱུང”ཞེས་བརྗོད་འགྲོ། ཆིང་དབྱང་སྡེ་བའི་བྱིས་པ་དག་ལ་མཚོན་ན། ཝུའུ་ཀུའེ་ཆང་གིས་བཟི་སྟེ་ཐང་དུ་འགྱེལ་བའི་རྣམ་པ་ནི། རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ལས་མ་འདས། ཁོ་ཆང་གིས་ར་བཟི་སྟེ་ལམ་འགྲམ་མམ་ཡང་ན་ས་གནས་གང་ཞིག་ཏུ་འགྱེལ་ཉལ་བྱས་ཡོད་ཚེ། ཁོ་ཚོར་ཡ་མཚན་རྒྱུ་ལྟ་ཞོག ཐ་ན་བལྟས་ཙམ་ཡང་མི་བྱེད་པར་བུད་འགྲོ་བ་ཡིན།
སྡེ་བའི་ནང་གི་མི་བསམ་ཤེས་དག་གིས་ཀྱང་མཐོང་ཆུང་གི་ཉམས་ཀྱིས་ཝུའུ་ཀུའེ་ལ་ལྟ་བ་དང་། མའོ་ཙེ་ལ་ལྟ་བའི་སྐབས་སུའང་མཐོང་ཆུང་གི་ཉམས་སྣང་འདྲེས་ནས་ཡོད།
མི་བསམ་ཤེས་དག་གི་མིག་མདངས་དེའང་བྱིས་པ་རྣམས་ཀྱིས་མཐོང་ཟིན།
ཁོ་ཚོས་ནམ་ཡང་ཁྱད་མཚར་ཅན་གྱི་རྩེད་མོ་སྣ་ཚོགས་རྩེད། མའོ་ཙེའང་ཁོ་ཚོའི་གྲས་སུ་ཞུགས་འདོད་ཆེ་ཡང་། བྱིས་པ་རྣམས་ལ་མཚོན་ན་ཁོ་ནི་ཁོ་ཚོའི་གྲས་སུ་ཞུགས་པར་མོས་པ་ཅིའང་མེད་པས། མའོ་ཙེས་ཀྱང་འགྲམ་ལོགས་སུ་ཁོ་ཚོར་བལྟས་འདུག་པ་ལས་ཐབས་གཞན་མ་མཆིས། རྗེས་སོར་གྱི་ལོ་ངོ་མང་བོ་ཞིག་གི་རིང་ལ། མའོ་ཙེས་དེ་ལྟར་འགྲམ་ལོགས་སུ་ཁོ་ཚོའི་རྩེད་ཚུལ་ལ་བལྟས་ནས་སྡོད་པ་ཡིན།
བྱིས་པ་རྣམས་རྩེས་ནས་སྤྲོ་བ་ཆེན་པོ་འཕེལ་བའི་སྐབས་སུ། མཆོང་ལྡིང་བྱེད་སྲིད་ཅིང་སྐད་སྒྲ་སྣ་ཚོགས་ཀྱང་སྒྲོག་པ་ཡིན།
མའོ་ཙེས་ཀྱང་སྐབས་རེར་ཁོ་ཚོའི་རྗེས་སུ་འབྲངས་ཏེ་མཆོང་ལྡིང་བྱེད་པ་དང་། སྐད་སྒྲའང་སྣ་ཚོགས་སྒྲོག་ངེེས།
བྱིས་པ་དག་གིས་མགོ་བོ་ཕྱིར་འཁོར་ནས་ཁོ་ལ་བལྟས་ཏེ། ཧ་ཅང་ཡ་མཚན་པའི་ངང་ཁྱོད་ང་ཚོའི་རྩེད་གྲོགས་མིན་པར་བསམས་ཡོད།
གཅིག་གྱུར་གྱི་བཀའ་ལུང་ཞིག་བསྒྲགས་པ་ལྟར། བྱིས་པ་ཚོ་མཆོང་ལྡིང་མི་བྱེད་ཅིང་། སྒྲ་སྐད་ཀྱང་སྒྲོག་པར་མི་བྱེད། འོན་ཀྱང་མའོ་ཙེ་གཅིག་པུ་ད་དུང་མཆོང་ལྡིང་བྱེད་ལ། སྒྲ་སྐད་ཀྱང་སྒྲོག་པར་བྱེད་པས། ཕལ་ཆེར་ཁོ་གཅིག་པུར་བཀའ་ལུང་དེ་མ་ཐོབ་པ་དང་ཀུན་ནས་མཚུངས། མཐའ་མར་ཁོས་བྱིས་པ་དག་གིས་མཆོང་ལྡིང་མི་བྱེད་པ་དང་། སྐད་སྒྲ་མི་སྒྲོག་པ་ཤེས་པའི་དུས་སུ། ད་གཟོད་ཁོས་རྩེད་མཚམས་བཞག་འགྲོ། ཚུལ་དེའང་གློ་བུར་མཚམས་འཇོག་པ་ཞིག་མིན་པར། ཕལ་ཆེར་མེ་ཕུང་ཞིག་གི་མེ་ལྕེ་དལ་བུར་བཅིལ་བ་དང་གཉིས་སུ་མེད།
བྱིས་པ་རྣམས་སིར་སྒྲ་ཞིག་དང་བསྡོངས་ཤིང་རླུང་ཚུབ་ཅིག་དང་འདྲ་བར་ས་ཕྱོགས་གཞན་ཞིག་ཏུ་རྩེ་བར་ཕྱིན་སོང་།
དེར་མའོ་ཙེ་གཅིག་པུ་ཤུལ་དུ་ལུས་ནས་དེ་གར་འགྲེང་ནས་བསྡད་ཡོད་པ་དང་། ཁོས་འགྲམ་པ་སྐྱོར་ནས་བྱིས་པ་རྣམས་སྦྲང་ཚོགས་ཤིག་དང་འདྲ་བར་ཐག་རིང་དུ་ཡལ་བའི་ཚུལ་ལ་བལྟས་ནས་སྡོད། དེའི་རྗེས་ཁོ་ས་རུ་ཙོག་སྟེ་ཁྱིམ་གནས་སྤོར་བའི་གྲོག་མ་དག་ལ་ལྟ་བར་བྱེད་ཅིང་། གྲོག་མ་ཆུང་ཆུང་དག་གིས་ཁ་རུ་དངོས་པོ་དཀར་པོ་ཞིག་བཟུང་སྟེ། བྲེལ་བྲེལ་ཚུབ་ཚུབ་ཀྱིས་གོག་འགྲོས་བྱེད་པ་ནི་དགོད་བྲོ་བ་ཞིག་རེད།
རྒྱང་རིང་ནས་བྱིས་པ་རྣམས་ཀྱིས་དགའ་འབོད་སྒྲོག་པ་གོ་འོང་།
ཅང་མ་འགོར་བར། ཁོའང་ཡར་ལངས་ཏེ་མཆོང་ལྡིང་བྱེད་བཞིན་བྱིས་པ་རྣམས་ཀྱི་རྗེས་སུ་བརྒྱུགས……
མའོ་ཙེ་ནི་འཇིག་རྟེན་འདིའི་ས་གནས་གང་ཞིག་ཏུའང་མི་ལྷག་མ་ཞིག་དང་འདྲ།
བྱིས་པ་རྣམས་ཀྱིས་བསམ་གཟས་ནས་ཁོ་ལ་དུངས་སྐལ་མེད་པར་བཏང་བ་མིན་ཡང་། རྒྱུན་དུ་ཁོ་ནི་མི་ལྷག་མ་གཅིག་པུ་དེར་གྱུར་འགྲོ། དཔེར་ན། ཁག་བགོས་ནས་འཐབ་མོ་འགྱེད་པ་སྟེ། ཕྱོགས་གཅིག་ལ་མི་བཅུ་དང་། ཕྱོགས་གཉིས་ཀར་མི་ཉི་ཤུ་ཡིན་ཚེ། ད་ལྟ་མའོ་ཙེ་བསྣན་པར་བསྡོམས་པས་མི་ཉེར་གཅིག་ཡོད་དེ། མའོ་ཙེ་ནི་རང་བཞིན་དུ་ལྷག་མར་གྱུར་པའི་མི་དེ་རང་ངོ་།།
རེབ་ཅིག་ལ། སྡེ་བས་གྲུ་ཆུང་བཏེགས་ནས་བྱིས་པ་རྣམས་གྲོང་རྡལ་དུ་གློག་བརྙན་ལ་བལྟ་བར་བསྐྱལ། བྱིས་པ་དག་སྔ་གཞུག་བརྩད་ནས་གྲུ་སྟེང་དུ་འགོས་པ་དང་། གྲུ་པས་གྲུ་ཆུ་ནང་དུ་ནུབ་ཚུལ་ལ་བལྟས་ནས“ད་གྲུ་ནང་དུ་མི་འགོ་མི་རུང་། མི་གཅིག་ཀྱང་འགོ་མི་རུང”ཞེས་བརྗོད་བྱུང་། སྐབས་དེར་གཙང་འགྲམ་དུ་ད་དུང་བྱིས་པ་ཞིག་འགྲེང་ནས་ཡོད་དེ། ཁོ་ནི་མའོ་ཙེ་ཡིན། མའོ་ཙེ་གྲུ་སྟེང་དུ་འགོ་བའི་སྐབས་དེར། གྲུ་པས་སྐད་ཆེན་པོས“འགོ་མི་རུང་། འགོ་མི་རུང་། མི་གཅིག་གྲུ་སྟེང་དུ་མང་བར་གྱུར་ཚེ། གྲུ་མྱུར་དུ་ཆུ་ནང་ལ་ནུབ་སྲིད”ཅེས་བཀག་བྱུང་། གནས་ཚུལ་དེར་བལྟས་ནའང་། དེ་ནི་དོན་དངོས་ཤིག་ཡིན་ཏེ། མི་བསམ་ཤེས་དེར་བསམ་གཟས་ནས་མའོ་ཙེ་གྲུ་ནང་ལ་འདུག་ཏུ་མི་འཇུག་པའི་བསམ་ཚུལ་ཡེ་ནས་མེད། དེར་མའོ་ཙེ་གཅིག་པུ་གྲུ་ཁ་རུ་འགྲེང་ནས་ཡོད། གྲུ་དེའང་ཉེན་ཁའི་ངང་དལ་བུར་བསྐྱོད་སོང་ལ། མའོ་ཙེ་གཅིག་པུ་གཙང་འགྲམ་དུ་རྒྱུག་བཞིན་མཆི། མི་བསམ་ཤེས་དེས་ཀྱང་སེམས་ཀྱིས་མ་བཟོད་པར། གྲུའི་ཁ་ལོ་གཙང་འགྲམ་དུ་བསྒྱུར་ནས་མའོ་ཙེ་གྲུ་རུ་འཐེན་འདོད་ཅུང་ཆེ་མོད། འོན་ཀྱང་གྲུ་ནང་གི་བྱིས་པ་དག་གི་སྐྲག་སྣང་གི་གདོང་ལ་བལྟས་རྗེས། ཁོས“མའོ་ཙེ། ཁྱོད་དངོས་གནས་གྲུ་སྟེང་དུ་སྡོད་མི་རུང་། ཆུ་བལྟས་བལྟས་རིག་རིག་ལ་གྲུ་གཞོང་དུ་ལྡུག་ཉེན་ཆེ”ཞེས་བརྗོད།
མའོ་ཙེ་སློབ་གྲྭར་འགྲིམས་སོང་།
སློབ་ཁང་དུ་ཅོག་ཙེ་ཉི་ཤུ་བཞག་འདུག
མི་གཉིས་ཅོག་ཙེ་གཅིག་གི་སྟེང་དུ་འདུག་རྒྱུ་ཡིན་ནམ།
མི་སུ་དང་སུ་ཞིག་ཅོག་ཙེ་གཅིག་གི་སྟེང་འདུག་རྒྱུ་ཡིན་ནམ།
དགེ་རྒན་གྱིས་བྱིས་པ་རྣམས་ལ་རང་རང་གིས་འདུག་གྲོགས་འཚོལ་བ་དང་། དགེ་རྒན་གྱིས་བཀོད་སྒྲིག་བྱེད་པ་ཟུང་འབྲེལ་གྱི་བྱེད་ཐབས་ལག་བསྟར་བྱས།
མཐའ་མར་འཛིན་གྲྭ་ཡོངས་སུ་བྱིས་པ་བཞི་བཅུ་ཞེ་གཅིག་ཡོད་ཚུལ་ཤེས་པ་དང་། དེའི་ནང་གི་བྱིས་པ་གཅིག་ལ་མདུན་ཅོག་མེད་པར་གྱུར།
བྱིས་པ་རྣམས་ཀྱི་མདུན་ཅོག་བཀོད་སྒྲིག་བྱས་ཚར་མོད། འོན་ཀྱང་མའོ་ཙེ་གཅིག་པུ་དེ་གར་འགྲེང་ནས་ཡོད།
དགེ་རྒན་གྱིས་མའོ་ཙེ་དང་དེའི་གྲས་ཀྱི་སློབ་གྲོགས་གཉིས་མཉམ་གཅིག་ཏུ་བཙིར་ནས་སྡོད་དུ་འཇུག་པར་བསམས་ཀྱང་། བྱིས་པ་རྣམས་ཡིད་འཐད་མ་བྱུང་ལ། མདུན་ཅོག་དེའང་དངོས་གནས་ཆུང་དྲགས་པས། མི་གསུམ་ཅོག་ཙེ་གཅིག་གི་སྟེང་བསྡད་ན་འཚང་ག་ཧ་ཅང་ཆེ། དེར་ཐབས་བཀོད་མེད་པར་དགེ་རྒན་གྱིས་མའོ་ཙེ་ཁྲིད་ནས་སློབ་གཙོ་ལིན་ལགས་བཙལ་དུ་སོང་།
སློབ་གྲྭ་ནི་དབུལ་ཕོངས་ཀྱི་སློབ་གྲྭ་ཞིག་ཡིན་པས། མའོ་ཙེ་གཅིག་པུའི་ཆེད་དུ་མདུན་ཅོག་ཅིག་ཉོ་བའམ་བཟོ་མི་ཐུབ། འོན་ཀྱང་སློབ་གཙོ་ལིན་ལགས་ནི་ཐབས་བཀོད་ཅན་གྱི་སློབ་གཙོ་ཞིག་སྟེ། ཁོས་མའོ་ཙེ་ལ“སློབ་གཙོ་ངས་མའོ་ཙེ་ལ་མདུན་ཅོག་ཅིག་བཟོ་བར་བྱེད”ཅེས་བརྗོད་བྱུང་།
སློབ་གཙོ་ལིན་ལགས་སྐུ་དངོས་ཀྱིས་ལག་པ་འགུལ་བྱུང་སྟེ། ཁོས་སོ་ཕག་དང་ཨར་འདམ་བཀོལ་ནས་མའོ་ཙེ་ལ་སློབ་ཁང་ནང་གི་ཆེས་གྲལ་མཐའ་རུ་མདུན་ཅོག་ཅིག་བཟོས། སློབ་གཙོ་ལིན་ལགས་ཀྱིས་མདུན་ཅོག་གི་ངོས་འཇམ་པོ་ཡོང་ཆེད། ཨར་འདམ་བྱུགས་རྗེས་དཀར་ཆག་ལེབ་མོ་འགའ་བཙལ་ཡོང་སྟེ། ལྭ་བར་དབུར་བདལ་བྱེད་པ་ལྟར་བསྐམ་མེད་པའི་ཨར་འདམ་སྟེང་སེམས་ཞིབ་མོས་ཡང་ཡང་བདལ་བར་བྱེད། སློབ་གཙོ་ལིན་ལགས་ཀྱིས་ཕྱོགས་གཅིག་ནས་བདལ་བར་བྱེད་པ་དང་།ཕྱོགས་གཅིག་ནས་མའོ་ཙེ་ལ་བལྟས་ཏེ“མའོ་ཙེ། ཁྱོད་ཀྱི་མདུན་ཅོག་འདི་ནི་ཁོ་ཚོའི་མདུན་ཅོག་གང་ཞིག་ལས་ཀྱང་སྲ་མཁྲེགས་ལྡན་པ་ཡིན”ཞེས་སྨྲས།
སློབ་ཁང་ནང་གི་ཆེས་གྲལ་མཐའ་ཡི་ཅོག་ཙེ་དེ་ནི་མའོ་ཙེ་ཡི་ཡིན་པ་དང་། དེ་ནི་ཐོག་མ་ནས་མཐའ་མའི་བར་དུ་མའོ་ཙེ་ཡི་ཡིན་པ་རེད།
དབྱར་ཁར།
ཆིང་དབྱང་སྡེ་བའི་བྱིས་པ་རྣམས་ཁོ་ཚོ་རྩེད་འདོད་ཧ་ཅང་ཆེ་བའི་ཉ་འཛིན་འོལ་བས་ཉ་འཛིན་པའི་རྩེད་མོ་རྩེ་བའི་སྐལ་བ་ལྡན་པར་གྱུར་བྱུང་།
མི་རྣམས་ཁག་གཉིས་སུ་བགོས་ཏེ། ཁག་གཅིག་ནི་ཉ་འཛིན་འོལ་བ་བཅའ་བ་དང་། ཁག་གཅིག་ནི་ཉ་མོ་སྟེ། གལ་སྲིད་ཉ་འཛིན་འོལ་བས་ཉ་མོ་འཛིན་མ་ཐུབ་ཚེ། འཁྲབ་སྟོན་གྱི་ཁག་གཉིས་ཀ་ཕན་ཚུན་བརྗེས་ནས་ཉ་མོ་ཉ་འཛིན་འོལ་བ་རུ་བརྗེ་བ་དང་། ཉ་འཛིན་འོལ་བ་ཉ་མོ་རུ་བརྗེ་འགྲོ།
མའོ་ཙེ་རྩེད་མོ་དེར་ཞུགས་འདོད་ཆེ་སྟེ། ཁོ་ཉ་འཛིན་འོལ་བ་བྱ་ཆོག་ལ། ཡང་ན་ཉ་མོའང་བྱ་བར་མོས། ཡིན་ནའང་བྱིས་པ་རྣམས་ལ་སྔར་བཞིན་འདོད་བློ་དེ་མ་བྱུང་།
གཞུང་ལམ་གྱི་འགྲམ་ནི་གཙང་བོ་ཞིག་ཡིན་ཏེ། ཆུ་བོ་ནི་ཤར་འགྲམ་གྱི་གྲོག་རོང་ནས་མར་འབབ་ལ། ནུབ་ཕྱོགས་ཀྱི་གྲོག་རོང་ཕྱོགས་སུ་འབབ་པར་བྱེད། གཙང་བོ་དེ་ཆིང་དབྱང་སྡེ་བར་འབབ་སྐབས་སུ། ཆུ་ངོས་འགྱུར་ནས་ཁོད་ཡངས་པ་དང་འབབ་རྒྱུན་ཡང་དེ་འདྲའི་རྒོད་པ་ཞིག་མིན། དེ་ནི་བྱིས་པ་རྣམས་ཀྱི་ཆུ་བོ་ཞིག་སྟེ། ཁྱད་པར་དབྱར་གྱི་དུས་སུ། ཁོ་ཚོ་ཉིན་ཧྲིལ་པོར་ཆུ་ནང་དུ་འདུས་ནས་ཆུ་དང་འབྲེལ་བ་ཡོད་པའི་རྩེད་མོ་ཅི་རིགས་ལ་རོལ་འགྲོ། ཡང་ན་རྩེད་མོར་མི་རོལ་པའི་སྐབས་སུའང་། དྭངས་གཙང་བསིལ་མོ་ཅན་གྱི་ཆུ་ནང་དུ་འཛུལ་བར་བྱེད་པ་དེའང་སྣང་སྐྱིད་བག་ཕེབས་ཤིག་ཡིན།
ཉ་འཛིན་འོལ་བས་ཉ་འཛིན་པའི་རྩེད་མོ་དེ་ནི། ཆེས་བྲེལ་ཚུབ་ཅན་ཞིག་དང་། ཆེས་ཟུག་སློང་ཅན་ཞིག་སྟེ། ཉ་གང་དུ་ཡོད་ན། ཉ་འཛིན་འོལ་བས་བདའ་འདེད་བྱེད་པ་ཡིན། ཡང་ན་གཅིག་དང་ཡང་ན་འགའ་རེའང་ཡོད། ཉ་ལའང་གཉོམ་ཆུང་དང་བཙན་པོ་ཅན་ཡོད་དེ། གཉོམ་ཆུང་གི་རིགས་ནི་དེ་མ་ཉིད་དུ་འོལ་བས་འཛིན་པར་བྱེད་ཅིང་། བཙན་པོའི་རིགས་ཀྱིས་ཉ་འཛིན་འོལ་བར་འགྲན་བསླངས་ཏེ“ཤོག་ཅིག ང་འཛིན་དུ་ཤོག”ཅེས་བརྗོད་པ་ཡིན། ཉ་འཛིན་འོལ་བ་ཤུགས་ཀྱིས་དེར་རྐྱལ་ནས་ཕྱིན་སྐབས། ཉ་མོར་སྔངས་ཚུབ་ཅིའང་མེད་པར་ཆུ་ནང་དུ་འཛུལ་འགྲོ། ཉ་འཛིན་འོལ་བས་ཉ་མོ་ཕྱིར་མངོན་པའི་གནས་ཚོད་དཔག་བྱེད་དུས། ཚོད་དཔག་བཅུའི་ནང་གི་བརྒྱད་ནས་དགུ་ཡང་དག་པ་མིན་ཏེ། ཁོས་ཤར་ངོས་ནས་མགོ་འབུར་བར་བསམས་ཤིང་།
མྱུར་དུ་ཤར་ངོས་སུ་རྐྱལ་ནས་དེ་རུ་བསྒུགས་བསྡད་ཚེ། ཉ་མོ་ནུབ་འགྲམ་ནས་ཆུ་འཛར་འཛར་གྱིས་མགོ་འབུར་བ་ཡིན། སྐབས་རེར་ཤར་ངོས་ནས་མགོ་འབུར་བར་མི་བྱེད་ལ། ཡང་ནུབ་ངོས་ནས་ཀྱང་མགོ་འབུར་བར་མི་བྱེད། ཉ་མོ་དེ་གནས་དེ་རུ་ཆུའི་ཟབ་སར་འཛུལ་ནས་ཕྱོགས་གཞན་དུ་གཏན་ནས་སོང་མེད་ལ། ཉ་འཛིན་འོལ་བ་ཐག་རིང་དུ་རྐྱལ་སོང་བ་ཚོད་དཔག་བྱུང་རྗེས། ཡང་གནས་དེ་རུ་ཡར་འཇུར་ཡོང་།
ཡང་བློ་རིག་ལྡན་པའི་ཉ་འཛིན་འོལ་བའང་ཡོད་དེ། ཁོ་ཁ་མལ་དུ་ཆུ་ཁར་གཡེང་ནས་སྡོད་ཅིང་། ཉ་མོའི་མགོ་བོ་ཆུ་ངོས་སུ་འབུར་མ་ཐག་མགོ་བོ་དམ་པོར་བཟུང་འགྲོ།
རྩེད་མོ་འདིར་རོལ་ན་རིག་འཕྲུལ་ཧ་ཅང་ཆེ་བ་དང་། བཞད་གད་ཀྱང་ལྷང་ལྷང་སྒྲོག་པ་ཡིན།
མའོ་ཙེས་ཡེ་ཧྲུའུ་ལ་བལྟས་ནས“ང་ཐེངས་གཅིག་ཁྲིད་ཆོག་གམ”ཞེས་བརྗོད་པ་ན།
ཡེ་ཧྲུའུ་ཡིས“མི་གྲངས་ལོངས་འདུག”ཅེས་ཟེར།
མའོ་ཙེས་ཧྲན་ཐན་ལ་བལྟས་ནས“ང་ཐེངས་གཅིག་ཁྲིད་ཆོག་གམ”ཞེས་སྨྲས་པར།
ཧྲན་ཐན་གྱིས“མི་ཉུང་མེད”ཅེས་ལབ་བྱུང་།
མའོ་ཙེས“ཁྱོད་ཚོས་ཝ་ཅུས་ཀྱང་ཁྲིད་ནས་རྩེ།
མོ་ནི་བུ་མོ་ཞིག་ཡིན་པས། ང་ཁྲིད་ནས་རྩེ་ན་མི་ཆོག་གམ། ང་ནི་བུ་ཕོ་ཞིག་ཡིན”ཞེས་བརྗོད་པ་ན།
ཡེ་ཧྲུའུ་ཡིས་བསམ་བློ་ཞིག་བཏང་རྗེས། ཁྱོད་ཀྱིས་ཐོག་མར་ང་ཚོའི་ལྭ་བར་བདག་དམ་བྱེད་རོགས་ཞེས་སྨྲས་སོང་།
ཧྲན་ཐན་གྱིས“ཅུང་ཙམ་འགོར་རྗེས། མི་སུ་ཞིག་རྩེ་མི་འདོད་ཚེ། ཁྱོད་ཡོང་ནས་རྩེ་ཆོག”ཅེས་ཟེར།
མའོ་ཙེ་ལྭ་བ་བརྩེགས་མ་རེ་རེའི་གམ་དུ་ཙོག་སྟེ་ཁོ་ཚོར་ཅེར་ནས་བསྡད།
གཙང་བོའི་སྟེང་གི་སྣང་ཚུལ་ལ་བར་མེད་དུ་འགྱུར་ལྡོག་འབྱུང་བཞིན་མཆི་ལ། བར་མེད་དུ་ཆུའི་ཟེགས་མའང་གང་སར་འཐོར་འགྲོ། དེའི་རྣམ་པ་ནི་ཉ་འཛིན་འོལ་བ་ངོ་མས་ཉ་མོ་ངོ་མ་འཛིན་པ་ལས་ཀྱང་སྤྲོ་སེམས་འཁོལ་བ་ཞིག་རེད། དེར་སྐྲག་འབོད་དང་དགའ་འབོད་ཀྱི་མཐོ་རླབས་འཕྱུར་ཞིང་། སྐབས་
རེར་ཆུ་ངོས་ནི་ཧ་ཅང་ལྷིང་འཇགས་སུ་གྱུར་ཏེ། འཐབ་ཟླ་ཟུང་གི་མིག་མདངས་རེ་རེ་ཕན་ཚུན་ལ་གཏད་ནས་འདུག ཡང་ཉ་མོ་དང་ཉ་འཛིན་འོལ་བ་གཉིས་མཉམ་པོར་ཆུ་ནང་དུ་འཛུལ་བའི་གནས་སྐབས་ཀྱང་ཡོད་ལ། དུས་དེར་གཙང་བོའི་འགྲམ་གྱི་ལྟ་མཁན་གྱིས་ཆུ་འོག་གི་སྣང་ཚུལ་དྲན་པས་འཆར་འགོད་བྱེད་པ་ཙམ་ལས་འོས་མེད་དོ།།
གཙང་བོའི་ནང་གི་བྱིས་པ་ཚོ་རྩེད་མོ་ཁོ་ནར་གཡེང་ནས་ཡོད་པ་ལས། མའོ་ཙེས་གཙང་བོའི་འགྲམ་ངོགས་སུ་ཁོ་ཚོའི་ལྭ་བར་བདག་དམ་བྱེད་བཞིན་པ་སུས་ཀྱང་དྲན་གྱིན་མེད།
མའོ་ཙེ་གཙང་བོའི་འགྲམ་དུ་སེམས་སུ་བྲེལ་ཚུབ་ཆེན་པོ་སྐྱེ་བཞིན་བསྒུགས་ཏེ་ཡུན་རིང་ཡུན་རིང་ཞིག་འགོར་སོང་ཡང་། གཙང་བོའི་ནང་དུ་རྩེད་མོར་རོལ་པའི་གོ་སྐབས་ཤིག་རག་མ་བྱུང་། མཐའ་མར་ཁོ་ཁོང་ཁྲོ་ལངས་ཏེ་ཡར་ལངས་ནས་ཕར་ལ་ཕྱིན། འགྲོ་ཁར་ཁོས་ད་དུང་ལྭ་བ་སྤུངས་གསོག་བྱས་ཡོད་པ་དེའི་སྟེང་དུ་རྐང་བཅགས་ཤིག་ཀྱང་བྱས་སོང་།
ད་ལྟ་ཁོ་གཙང་བོའི་ནང་གི་དགའ་འབོད་དེ་དག་ལ་སྡང་སེམས་ཆེན་པོ་སྐྱེས་པས། ཁ་ཡང་ཕྱིར་མི་འཁོར་བར་སྡེ་བའི་ལྟག་རྒྱབ་ཏུ་བུད་སོང་། ལྟག་རྒྱག་དེ་རུ་ཁོའི་ཡུལ་ཡོད་ལ། ད་དུང་རི་བོའང་ཡོད།
ཝུའུ་ཀུའེ་དང་ལུག་ཁྱུ་ཡུལ་ན་མི་འདུག
མའོ་ཙེ་རི་མགོའི་ཕྱོགས་སུ་ཕྱིན་པར། ཅང་མ་འགོར་བར་ཝུའུ་ཀེ་མཐོང་བྱུང་།
ཝུའུ་ཀུའེ་ཆང་གིས་བཟི་འདུག་ཅིང་། མི་རོ་བཞིན་དུ་རྩྭ་རྫུབས་སུ་འགྱེལ་ནས་འདུག་ལ། རྒྱང་ཐག་མི་རིང་བའི་གནས་ཤིག་ཏུ་ཆང་དམ་ཞིག་ཀྱང་ཟུར་དུ་འགྱེལ་ནས་ཡོད།
མའོ་ཙེ་ནི་ཝུའུ་ཀེ་ཡི་འགྲམ་དུ་ཙོག་པུར་བསྡད།
ལུག་རྣམས་ཀྱིས་རྩྭ་ཟ་བཞིན་ཡོད་དེ། ལུག་འགས་མའོ་ཙེ་མཐོང་བ་ན། འབའ་དིར་ཐེངས་འགའ་བྱས།
ལུ་གུ་ཆུང་ཆུང་ཞིག་གིས་རྔ་མ་ཐུང་ཐུང་དེ་ཡོ་བཞིན་ཐད་ཀར་ཁོའི་མདུན་དུ་སླེབས་ཡོང་བར་མ་ཟད། ད་དུང་ལུས་པོའང་མའོ་ཙེ་ལ་བསྙེས་ནས་བསྡད་བྱུང་།
མའོ་ཙེས་ཐོག་མར་ལག་པ་ཆུང་ཆུང་དེས་ལུ་གུ་ཆུང་ཆུང་གི་རྒྱབ་ཏུ་བྱུགས་པ་དང་། དེ་ནས་ཅང་མ་འགོར་བར་ལག་ཟུང་གིས་ལུ་གུ་ཆུང་ཆུང་དེའི་སྐེ་ལ་འཐམས་པར། མིག་ཆུ་ཤམ་ཤམ་ངང་ལུ་གུའི་བལ་གསེང་དུ་ཐིགས་པར་གྱུར།
གཙང་བོའི་ནང་གི་སྐད་སྒྲ་གནས་དེ་རུ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མའོ་ཙེ་ཡི་རྣ་བའི་བུ་གར་འཛུལ་བྱུང་།
མའོ་ཙེས་དལ་གྱིས་ལུ་གུ་ཕར་དེད་ཅིང་། ཁ་ཕྱིར་འཁོར་ནས་ལྟེ་བའང་ལྭ་བ་ལས་ཕྱིར་མངོན་པའི་ཝུའུ་ཀུའེ་ལ་བལྟས་ཙམ་བྱས་རྗེས་ཡར་ལངས་ཏེ་ཡུལ་དུ་སོང་བ་དང་། ལག་ཟུང་གིས་ཆུ་འཁྱག་ཟེའུ་གང་བཏེགས་ཏེ། ཁྱར་ཁྱོར་ངང་ཕྱིར་ཡོང་།
ཝུའུ་ཀུའེ་ཡི་གམ་དུ་སླེབས་པ་ན། མའོ་ཙེ་ཡིས་ཟེའུ་སར་བཞག་ནས་ངལ་ཏོག་ཙམ་གསོས་པ་དང་། དེ་ནས་ལག་ཟུང་གིས་ཟེའུ་དེ་མཐོན་པོར་བཏེགས་རྗེས། དེའི་ནང་གི་ཆུ་ཤག་ཤག་ཏུ་ཝུའུ་ཀེ་ཡི་གདོང་དུ་བླུགས……
རླུང་ཚུབ་ཅིག་གིས་ཡེ་ཧྲུའུ་དང་ཧྲན་ཐན་གཉིས་ཀྱི་སྟོད་ཐུང་ཆུ་ནང་དུ་འཁུར་སོང་།
རྩེད་མོའི་སྤྲོ་བ་ཆེར་འཕེལ་བའི་སྒང་དེར། བྱིས་པ་སུ་ཞིག་གིས་ཀྱང་སྟོད་ཐུང་དེ་གཉིས་ཆུས་ཁུར་ནས་ཐག་རིང་དུ་ཕྱིན་པ་ཚོར་མ་བྱུང་།
རྩེད་མོ་དེ་མཐར་མཇུག་འགྲིལ་བ་ལ། ཡེ་ཧྲུའུ་དང་ཧྲན་ཐན་གཉིས་ཀྱིས་སྟོད་ཐུང་མེད་པ་ཤེས་འཕྲལ། མའོ་ཙེ་བཙལ་བར་ཕྱིན་ཀྱང་དེར་ཁོའི་གྲིབ་རིས་ཙམ་ཡང་མཐོང་རྒྱུ་མ་བྱུང་བས། ཚང་མ་ཁོར་ཁྲོ་ལངས་པར་གྱུར། རྗེས་སུ་མའོ་ཙེ་མཐོང་བའི་སྐབས་སུ་ཁ་ཡ་ཅི་ཡང་མི་བྱེད།
ཡེ་ཧྲུའུ་དང་ཧྲན་ཐན་གཉིས་ཀྱིས་ད་དུང་ཁ་ཡ་ན་ཟླ་གཞན་དག་ལའང“ཁོ་དང་ཁ་བརྡ་མ་བྱེད”ཅེས་གདམས་བྱུང་།
ལོ་ལྔ་དྲུག་ཅན་གྱི་བྱིས་པ་ཞིག་གིས“ཅིའི་ཕྱིར”ཞེས་དྲིས་པ་ན།
ཡེ་ཧྲུའུ་ཡིས“ཁྱོད་ལ་སྣ་མེད་དམ། ཁྱོད་ཀྱིས་ཁོའི་ལུས་སྟེང་གི་རིལ་མའི་དྲི་ངན་མི་ཚོར་རམ”ཟེར།
ཧྲན་ཐན་གྱིས་ཀྱང་ཁ་སྣོན་གྱི་ཚུལ་དུ“ཁོ་ནི་ཆང་འདྲེ་ཆུང་ཆུང་ཞིག་ཡིན”ཞེས་ལབ།
ལོ་ལྔ་དྲུག་ཅན་གྱི་བྱིས་པ་དེས་ཧ་མ་གོ་བར“ཁོས་ཆང་མི་འཐུང་བས”ཟེར་བ་ལ།
ཧྲན་ཐན་གྱིས“ཁོའི་ཨ་ཕ་ནི་ཆང་འདྲེ་རྒན་པ་ཞིག་ཡིན་པས། ཆང་འདྲེ་རྒན་པའི་བུ་ནི་ཆང་འདྲེ་ཆུང་བ་ཡིན”ཞེས་བརྗོད།
ཡེ་ཧྲུའུ་དང་ཧྲན་ཐན་གཉིས་ཀྱི་བསམ་ཚུལ་ལྟར་ན་མའོ་ཙེར་ལྭ་བ་བདག་དམ་བྱེད་དུ་བཅུག་པ་ནི་ཁོར་རྩིས་མཐོང་ཆེན་པོ་བྱས་པ་ཡིན་ཡང་། ཁོ་ད་དུང་བྲོས་སོང་བ་རེད། ཁྱོད་བྲོས་ན་བྲོས་དང་། ཕྱིན་ཆད་སུ་ཞིག་གིས་ཁྱོད་ལ་ཁ་ཡ་བྱེད་པར་བལྟ་སྙམ།
མའོ་ཙེ་ཡིས་ཀྱང་དེ་མ་ཐག་ཏུ་ཚོར་བྱུང་སྟེ། ཆིང་དབྱང་སྡེ་བའི་བྱིས་པ་རྣམས་ཞོགས་པ་གཅིག་གི་རིང་ལ་གློ་བུར་ལོང་བ་དང་འོན་པར་གྱུར་ཟིན། ཁོ་མངོན་གསལ་དུ་བྱིས་པ་རྣམས་ཀྱི་མདུན་དུ་ལངས་ཡོད་ཀྱང་། ཁོ་ཚོ་རེ་རེས་མ་མཐོང་བའི་ཚུལ་བྱེད། ཁོས་ཁོ་ཚོ་བོས་ཀྱང་ཁོ་ཚོའི་ཁྲོད་དུ་ཨ་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་། བྱིས་པ་འགའ་ཞིག་ཤེལ་ཕོལ་རྩེ་བཞིན་མཆི། སྐབས་ཤིག་ལ་ཤེལ་ཕོལ་ཁོའི་རྐང་འོག་ཏུ་འགྲིལ་བྱུང་བར། ཁོས་མྱུར་དུ་ཤེལ་ཕོལ་དེ་ཡར་བླངས་ནས་ངོ་དགའི་ཚུལ་གྱིས་ཕར་སྐྱེལ་བར་ཕྱིན་པ་ན། བྱིས་པ་ཞིག་གིས་ཁོའི་ལག་ནས་ཕྲོགས་ཏེ“སྐལ་མེད་སར་སྐེ་མ་བསྲིངས”ཞེས་ཟེར་བ་དང་། མཐུད་ནས་ཤེལ་ཕོལ་དེ་སྣ་མདོར་ཁྱེར་ནས་སྣོམ་ཙམ་བྱས་པར། དེ་མ་ཐག་ཏུ་སྣ་གཉེར་མདུད་པ་དགུ་བརྒྱབ་བྱུང་། དེ་ནས་ཤེལ་ཕོལ་སར་འཕངས་ཏེ་རྐང་མཐིལ་གྱིས་ཕར་བསྒྲིལ་ཚུར་བསྒྲིལ་ལན་འགའ་བྱེད་པ་ནི། ཕལ་ཆེར་ཤེལ་ཕོལ་དེའི་སྟེང་བཙོག་དངོས་ཤིག་འགོས་ཡོད་པ་དང་ཀུན་ནས་མཚུངས།
ཕས་རྒོལ་དེའི་མཇུག་འབྲས་ལ། མའོ་ཙེ་ནི་དུས་དེ་ནས་བཟུང་རྒྱང་རིང་དུ་བྱིས་པ་རྣམས་རྩེད་མོ་རྩེ་བར་ལྟ་བཞིན་ཏེ། ཁོ་ནི་རྩ་བ་ནས་ཁེར་རྐྱང་དུ་གྱུར་སོང་བ་རེད།
ཉིན་མང་བོ་ཞིག་འདས་སོང་། ཉིན་དེར་ཡེ་ཧྲུའུ་དང་བཅས་པ་སྡེ་མདུན་གྱི་ས་སྙོམས་ས་ཞིག་ཏུ“ལོང་བས་རྐུན་འཛིན”གྱི་རྩེད་མོ་དེར་རོལ་བཞིན་ཡོད་པར། མའོ་ཙེས་རྒྱང་རིང་ཞིག་ནས་བལྟས་ཏེ་བསྡད། ཁོ་རྩེད་མོའི་ཁྲོད་དུ་ཞུགས་པར་བྱེད་མི་ཐུབ་ཀྱང་། ཁོར་ལྟ་བཞིན་ལྟ་བཞིན་སྤྲོ་བ་ཆེན་པོ་འཕེལ་བར་གྱུར།
ལོང་བ་དེ་ནི་བྱིས་པའི་མིག་ཟུང་རས་ཤད་མོ་ཞིག་གིས་བསྒྲིབས་པར་བྱས་ཏེེ། རྐུན་མ་ནི་བྱིས་པ་གཞན་དག་ས་གནས་མི་འདྲ་བ་རུ་འགྲེང་ནས་སྡོད་དགོས། ལོང་བས་རེག་རེག་བྱེད་བཞིན་ཚུར་ཡོང་བར། རྐུན་མ་འགུལ་མི་ཆོག་སྟེ། གལ་ཏེ་རྐུན་མ་སུ་ཞིག་ལོང་བས་རེག་ཐུག་སོང་ཚེ། ཅུང་ཙམ་རེག་ཐུབ་པ་བྱུང་ཡང་ཁོ་ལོང་བ་བཅའ་དགོས་པ་ཡིན། ལོང་བས་མིག་ཟུང་བསྒྲིབས་པའི་རས་ཤད་མོ་དེ་བླངས་པ་ནས་རྐུན་མར་གྱུར་པའོ། །མའོ་ཙེ་འགྲམ་དེ་རུ་ལངས་ནས་སྡོད་པ་དང་། ཅང་མ་འགོར་བར། ལོང་བར་བལྟས་ནས་བྲེལ་ཚུབ་སྐྱེས་བྱུང། གཡོན་ཕྱོགས། གཡོན་ཕྱོགས། གཡོན་ཕྱོགས་སུ་ཅུང་ཙམ་སོང་ན་རྐུན་མ་འཛིན་ཐུབ། མཐར་ལོང་བ་གཡོན་ཕྱོགས་སུ་མ་ཕྱིན་པར། རེག་རེག་བྱེད་བཞིན་གཡས་ཕྱོགས་སུ་བུད་སོང་། དེ་ནས་ཅང་མ་འགོར་བར་རྐུན་མའི་དོན་དུ་བྲེལ་ཚུབ་སྐྱེས་ཏེ། ལུས་པོ་ཤེད་ཀྱིས་གཡས་ཕྱོགས་སུ་ཡོ་བར་བྱོས། ཤེད་ཀྱིས་གཡས་ཕྱོགས་སུ་ཡོ་བར་བྱོས་དང་། ཁོའི་ལག་ཟུང་གཉིས་ཁུ་ཚུར་དམ་པོོར་བཅིངས་ཡོད་ལ། ཐ་ན་ད་རུང་བར་སྣང་དུའང་ཐེངས་འགར་སྣུན་པར་བྱེད།
ཝ་ཅུས་བརྒྱུགས་ཏེ་ཚུར་སླེབས་ཡོང་ནས“མའོ་
ཙེ། ཡེ་ཧྲུའུ་སོགས་ཀྱིས་ཁྱོད་འབོད་བཞིན་འདུག”
ཅེས་བཤད།
མའོ་ཙེས་ཐེ་ཚོམ་ཆེ་བའི་ཉམས་ཀྱིས་ཝ་ཅུས་ལ་བལྟས་ནས“ང་འབོད་པ་ཡིན་ནམ”ཞེས་དྲིས།
“ཁོ་ཚོས་ཁྱོད་ལོང་བས་རྐུན་འཛིན་གྱི་རྩེད་མོ་རྩེ་བར་འབོད་བཞིན་མཆི།”མའོ་ཙེ་དེ་གར་ལངས་ནས་འགུལ་ཙམ་ཡང་མི་བྱེད།
“ངས་ཁྱོད་ལ་རྫུན་གཏམ་པ་མིན། ངས་ཁྱོད་ལ་རྫུན་གཏམ་ཚེ། ང་ནི་ཁྱི་གུ་ཡིན།”
མའོ་ཙེ་རེ་ཞིག་ཐེ་ཚོམ་གྱི་ངང་དུ་ལུས་པ་དང་།
དེ་ནས་མྱུར་དུ་ཡེ་ཧྲུའུ་སོགས་ཀྱི་གམ་དུ་བརྒྱུགས།
ཁོ་ཚོས་མའོ་ཙེ་བརྒྱུགས་ནས་ཡོང་བཞིན་པ་མཐོང་བར། ཡེ་ཧྲུའུ་ཡིས་ཧྲན་ཐན་ལ་བལྟས་ཏེ་མིག་བརྡ་ཙམ་བསྟན་རྗེས། ཁ་ཕྱིར་འཁོར་ནས་མའོ་ཙེ་ལ“ཁྱོད་ལོང་བ་བྱེད་འདོད་དམ”ཞེས་དྲིས།
མའོ་ཙེས་མགོ་བོ་ནང་དུ་གུག་གུག་ལན་འགའ་བྱས།
ཡེ་ཧྲུའུ་ཡིས་ཧྲན་ཐན་གྱི་ལག་ནས་བཙོག་གྲིབ་ཅན་གྱི་རས་ཤད་མོ་ཞིག་བླངས་པ་དང་། དེ་ནས་མཛུབ་གུ་ནང་བཀུག་གིས་མའོ་ཙེ་ཚུར་འབོད་པའི་བརྡ་བསྟན།
མའོ་ཙེ་ཡེ་ཧྲུའུ་ཡི་མདུན་དུ་སོང་བ་དང་། དེ་ནས་ཁ་ཕྱིར་འཁོར།
ཡེ་ཧྲུའུ་ཡིས་རས་ཤད་མོ་དེས་མའོ་ཙེ་ཡི་མིག་ཟུང་མ་བསྒྲིབས་གོང་། ཡང་གཡོ་ཟོལ་གྱིས་ཧྲན་ཐན་སོགས་བྱིས་པ་དག་ལ་བལྟས་ནས་དགོད་ཙམ་བྱས།
མའོ་ཙེ་ཡི་མིག་ཟུང་ཡོངས་སུ་བསྒྲིབས་པ་ན། དེ་སྔའི་དཀར་གསལ་གྱི་འཇིག་རྟེན་དེ་སྐད་ཅིག་ཉིད་ལ་མུན་ནག་གི་ཞིང་ཁམས་སུ་གྱུར། གློ་བུར་དཀར་གསལ་ནས་མུན་ནག་ཏུ་ལྷུང་བའམ། ཡང་ན་ཡེ་ཧྲུའུ་ཡིས་རས་ཤད་མོ་དེས་བསྡམས་དྲགས་པ་གང་ཡིན་མི་ཤེས་མོད། མའོ་ཙེ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་བྱུང་།
རྩེད་མོའི་མགོ་བརྩམས་སོང་།
མའོ་ཙེས་རྐང་སྒྲ་སྐོར་ཞིག་གྲགས་པ་ཐོས་བྱུང་བ་དང། དེའི་རྗེས་མགྱོགས་མྱུར་ངང་འཇགས་པར་གྱུར།
མའོ་ཙེས་རྐུན་མ་དེ་དག་རེ་རེ་བཞིན་རང་སར་བསྡད་བྱུང་བར་ཚོད་དཔག་བྱེད།
ཡེ་ཧྲུའུ་ཡིས“ང་ཚོ་ཚང་མ་འགྲེང་ནས་བསྡད་ཡོད”ཅེས་ལབ།
མའོ་ཙེ་ཡིས་ལག་ཟུང་བརྐྱངས་ནས་རྐུན་མའི་ཕྱོགས་སུ་རེག་རེག་བྱེད་བཞིན་ཕྱིན། ཁོས་རེག་བཞིན་རེག་བཞིན་ཇི་ལྟར་རེག་པར་བྱས་ཀྱང་རྐུན་མ་གཅིག་ཀྱང་རེག་མ་བྱུང་། ཁོས་བར་མེད་དུ་ཁ་ཕྱོགས་བསྒྱུར་ནས་རེག་པར་བྱེད་པ་ལས་ཐབས་གཞན་ཅི་ཡང་མ་བྱུང་།
ཕྱོགས་བཞི་ལྷིང་འཇགས་སེར་ཡོད་པ་དང་། མི་གཅིག་གི་སྐད་སྒྲའང་ཐོས་རྒྱུ་མི་འདུག རྒྱང་རིང་ཞིག་ནས་སུ་ཚང་གི་ཡིན་པ་མི་ཤེས་པར་ཁྱིའི་འབ་སྐད་རེ་ཐོས་ཡོང་། གཙང་བོ་རུ་ངང་བ་རྐྱལ་བཞིན་པ་དང་འདྲ་སྟེ། ངང་ཕོ་ཞིག་གི་སྐད་སྒྲ་མའོ་ཙེའི་རྣ་བའི་བུ་གར་མཆེད་འོང་། ཕལ་ཆེར་སྡོང་རྒན་ཞིག་གི་འོག་ཏུ་སླེབས་པ་དང་འདྲ་སྟེ། རྒྱུ་མཚན་ནི་ཁོས་སྡོང་བོའི་ལོ་མས་རླུང་བུའི་ཁྲོད་སྒྲོག་པའི་ཤག་ཤག་གི་སྒྲ་ཐོས་བྱུང་། ཁོས་རང་གི་མགོ་བོ་སྡོང་བོའི་ཡལ་གར་ཐོགས་པར་སྐྲག་སྟེ་ཁ་ཕྱིར་འཁོར་ནས་སོང་།
ཁོས་ལག་ཟུང་ཐོག་མཐའ་བར་གསུམ་དུ་བརྐྱངས་ནས་ཡོད་པ་དང་། ལག་མཐིལ་གཉིས་ཀ་དེ་བཞིན་བརྐྱངས་ཏེ་ཡོད་པ་ནི། འཕུར་མ་འཕུར་མཚམས་ཀྱི་བྱ་ཞིག་དང་ཧ་ཅང་འདྲ།
ཡུད་ཙམ་འགོར་རྗེས། ཁོར་མགོ་ཡོམ་འཁོར་བྱུང་། ཁོས་རང་གི་མིག་ཟུང་བསྒྲིབས་པའི་རས་ཤད་མོ་དེ་བླངས་ནས་བལྟ་འདོད་ཀྱང་། ཁོས་དེ་ལྟར་བྱེད་མི་རུང་སྟེ། འདི་ནི་རྩེད་མོ་ཞིག་ཡིན་ལ། ཡེ་ཧྲུའུ་སོགས་ཀྱི་བསམ་བཟང་བྱས་པ་ཞིག་ཀྱང་ཡིན་ཏེ། བསམ་བཟང་དེས་ད་གཟོད་རང་ཉིད་རྩེད་མོ་འདིར་ཞུགས་ཐུབ་པ་བྱུང་། ཁོས་ནན་ཏན་བྱེད་དགོས་པར་མ་ཟད། ད་རུང་འགྲིག་ལམ་ཡང་བརྩི་དགོས་པ་ཡིན།
ཁོ་སོང་དང་འགྲོ་བཞིན། རེག་དང་རེག་བཞིན……
ཁོས་སེམས་སུ“ཁྱོད་ཚོས་ངོ་ཚ་སྤངས་ནས་སྤོ་སྣུར་བྱེད་མི་ཆོག”ཅེས་རྗོད་ཀྱིན་ཡོད།
ཁོ་བར་མེད་དུ་སོང་དང་འགྲོ་བར་བྱེད་ཅིང་། རེག་
དང་རེག་པར་བྱེད་ལ། དུས་ཡུན་ཅི་ཙམ་ཞིག་ཏུ་སོང་བ་དང་། དུས་ཡུན་ཅི་ཙམ་ཞིག་ལ་རེག་པའང་མི་ཤེས། ཕྱོགས་བཞི་རུ་མཁའ་དབུགས་ཙམ་ལས་མེད་པས། མཁའ་དབུགས་ཁྲོད་རྐུན་མ་མེད་ལ། རྐུན་མ་གཅིག་ཀྱང་མ་མཆིས།
ཁོའི་སེམས་སུ་དོགས་པ་སྐྱེས་ཏེ། དེ་ནི་ཅི་ཞིག་ཡིན་ནམ། རེག་འཚོལ་བྱས་ནས་འདི་འདྲ་ཞིག་འགོར་བས། གཅིག་ཙམ་ནི་རེག་ཐུབ་པ་བྱུང་ན་འགྲིག་ཨང་སྙམ།
ཁོར་མགོ་ཡོམ་ཅུང་ཙམ་འཁོར་བྱུང་བར་མ་ཟད། ད་དུང་སྐྱུག་མེར་ཡང་ལངས་མགོ་བརྩམས། ཁོའི་ལུས་ཕུང་འཁྱོར་མགོ་བརྩམས་པར་མ་ཟད། ད་དུང་འཁྱོར་བའང་ཇེ་དྲག་ནས་ཇེ་དྲག་ཏུ་གྱུར། ཁོའི་རྡོག་སྣེ་ཟུང་བར་མེད་དུ་ཕན་ཚུན་བསྣོལ་བར་བྱས་འགྲོ་ལ། ཐེངས་འགར་རང་ཉིད་འགྱེལ་མི་རུང་བར་སྙམ། ཁོའི་ཁྱར་ཁྱོར་ངང་ཕར་བརྐྱངས་པའི་ལག་ཟུང་ལྗིད་ཏིག་གེར་འགྱུར་མགོ་བརྩམས་ནས་ལུས་ཕུང་ལ་སྙོམས་སྒྲིག་བྱེད་མ་ཐུབ་པས། རིམ་བཞིན་ཐུར་དུ་འཕྱང་སྟེ་གཤོག་པ་ཆད་པ་དང་གཉིས་སུ་མེད། ཁོ་ཁྱར་ཁྱོར་ངང་འགྲོ་བཞིན་ཡོད་དེ། ཁོས་ཐ་ན་རང་ཉིད་རྩེད་མོ་རྩེ་བའང་བརྗེད་བཞིན་ཡོད་པ་དང་། རང་ཉིད་ཀྱིས་ལོང་བས་རྐུན་འཛིན་གྱི་མི་སྣ་འཁྲབ་སྟོན་བྱེད་བཞིན་ཡོད་པའང་བརྗེད་པར་གྱུར། མིག་ཟུང་བསྒྲིབས་ནས་མདུན་དུ་སྐྱོད་པ་ནི། ཁོའི་མི་ཚེ་གཅིག་གི་དོན་བྱ་ཞིག་དང་ཀུན་ནས་འདྲའོ།།
ཁོ་གློ་བུར་ཐང་དུ་འགྱེལ་སོང་བ་དང་། ད་དུང་རང་གི་ལུས་ཕུང་ལ་རང་དབང་མེད་པར་རྦབ་རྡོ་ནང་བཞིན་ཐུར་དུ་འགྲིལ་སོང་། ཁོའི་ཚོར་བར་རང་ཉིད་ཀྱི་ལུས་ཕུང་ནི་གཟར་ངོས་ཤིག་ཏུ་འགྲིལ་བཞིན་པའི་ཚོར་བ་སྐྱེས། ཁོས་འདི་ལྟར་ཅིའི་ཕྱིར་དུ་གྱུར་པར་བསམ་ལོང་མ་བྱུང་བར་ཕཊ་སྒྲ་ཞིག་གྲགས་པ་དང་། ཆུ་ཁམ་འགའ་ཡང་མིད་དགོས་བྱུང་། ཁོས་ཆུ་ནང་དུ་སྲོག་བསྡོས་ཀྱིས་འཕག་འཚག་བརྒྱབ་ནས་ཡར་བུད་དེ། ལག་པས་ཤེད་ཀྱིས་རང་གི་མིག་ཟུང་བསྒྲིབས་པའི་རས་དེ་བླངས་པ་ན། རང་ཉིད་ཆུ་ནང་དུ་འགྲིལ་བ་གསལ་བོར་རྟོགས།
ཁོ་ཅུང་ཙམ་མགོ་རྨོངས་པར་གྱུར།
ཁོ་དཀའ་ལས་ཆེན་པོས་གཙང་བོའི་འགྲམ་ངོགས་སུ་བུད་པ་དང་། དེ་ནས་མདུན་ཕྱོགས་སུ་བལྟས་པ་ན། མཐོང་ལམ་དུ་མངོན་པ་ནི་བདེ་ཐང་སྟོང་བ་ཞིག་སྟེ། མི་གཅིག་གི་གྲིབ་གཟུགས་ཀྱང་མཐོང་རྒྱུ་མི་འདུག
ཁོས་ཡུན་རིང་ཞིག་ལ་བལྟས་ནས་བསྡད།
འཇིག་རྟེན་འདི་རུ་ཕལ་ཆེར་མི་གཅིག་ཀྱང་མེད་པར།
རང་ཉིད་གཅིག་པུ་ལུས་ཡོད་པ་དང་མཚུངས། ཁོ་ཁ་ཕྱིར་འཁོར་ཏེ་ཆུ་འཛར་འཛར་ངང་ཆུ་འགྲམ་དུ་ཙོག་སྟེ། ངུ་སྐད་ཕྲན་བུ་བཏོན་ནས་ངུས་སོང……
དུས་དེ་ནས་བཟུང་། མའོ་ཙེ་ནི་གྲགས་འགུལ་ཅི་ཡང་མེད་པར་ཨར་འདམ་ཅོག་ཙེ་དེའི་སྟེང་བསྡད་དེ་སློབ་ཁྲིད་ལ་ཉན་པ་ལས། ཆིང་དབྱང་སྡེ་བའི་བྱིས་པ་རྣམས་དང་མཉམ་དུ་རྩེ་འདོད་ཡེ་ནས་མ་བྱུང་། ཁོ་ནི་ཁོ་ཚོ་དང་རྒྱང་ཐག་རིང་དུ་གྱེས་པར་མ་ཟད། ཁོ་ཚོ་མཐོང་ནའང་མི་འདོད་པ་ཞིག་ཏུ་གྱུར་ཡོད། ཁོ་ཚོའི་རོལ་རྩེད་དང་ཁོ་ཚོའི་དགའ་འབོད་ཀྱིས་ཀྱང་ཁོའི་སེམས་ཀྱི་འོ་མཚོ་གཏན་ནས་འཕྱུར་བར་བྱེད་མི་ནུས། ཁོ་ནི་ཁོ་ཚོར་སྤྲོ་སྣང་ཏིལ་ཙམ་ཡང་མེད་དེ། རྡོ་ཞིག་རླུང་བུར་སྤྲོ་སྣང་མེད་པ་དང་ཀུན་ནས་མཚུངས།
ད་ལྟ་ཁོ་ཆེས་འགྲོ་འདོད་ཆེ་བའི་གནས་ཤིག་ཡོད་པ་ནི། ལམ་འགྲམ་གྱི་ཀླད་ཁེབས་མེད་པའི་རླངས་འཁོར་ཞིག་གསོ་ར་བ་དེ་ཡིན།
ལམ་འདི་བརྒྱུད་ནས་ཆིང་དབྱང་སྡེ་བའི་གཞུང་ལམ་དུ་འགྲོ་ཐུབ་པར་མ་ཟད། འདི་ནི་འགྲུལ་བཞུད་ཅུང་ཆེ་བའི་གཞུང་ལམ་ཞིག་ཀྱང་ཡིན་ཏེ། ཉིན་མཚན་མེད་པར་རླངས་འཁོར་བར་མེད་དུ་རྒྱུག་པ་དང་། རླངས་འཁོར་དེ་དག་གང་ཞིག་ནས་འོངས་པ་དང་། གང་ཞིག་ཏུ་བསྐྱོད་པར་མི་སུ་ལའང་གསལ་ཆ་མེད། ལོ་འགའི་སྔོན་དུ། ཕྱི་ཡོང་པ་ཞིག་གིས་ལམ་འགྲམ་གྱི་ས་རྒོད་ཅིག་ཏུ་ཀླད་ཁེབས་མེད་པའི་རླངས་འཁོར་ཞིག་གསོ་ར་བ་ཞིག་ཕྱེ་སོང་། དེ་ནི་མི་དར་མ་ཞིག་སྟེ། ཁོས་རླངས་འཁོར་ཞིག་གསོ་བྱེད་ཤེས་པ་དང་། སྔོན་ཆད་ས་གནས་གཞན་དུ་རླངས་འཁོར་ཞིག་གསོ་ར་བ་ཞིག་ཕྱེ་ལ། ཚོང་མ་བརྒྱུགས་པར་བརྟེན་ས་འདི་རུ་ཞིག་གསོ་ཁང་དེ་ཕྱེ་བ་ཡིན། གནས་འདི་ནས་ཕར་ཤར་ཕྱོགས་སུ་སྤྱི་ལེ་ལྔ་བཅུ་དང་། ནུབ་ཕྱོགས་སུ་སྤྱི་ལེ་ལྔ་བཅུའི་བར་རླངས་འཁོར་ཞིག་གསོ་ར་བ་གཅིག་ཀྱང་མི་འདུག གནས་འདི་རུ་ཞིག་གསོ་ར་བ་ཕྱེ་རྗེས། ཉིན་མཚན་མེད་པར་ཚོང་བརྒྱུགས་པར་གྱུར། སྤྱིར་རླངས་འཁོར་ལའང་ཆག་སྐྱོན་འབྱུང་བའི་སྐབས་ཡོད་དེ། དེ་ནི་རྒྱུན་དུ་ལམ་བར་དུ་འབྱུང་བ་རང་ངོ་།།
མི་དར་མ་དེ་དུས་ཡུན་རིང་བོ་མ་འགོར་བར། ཆིང་དབྱང་སྡེ་བའི་མི་རྣམས་དང་འགྲོགས་ལོབས་སུ་གྱུར་ལ། ཆིང་དབྱང་སྡེ་བའི་མི་རྣམས་ཀྱིས་ཀྱང་ཁོར་ལའོ་ཀའོ་ཞེས་སུ་འབོད།
གནས་དེར་ཞིག་གསོ་ར་བ་ཞེས་སུ་འབོད་ཀྱང་།
དོན་དངོས་སུ་ལའོ་ཀའོ་དང་ཁོའི་ཆུང་མ་ལས་གཞན་བཟོ་པ་གཅིག་ཀྱང་མེད་ལ། ལས་ཀའང་དེ་ཙམ་གྱིས་སོ།།
ལའོ་ཀའོ་ཡིས་རླངས་འཁོར་ཞིག་གསོ་བྱེད་དུས། མའོ་ཙེས་འགྲམ་ཞིག་ཏུ་ལྟ་བ་ཡིན། ཕྱི་ཡོང་པ་དང་ཁོའི་ཆུང་མས་མའོ་ཙེ་ལ་སུན་གཙེར་གཏན་ནས་མི་བྱེད་པར་མ་ཟད། ཁོ་གཉིས་ད་དུང་མའོ་ཙེ་ལ་ཅུང་ཙམ་དགའ་སྟེ། རྒྱུ་མཚན་ནི་ཁོ་སྐད་ཆ་མང་བ་དང་པྲ་ཆལ་ཞིག་གཏན་ནས་མིན་པར། དེ་རུ་གྲགས་མེད་འགུལ་མེད་དུ་ཙོག་ནས་ལྟ་བར་བྱེད་པས་ཡིན།
མའོ་ཙེས་ཁོམ་སྐལ་ཕྲན་བུ་རེ་བྱུང་ཚེ་གནས་འདིར་བརྒྱུགས་ཡོང་སྟེ། ཕལ་ཆེར་གནས་འདི་ནི་ཁོའི་ཁྱིམ་དང་མཚུངས་པར་ཆགས་ཡོད།
ཁོས་ལའོ་ཀའོ་ཡིས་འགྱིག་འཁོར་ལེན་པ་དང་།
འགྱིག་འཁོར་སྦྱོར་བ། འགྱིག་འཁོར་ཕྱིར་སྤྲོད་པ་སོགས་མུ་འབྲེལ་དང་བྱང་ཆ་ལྡན་པའི་ལས་ཀ་དག་ནི་ལྟད་མོ་ཆེ་བ་དང་ཡིད་འགུགས་པ་ཞིག་ཏུ་སེམས་ཡོད།
སྒུལ་གཏོང་འཕྲུལ་ཆས་ཆག་སོང་།
ལའོ་ཀའོ་ཡིས་ཁ་ལེབ་ཡར་བཀྱགས་ཏེ། གཅུ་འབིགས་ཤིག་ཐོགས་ནས་འདི་རུ་རྡེག་ཙམ་དང་དེ་རུ་བསྣུན་ཙམ་བྱས་པ་ན། ཅང་མ་འགོར་བར་སྒུལ་གཏོང་འཕྲུལ་ཆས་ཀྱིས་ཐོལ་ཐོལ་ཞེས་སྒྲ་ཅུང་ཙམ་ཞིག་བསྒྲགས་རྗེས། ཡང་བསྐྱར་འཁོར་སྐྱོད་བྱེད་ཐུབ་པར་འགྱུར་པས། ཧ་ཅང་ངོ་མཚར་བ་ཞིག་རེད།
སྐབས་རེར། ལའོ་ཀའོ་ཡིས་འཕྲུལ་ཆས་ཀྱི་ལྷུ་ལག་རེ་རེ་བཞིན་གཏོར་ཏེ་གནས་དེ་ག་རུ་འགྲེམ་པར་བྱེད། མའོ་ཙེས་དེ་དག་མཐོང་བ་ན་སེམས་ཁུར་ཆེན་པོས་ཕྱིར་བསྒྲིགས་ནུས་སམ་སྙམ། ལའོ་ཀའོ་ཡིས་ལྷུ་ལག་རེ་རེ་བཞིན་དེ་དག་ཕྱིར་ལེགས་པོར་བསྒྲིགས་ཏེ། འཕྲུལ་ཆས་ཀྱིས་ཐོལ་ཐོལ་ཐོལ་ཞེས་སྒྲ་བར་མེད་དུ་བསྒྲགས་བྱུང་བའི་སྐབས་སུ། ཁོས་དབུགས་རིང་ཞིག་འབྱིན་ངེས་པ་དང་མཐུད་ནས་གདོང་ལ་འཛུམ་གོར་ཞིག་འཁྱིལ་འགྲོ། སྐབས་དེར་ལའོ་ཀའོ་ཡང་མའོ་ཙེ་ལ་བལྟས་ནས་དགོད་པར་བྱེད་ཅིང་། དགོད་འཛུམ་དེའི་ནང་དུ་ཡིད་ཚིམས་པའི་རྣམ་འགྱུར་ཞིག་ཀྱང་འདུས་ཡོད།
ཐོག་མའི་དུས་སུ། མའོ་ཙེས་ལའོ་ཀའོ་ཡིས་རླངས་འཁོར་ཞིག་གསོ་བྱེད་པར་ལྟ་སྐབས། ཁོ་གཉིས་ཀྱི་བར་དུ་བར་ཐག་ངེས་ཅན་ཞིག་བཟུང་འདུག ཉི་མ་རེ་རེ་བཞིན་ཕར་འདས་རྗེས། བར་ཐག་དེའང་ཇེ་ཐུང་ནས་ཇེ་ཐུང་དུ་གྱུར་ཏེ། མཐར་ལའོ་ཀའོ་ཡིས་ཁ་ལེབ་ཡར་བཀྱགས་ནས་ལྟ་སྐབས། མའོ་ཙེ་ཡང་དེའི་ཉེ་སར་ཡོང་ནས་ཁོ་དང་མཉམ་དུ་ལྟ་བ་ཡིན། དེ་ནི་ཕལ་ཆེར་ལའོ་ཀའོ་དང་མཉམ་དུ་གནད་དོན་ཞིག་ཐག་གཅོད་བྱེད་པ་དང་མཚུངས། ལའོ་ཀའོ་ལ་མཚོན་ནའང་ཕྱོགས་གཅིག་ནས་རླངས་འཁོར་ཞིག་གསོ་བྱེད་པ་དང་། ཕྱོགས་གཅིག་ནས་མའོ་ཙེ་ལ་འགྲེལ་བཤད་བྱེད་པས། དེ་ནི་སློབ་མ་གསར་བ་ཞིག་སྡུད་ལེན་བྱེད་པ་དང་གཉིས་སུ་མེད། ལན་འགར་ལའོ་ཀའོ་ཡིས་ད་དུང་མའོ་ཙེ་ལ“སྐམ་པ་དེ་ང་ལ་བྱིན་དང་། ཁྱོད་སོང་ནས་ཡོ་བྱད་སྒམ་ཆུང་ནང་གི་མཆུ་བཅུ་གཅུས་འབིགས་ཤིག་འཚོལ་ལ་ཤོག”ཅེས་མངགས་བཀོད་ཀྱང་བྱེད།
ཉིན་རེ་བཞིན་དགོང་མོ་ཧ་ཅང་འཕྱིས་པའི་དུས་སུ། མའོ་ཙེ་ད་གཟོད་ཁྱིམ་དུ་ལྡོག་པ་ཡིན།
ཉིན་དེ་ནི་མའོ་ཙེ་ལ་མཚོན་ན་ཆེས་གལ་ཆེ་བའི་ཉིན་ཞིག་སྟེ། རྒྱུ་མཚན་ནི་ཉིན་དེ་ནས་མགོ་བརྩམས་ཏེ་མའོ་ཙེ་ཡིས་ཁོ་ཧ་ཅང་དགའ་བའི་རོལ་རྩེད་ཅིག་རྙེད་ཡོད། རོལ་རྩེད་དེ་ཁོ་གཅིག་པུས་རོལ་ཆོག་སྟེ། ཁོ་གཅིག་པུ་ཧ་ཅང་དགའ་སྤྲོའི་ངང་རོལ་ཆོག དུས་དེ་ནས་བཟུང་། ཁོ་རོལ་རྩེད་དེར་ཧ་ཅང་དགའ་མོས་བྱུང་ལ། དེས་ཁོར་ཡོད་ཚད་བརྗེད་དུའང་བཅུག་བྱུང་།
རོལ་རྩེད་དེ་དུས་དེ་ནས་བཟུང་། ཆིང་དབྱང་སྡེ་བའི་ཡུལ་ལྗོངས་རི་མོ་ཞིག་ཏུའང་གྱུར་སོང་།
ཉིན་དེར། ཟོང་འདྲེན་རླངས་འཁོར་འབྲིང་བ་ཞིག་གི་འགྱིག་འཁོར་བརྡོལ་སོང་བ་རེད། འགྱིག་འཁོར་དེ་རླངས་འཁོར་ཞིག་གསོ་ར་བའི་བར་དུ་ཕལ་ཆེར་སྤྱི་ལེ་ལྔ་ཙམ་ཡོད་པའི་ས་རུ་དབུགས་ཤོར་པ་དང་། ཁ་ལོ་པས་ཨུ་ཚུགས་ཀྱིས་རླངས་འཁོར་དེ་ཁྱར་ཁྱོར་དང་ཡམ་ཡོམ། ཕར་གསེག་ཚུར་གསེག་གིས་ཞིག་གསོ་ར་བ་རུ་བསྐོར་ནས་སླེབས་སོང་།
ལའོ་ཀའོ་ཡིས་འགྱིག་འཁོར་དེ་བླངས་རྗེས། རྒྱང་ཐག་མི་རིང་བའི་སྤྱིལ་ཁེབས་ཀྱི་འོག་ཏུ་དེད་སོང་བ་དང་། དུས་ཚོད་གཅིག་གི་རྗེས་ནས་འགྱིག་འཁོར་དེ་ལེགས་པར་སྦྱར་ལ། དེར་དབུགས་འདང་ངེས་ཤིག་བརྒྱབ་རྗེས། ཕྱིར་རླངས་འཁོར་དེའི་ཕྱོགས་སུ་དེད་ཡོང་།
ལྡེམ་ཤུགས་མཆིས་པའི་འཁོར་ལོ་དེ་ཐེངས་རེ་རེར་དེད་པ་ན། རྦབ་རྡོ་བཞིན་འགྲིལ་བར་གྱུར། སྣང་བརྙན་དེ་ནི་ཆེས་གསོན་ཉམས་ལྡན་པ་ཞིག་སྟེ། མའོ་ཙེས་མིག་ཟུང་ཆེར་བགྲད་དེ་རང་དབང་མེད་པར་དེའི་གམ་དུ་ཕྱིན།
ལའོ་ཀའོ་ཡིས་མའོ་ཙེའི་མིག་ཟུང་དུ་ཁོ་དེ་ལ་ཧ་ཅང་དགའ་བོ་ཡོད་པ་ཤེས་པས། མའོ་ཙེ་ཁྱོད་འདིར་ཤོག་ཅེས་པའི་བརྡ་བསྟན།
མའོ་ཙེ་ད་དུང་ཐེ་ཚོམ་སྐྱེ་བཞིན་ཡོད་པའི་དུས་སུ། ལའོ་ཀའོ་ཡིས་འགྱིག་འཁོར་དེར་ཁ་ཡ་མི་བྱེད་པར་རང་སར་བསྐྱུར།
འཁོར་ལོར་འདེད་ཤུགས་ཤོར་མ་ཐག ཡུད་ཙམ་ལ་འཁོར་རྗེས་མགྱོགས་ཚད་ཇེ་དལ་དུ་ཕྱིན་ནས་ཡམ་ཡོམ་བྱེད་མགོ་བརྩམས།
མའོ་ཙེས་མཐོང་རྗེས། དེ་མ་ཐག་མདུན་དུ་བརྒྱུགས་ནས་ལག་ཟུང་གིས་ཕར་ཐེངས་གཅིག་དེད་པ་ན། འགྱིག་འཁོར་དེར་སྟོབས་ཤུགས་ཐོབ་སྟེ་ཡང་བསྐྱར་མདུན་ཕྱོགས་སུ་མགྱོགས་མྱུར་ངང་འགྲིལ་བར་བྱེད།
མའོ་ཙེས་ཁ་ཕྱིར་འཁོར་ནས་ལའོ་ཀའོ་ལ་ཐེངས་ཤིག་བལྟས།
ལའོ་ཀའོ་ཡིས་ཁོར་དེད་ཅིག དེད་ཅིག་ཅེས་པའི་བརྡ་བསྟན་འོང་།
མའོ་ཙེ་མགྱོགས་མྱུར་ངང་གོམ་པ་འགའ་བརྒྱུགས་པར། འཁོར་ལོའི་རྗེས་ཆོད་སོང་།
ཁོས་ལག་ཟུང་གིས་བར་མེད་དུ་དེད་པའི་ཚེ། ཇི་ལྟར་དེད་ན་དེ་ལྟར་ཚོར་སྣང་བྱུང་།
ཇི་ལྟར་དེད་ན་དེ་ལྟར་མགྱོགས་པས། འཁོར་ལོ་ས་སྙོམས་ས་དེ་རུ་སྐོར་བ་བརྒྱབ།
ཡུད་ཙམ་འགོར་བ་ན། མའོ་ཙེས་འགྱིག་འཁོར་དེད་ནས་རྔུལ་ཆུ་ཤམ་ཤམ་དུ་བབས་ཡོང་།
དེར་ལའོ་ཀའོ་ཡིས“གསར་བུ། ད་ཆོག་གི ང་ཚོས་དེ་ཕྱིར་སྤྲོད་དགོས། ཁོ་ཚོ་ད་དུང་ལམ་ལ་ཆས་དགོས་པ་ཡིན”ཞེས་བརྗོད་བྱུང་།
མའོ་ཙེས་ཡང་བསྐྱར་སྐོར་བ་གཅིག་བརྒྱབ་རྗེས། ད་གཟོད་འཁོར་ལོ་རླངས་འཁོར་དེའི་གམ་དུ་དེད་ཡོང་།
ཞིག་གསོ་ར་བ་རུ་སྙིགས་མར་དོར་བའི་འཁོར་ལོ་མང་བོ་ཡོད་དེ། འཁོར་རྩིབས་ལྡན་པའང་ཡོད་ཅིང་། འཁོར་རྩིབས་མེད་པའང་ཡོད། ཆེ་ཆུང་མི་འདྲ་བ་མང་བོ་གང་སར་འཕངས་ནས་འདུག ད་ལྟ་མའོ་ཙེས་དུས་ཚོད་ཉུང་ཤོས་ཤིག་ཏུ་ལའོ་ཀའོ་ཡིས་རླངས་འཁོར་ཞིག་གསོ་བྱེད་པར་ལྟ་བ་དང་། དུས་ཚོད་མང་ཤོས་འཁོར་ལོར་རྩེ་བའི་སྟེང་བཀོལ་འགྲོ། ལའོ་ཀའོ་བཟའ་ཟླ་གཉིས་ཀྱིས་ཁོ་ལ་ནམ་ཡང་བཀག་འགོག་མི་བྱེད་པར། ཁོར་ཅི་འདོད་ལྟར་རྩེ་རུ་འཇུག ལའོ་ཀའོ་ཡི་ཆུང་མས་སྔོན་ཆད་ལའོ་ཀའོ་ལ“སྡེ་བའི་ནང་གི་བྱིས་པ་རྣམས་ཁོ་དང་མཉམ་དུ་རྩེ་འདོད་མེད་པ་འདྲ”ཞེས་བཤད་མྱོང་།
མའོ་ཙེས་འགྱིག་འཁོར་དེད་པར། འགྱིག་འཁོར་བར་མེད་དུ་འགྲིལ་བཞིན་མཆི། སྐབས་དེར། འགྱིག་འཁོར་ཡང་ཚེ་སྲོག་ལྡན་པའི་དངོས་པོ་ཞིག་ཏུ་གྱུར། མའོ་ཙེས་དགའ་སྤྲོ་ནི་ཅི་ལྟ་བུའི་རིགས་ཤིག་ཡིན་པ་སྨྲ་མི་ཤེས་ཏེ། དགའ་སྤྲོ་ཞིག་ཡིན་པས་ལུས་ཕུང་ཡོངས་དགའ་སྤྲོས་ཁྱབ་འདུག འགྱིག་འཁོར་མདུན་དུ་འགྲིལ་བཞིན་མཆི་ལ། ཁོ་རྗེས་སུ་འབྲངས་ནས་ཡོད། དེ་ནི་ཕལ་ཆེར་བྱིས་པ་ཞིག་གིས་ཕྱུགས་ཟོག་ཅིག་དེད་ནས་འགྲོ་བ་དང་མཚུངས། འོན་ཀྱང་དེ་ནི་ཕྱུགས་ཟོག་ཅིག་མིན་ཏེ།འགྱིག་འཁོར་ཞིག་ཡིན་པ་དང་། མདོག་ནག་པོ་ཅན་གྱི་འགྱིག་འཁོར་ཞིག་རེད།
མའོ་ཙེས་འགྱིག་འཁོར་འདེད་བཞིན་འདེད་བཞིན་མཆོང་ལྡིང་བྱེད་པ་དེ་ནི་འགྱིག་འཁོར་ཙམ་མིན་པར། དེ་རླངས་འཁོར་ཞིག་ཡིན་པར་སེམས་ཡོད། ཁོས་འགྱིག་འཁོར་འགྲིལ་དུ་འཇུག་པ་ཞིག་མིན་པར། རླངས་འཁོར་ལ་ཁ་ལོ་བྱེད་བཞིན་ཡོད་དེ། ཁོས་མཚམས་ལན་རེར་ཁ་ནས་རླངས་འཁོར་གྱི་དུང་སྒྲ“ཏོའུ། ཏོའུ། ཏོའུ……”ཞེས་ཀྱང་སྒྲོག་འགྲོ།
ཇི་ལྟར་དེད་ན་དེ་ལྟར་བྱང་རྩལ་ཇེ་ཆེ་དང་། རྣམ་
པའང་དེ་ལྟར་ཇེ་མང་དུ་བུད་འགྲོ། ལག་པ་གཉིས་ཀྱིས་དེད་ཆོག་ཅིང་། ལག་པ་ཡ་གཅིག་གིས་ཀྱང་དེད་ཆོག ད་དུང་ལག་ཟུང་མི་བཀོལ་བར་རྐང་བས་ཀྱང་འགྱིག་འཁོར་དེ་དེད་ཆོག
འགྱིག་འཁོར་གྱི་རྗེས་ནས་དེད་ཆོག་ལ། ཡང་ཟུར་ལོགས་སུ་འགྲེང་ནས་ཀྱང་དེད་ཆོག་པ་ཡིན།
བརྩེས་ནས་ཐང་ཆད་པའི་དུས་སུ། ཁོ་འགྱེལ་ནས་ཡོད་པའི་འགྱིག་འཁོར་དེའི་སྟེང་དུ་ཙོག་པའམ། ཡང་ན་ས་རུ་ཉལ་ནས་བག་ཕེབས་པའི་ངང་མགོ་བོ་འགྱིག་འཁོར་ལ་བསྙེས་ནས་སྡོད།
ངལ་སོས་པར་གྱུར་ཚེ་དེ་མ་ཐག་ཏུ་ཡར་ལངས་ནས་མུ་མཐུད་དུ་རྩེད་མོ་དེ་རྩེ་བ་ཡིན། དེ་ནི་ཚར་རྒྱུ་མེད་པའི་རྩེད་མོ་ཞིག་དང་། ནམ་ཡང་དགའ་བ་མི་ལྷོད་པའི་རྩེད་མོ་ཞིག་སྟེ། དགའ་བ་མི་ལྷོད་པར་མ་ཟད། ད་དུང་རྩེ་བཞིན་རྩེ་བཞིན་ངོམས་པ་མེད་པར་རྩེ་འདོད་ཇེ་ཆེར་འགྲོ་བའི་རྩེད་མོ་ཞིག་ཀྱང་ཡིན། ཁོ་འགྱིག་འཁོར་གྱི་རྩེད་མོའི་ཁྲོད་སེམས་འཁོར་ནས་ར་རོ་བར་གྱུར་ཡོད་པས། དེ་ནི་ཁོ་ཆིང་དབྱང་སྡེ་བར་ཡོང་ནས་འཚོ་བ་རོལ་སྐབས་ཀྱི་ཆེས་སྤྲོ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡིན།
ཁོ་རྩེ་བཞིན་རྩེ་བཞིན་ཞིག་གསོ་ར་བའི་ས་གནས་དེར་བརྩེས་པ་ཡིས་ཡིད་ཚིམས་མ་བྱུང་། ཁོས་འགྱིག་འཁོར་སྲང་ལམ་དུ་དེད་ནས་ས་ཆ་གང་མང་དུ་འགྲོ་དགོས་ལ། ཁོས་དེ་དེད་ནས་ས་ཆ་གང་མང་དུའང་འགྲོ་དགོས་པ་ཡིན། གལ་སྲིད་འཛམ་གླིང་ཡོངས་སུ་སྐོར་བ་བྱེད་ཐུབ་པ་བྱུང་ཚེ། ཆེས་ལྷག་ཏུ་དགའ་འོས་པ་ཞིག་ཡིན།
ལའོ་ཀའོ་བཟའ་ཟླ་གཉིས་ཀྱིས་ཀྱང་ཁོ་ཇི་དགར་རྩེ་རུ་བཅུག་བྱུང་སྟེ། དེ་དག་ཚང་མ་མཁོ་མེད་ཀྱི་འགྱིག་འཁོར་འབའ་ཞིག་ཡིན་པས་སོ།།
ཁོས་འགྱིག་འཁོར་དེད་དེ་གཞུང་ལམ་དང་། སློབ་
གྲྭ་ཡི་ལུས་རྩལ་ར་བ། སྡེ་བའི་སྲང་ལམ་སོགས་སུ་ཕྱིན།
ད་ལྟ། ཆིང་དབྱང་སྡེ་བའི་བྱིས་པ་རྣམས་ནི་ཁོ་རྩེད་མོ་རྩེ་བར་ལྟ་བའི་རེས་སུ་བབས་སོང་།
ཁོས་ཁོ་ཚོས་ཁོར་ལྟ་བ་ཤེས་འདུག་ཀྱང་།
ཁོས་ཁོ་ཚོས་ཁོར་བལྟས་ཡོད་པ་མ་ཤེས་ཁུལ་བྱེད།
ཁོ་སྐབས་རེར་རྒྱུག་པའི་ཚུལ་སྟོན་ཅིང་། སྐབས་
རེར་འཆམ་འཆམ་དུ་འགྲོ་བའི་ཚུལ་སྟོན། ཁོས་ཡ་མཚན་པ་དང་ཉེན་ཆེ་བ། དགོད་བྲོ་བ། ཉམས་ཀྱིས་ཕྱུག་པ་བཅས་ཀྱི་རྩེད་ཚུལ་ཡང་མི་ཉུང་བ་ཞིག་ཤེས།
རྩེད་ཚུལ་གཅིག་ནི་ཧ་ཅང་ཁེངས་ཉམས་ལྡན་པ་ཞིག་སྟེ། ཁོ་འགྱིག་འཁོར་ཆེན་པོ་ཞིག་གི་འགྲམ་དུ་འགྲོ་ཞོར་དུ། ཕྲག་པ་གཉིས་དྲང་མོར་བྱེད་པ་དང་། བྲང་ཁོག་ལྡིར་བ། རྐང་བ་གཉིས་བར་མེད་དུ་བསྣོལ་བར་བྱས་ནས་མདུན་ཕྱོགས་སུ་འགྲོ་ལ། ཡང་དུས་ངེས་མེད་དང་དབྱངས་འགྲོས་ལྡན་པའི་ངང་ལག་པས་འགྱིག་འཁོར་འདེད་པ་ཡིན། འགྱིག་འཁོར་མྱུར་ཚད་སྙོམས་པོའི་ངང་མདུན་ཕྱོགས་སུ་འགྲིལ་བའི་སྐབས་སུ། ཁོ་སྐབས་རེར་མི་འགྲོ་བར་ཡུད་ཙམ་རིང་དེར་འགྲེང་ནས་བསྡད་དེ། ཕྲག་ཞེང་དྲང་མོ་བྱེད་པ་དང་། ལག་པས་དཔུང་བ་བསྣོལ་མར་བསྡམས་པ། རྐང་བ་གཉིས་གཡས་གཡོན་དུ་བཀྱེད་པར་བྱེད་པ། ལུས་པོ་དྲང་མོ་དེ་ལྟག་རྒྱབ་ཏུ་ཅུང་ཡོ་བ་བཅས་བྱེད། འགྱིག་འཁོར་འགྲིལ་མཚམས་འཇོག་ལ་ཉེ་བ་མཐོང་སྐབས། ཁོ་དུས་དང་འཚམ་པའི་སྒོ་ནས་རྗེས་སུ་བརྒྱུགས་ཏེ། དུས་ཐོག་ཏུ་འགྱིག་འཁོར་ལ་ཤུགས་སྣོན་པ་ཡིན།
བྱིས་པ་ཆེ་བ་རྣམས་ཏེ། དཔེར་ན་ཡེ་ཧྲུའུ་དང་ཧྲན་ཐན། ཝ་ཅུས་སོགས་ཉེ་ལོགས་སུ་འགྲེང་སྟེ་ཟུར་མིག་གིས་ཡོ་བ་མེད་པར་ལྟ་ལ། བྱིས་པ་ཆུང་ཆུང་རྣམས་ཁོའི་རྗེས་སུ་འབྲངས་ནས་མདུན་ཕྱོགས་སུ་རྒྱུག་པར་བྱེད།
བྱིས་པ་འགའ་རེས་རང་དབང་མེད་པར་འགྱིག་འཁོར་འདེད་པར་བྱས་ཚེ། མའོ་ཙེས་དེ་མ་ཐག་ཁོ་ཚོ་འགྱིག་འཁོར་དང་རྒྱང་བཀྱེད་དུ་འཇུག་ངེས།
གང་སར་སྐོར་བ་བརྒྱབ་ཚར་རྗེས། ཁོས་འགྱིག་འཁོར་ཞིག་གསོ་ར་བ་རུ་འདེད་མགོ་རྩོམ་པ་ཡིན།
ཁོའི་རྗེས་སུ་བྱིས་པ་མི་ཉུང་བ་ཞིག་ཀྱང་འབྲངས་ནས་ཡོད།
ཞིག་གསོ་ར་བ་རུ་སླེབས་པའི་ཚེ། ཁོས་གློ་བུར་འགྱིག་འཁོར་ལ་ཤུགས་ཆེན་པོ་ཞིག་བསྣན་པར། འགྱིག་འཁོར་མགྱོགས་མྱུར་ངང་མདུན་ཕྱོགས་སུ་འགྲིལ་བར་བྱེད། ཆེས་མཐའ་མར་འགྱེལ་པའི་གནས་དེ་ནི། མའོ་ཙེ་ཡི་འདོད་མོས་བཞིན་འགྱེལ་བའི་གནས་དེ་ག་རང་ཡིན།
དེ་དང་མཐུད་ནས་མའོ་ཙེ་ཁ་ཕྱིར་འཁོར་ཏེ། བྱིས་པ་རྣམས་ལ་ཁོའི་རྣམ་འགྱུར་གྱིས་འདི་ནི་ཞིག་གསོ་ར་བ་ཡིན་པ་ལས། ཁྱོད་ཚོ་རྩེ་སའི་གནས་དེ་མིན། སོང་ཞིག གནས་གཞན་དུ་རྩེ་རུ་སོང་ཞིག་ཟེར་བའི་ཉམས་ཤིག་སྟོན་པར་བྱེད།
བྱིས་པ་རྣམས་ཀྱིས་འགྱིག་འཁོར་དེ་དག་ལ་ཅེ་རེར་བལྟས་རྗེས་སུ། རེ་རེ་བཞིན་སླར་ལྡོག་འགྲོ……
ལའོ་ཀའོ་ཡིས་མའོ་ཙེ་ལ་འཁོར་ལོ་གང་ཞིག་ཅི་འདོད་དུ་རང་གི་ཡུལ་དུ་འདེད་ཆོག་པའི་གནང་བ་ཡང་བསྩལ་ཡོད།
འགྱིག་འཁོར་དེ་དག་སྐབས་རེར་ཞིག་གསོ་ར་བ་རུ་འགྱེལ་ནས་ཡོད་པ་དང་། སྐབས་རེར་མའོ་ཙེ་ཚང་གི་ལྷས་ར་རུ་འགྱེལ་ནས་ཡོད།
མའོ་ཙེ་འགྱིག་འཁོར་ལ་བརྩེ་འདོད་ཡོད་ཚེ། ནམ་ཡིན་ཡང་རྩེ་ཆོག་ཆོག་ཡིན།
ཁོས་ཉིན་དཀར་འགྱིག་འཁོར་དེད་ནས་རྩེ་བར་མ་ཟད། མཚན་མོའང་རྩེ་བར་བྱེད་ལ། ད་དུང་མཚན་མོར་ཤིན་ཏུ་རྩེ་འདོད་ཆེ་སྟེ། ཟླ་འོད་ཡོད་པའི་སྐབས་སུ་རྩེ་བ་ཡིན། སྐབས་དེར། གཞུང་ལམ་རེས་གསལ་རེས་མོག་ཡིན་པ་དང་། འགྱིག་འཁོར་ཡང་རེས་གསལ་རེས་མོག་ཡིན་པས། ཧ་ཅང་ངོ་མཚར་བ་ཞིག་རེད། སྐབས་རེར། མཚན་མོ་ནམ་གུང་ལ་སླེབས་ནའང་། ཁོས་ད་དུང་འགྱིག་འཁོར་འདེད་བཞིན་མཆི་ལ། སྐབས་དེ་དག་ཏུ་ཁོ་ཕལ་ཆེར་སྡེ་བའི་ནང་དུ་རྩེ་རུ་འགྲོ། ཁོས་བྱིས་པ་རྣམས་མཚན་མོར་གཞའ་རེས་ཡིབ་རེས་རྩེ་བ་ནས་མགོ་བརྩམས་ཏེ། བྱིས་པ་རྣམས་ཁྱིམ་བདག་གིས་བོས་ནས་ཡུལ་ལ་ཁྲིད་པའི་བར་དུ་ད་དུང་རང་ཁྱིམ་དུ་མི་ལྡོག་པར་རྩེ་བ་ཡིན།
སྐབས་དེར། དོན་དངོས་སུ་ཁོའི་ལུས་པོ་ཨ་ཐང་ཆད་པར་གྱུར་ཡོད་ནའང་། ཁོའི་རྩེ་འདོད་སྔར་བཞིན་ཉམས་མེད་དུ་མཆི།
འགྱིག་འཁོར་ལྟིག་ལྟིག་ངང་སྡེ་བའི་སྲང་ལམ་དུ་འགྲིལ་བ་ན། ས་གཞི་འདར་འགུལ་བྱེད་ཅིང་། ཁང་
བའི་ནང་གི་མིས་ཉན་ན། ལྡིར་ལྡིར་གྱི་སྒྲ་གསལ་བོར་ཐོས་ཡོང་། འགྱིག་འཁོར་ལྷོ་ནས་བྱང་དུ་འགྲིལ་བ་དང་ཡང་བྱང་ནས་ལྷོ་རུ་འགྲིལ་བ་ཡིན། ཟླ་འོད་སྡེ་བའི་སྲང་བར་དུ་འཕྲོས་ཏེ། ཁོ་དང་འགྱིག་འཁོར་གྱི་གྲིབ་གཟུགས་ནག་པོ་ཞིག་ས་སྟེང་དུ་མངོན་པར་བྱེད་ཅིང་། དེ་བར་མེད་དུ་སྤོ་འགུལ་ཡང་བྱེད། དེ་ནི་གཡོ་འགུལ་ཞིག་དང་ཡང་ཀུན་ནས་མཚུངས།
སྡེ་མི་ཐམས་ཅད་གཉིད་ཀྱི་ཞིང་ཁམས་སུ་ཡུར་ཚར་ནའང་། ཁོས་ད་དུང་སྡེ་བའི་སྲང་བར་དུ་ཅུང་ཙམ་རིང་འགྱིག་འཁོར་འདེད་པ་ཡིན། སྡེ་བ་དང་ཁ་གྱེས་ཁར། ཁོས་ད་དུང་དུས་ཚོད་ཐུང་ངུ་ཞིག་ལ་སྨྱོ་རྟགས་བསྟན་འགྲོ་སྟེ། ཁོས་འགྱིག་འཁོར་མགྱོགས་མྱུར་ངང་འདེད་པར་བྱེད་ལ། རྐང་བའི་རྡོག་སྒྲའང་སྔར་ལས་ཀྱང་ཇེ་ཆེར་གཏོང་བར་བྱེད་པས། དེ་ནི་སྡེ་བའི་སྲང་བར་དུ་རྫ་རྔ་ཞིག་རྡུང་བཞིན་པ་དང་གཉིས་སུ་མེད།
དེའི་རྗེས་སུ། ཁོས་དཀར་གསལ་གྱི་ཟླ་འོད་ལ་བརྟེན་ནས་མིག་ཟུང་རབ་རིབ་ངང་འགྱིག་འཁོར་དེད་ནས་སྡེ་བ་དང་གྱེས་འགྲོ་ལ། སྡེ་བའི་ལྟག་རྒྱབ་ཀྱི་རང་ཁྱིམ་ལ་དེད་འགྲོ།
སྐབས་དེར། ལུག་ཁྱུ་ཡོངས་སུ་གཉིད་ལོག་ཡོད་པ་དང་། ཝུའུ་ཀུའེ་ཡིས་ཀྱང་ཆང་གི་ཞིང་ཁམས་སུ་རྨི་ལམ་ཟ་ཟི་ཞིག་རྨི་བཞིན་མཆི། ཁོ་གཉིད་ལས་སད་དུས་རྨི་ལམ་དེ་དག་ཁོའི་དྲན་ཡུལ་དུ་ཅི་ཡང་འཆར་རྒྱུ་མི་འདུག……
སྟོན་མཇུག་ཏུ་ལོ་མ་སྣ་ཚོགས་ཐང་དུ་ལྷུང་བཞིན་ཡོད་པ་དང་། བྱ་དང་ངང་བའི་སྒྲོ་སྤུ་ཡང་ལྷུང་བཞིན་འདུག མཚན་མོ་གཅིག་ལ་སྟོན་རླུང་གཡུགས་པ་ན། འདམ་རྩྭའི་འདབ་མ་ཡོངས་སུ་བཅོམ་ཚར་ནས་གཞུང་རྐང་གཅིག་པུ་མ་གཏོགས་ལྷག་མི་འདུག འཇིག་རྟེན་དཀར་གསལ་ལེར་གྱུར་པ་དང་། མཐོང་ལམ་ཡངས་པར་གྱུར་འགྲོ། རྒྱང་རིང་མཐོང་ཐུབ་ལ་གསལ་བོར་ཡང་མཐོང་ཐུབ་པ་ཡིན། ནམ་རྒྱུན་སྔོ་ལྗང་གི་ལོ་འདབ་སྟུག་པོའི་ཁྲོད་དུ་དབྱངས་སྙན་གྱེར་པའི་བྱིའུ་ཡིས་ཀྱང་། ད་ལྟ་ངོ་ཚ་བའི་ཟོལ་གྱིས་མི་རྣམས་ཀྱི་མཐོང་ལམ་དུ་མངོན་ནས་སྐད་སྙན་སྒྲོག་འགྲོ།
ཉིན་དེར་སྐམ་རིད་དུ་གྱུར་པའི་མའོ་ཙེས་འགྱིག་འཁོར་ཆེན་པོ་ཞིག་དེད་ནས་རི་མགོར་ཕྱིན།
ཆིང་དབྱང་སྡེ་བའི་མི་རྣམས་ཀྱིས་མི་ཚེ་གང་བོར་སྣང་ཚུལ་འདི་ལྟ་བུ་ཞིག་མཐོང་མ་མྱོང་ལ། ཕལ་ཆེར་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ཀྱང་སྣང་ཚུལ་འདི་ལྟ་བུ་མཐོང་མྱོང་མེད།
ཆིང་དབྱང་སྡེ་བའི་སྡེ་མི་ཕལ་ཆེ་བ་སྟེ་ཡེ་ཧྲུའུ་དང་ཧྲན་ཐང་ཡང་འདུས་པའི་སྡེ་མི་ཚང་མས་རི་མགོར་ལྟ་བཞིན་མཆི། ཆིང་དབྱང་སྡེ་བའི་ཁྱི་དང་།
ལུག བ་ལང་སོགས་ཀྱིས་ཀྱང་རི་མགོར་བལྟས་ནས་ཡོད།
འགྱིག་འཁོར་ཆེན་པོ་ཞིག་ཁོའི་གམ་དུ་མཆིས།
ཁོས་ལག་ཟུང་གིས་འདེད་བཞིན་ལག་ངར་ནི་བསྒྲིམས་ནས་དྲང་བོར་གྱུར་འདུག ཁོའི་ལུས་པོ་མདུན་ཕྱོགས་སུ་ཡོ་བ་ནི་ཕལ་ཆེར་ཕྲག་པས་འགྱིག་འཁོར་ལྗིད་མོ་འདེགས་པ་དང་འདྲ།
འགྱིག་འཁོར་འགྲིལ་བ་ཧ་ཅང་དལ་བས། སྐོར་བ་གཅིག་འཁོར་བར་ཡང་ལོ་ངོ་འགའི་དུས་ཡུན་མཁོ་བ་དང་མཚུངས།
སྐབས་རེར། མི་རྣམས་ཀྱིས་འགྱིག་འཁོར་དེ་དེ་རུ་འགུལ་མེད་དུ་གནས་ཡོད་པར་སྙམ་སྟེ། ཕལ་ཆེར་སྐབས་དེ་ཉིད་དུ་ངོ་མ་གནས་དེར་འགུལ་མེད་དུ་བདོག
ཡིན་ནའང་། མི་རྣམས་ཀྱིས་ད་དུང་འགྱིག་འཁོར་དེ་མུ་མཐུད་དུ་རི་རྩེ་རུ་འདེད་བཞིན་ཡོད་པ་མཐོང་།
མའོ་ཙེས་དེ་ལྟར་དཀའ་བ་སྤྱོད་བཞིན་ཡོད་ཀྱང་མཚམས་འཇོག་གཏན་ནས་མེད་པར་འགྱིག་འཁོར་རི་རྩེར་འདེད་པའི་སྐབས་སུ། རི་གཤམ་ནས་ལྟ་མཁན་རྣམས་ཀྱི་སེམས་ལ་བྲེལ་ཚུབ་སྐྱེས་ཏེ། རང་དབང་མེད་པར་ལག་ངར་བསྲིངས་ཏེ་ལུས་ཕུང་མདུན་དུ་ཕྱོགས་ནས། འགྱིག་འཁོར་འདེད་པའི་བཟོ་ལྟ་སྟོན་པ་ཡིན།
འགྱིག་འཁོར་མཇུག་མཐར་རི་རྩེར་དེད་སོང་།
མའོ་ཙེས་འགྱིག་འཁོར་ཆེན་པོ་དེ་ལག་པས་སྐྱོར་ནས། ཁོ་དེའི་འགྲམ་དུ་འགྲེང་ནས་ཡོད།
སྐབས་དེ་ནི་ཕྱི་དྲོའི་དུས་ཚོད་ལྔ་ཙམ་གྱི་དུས་ཡིན་ཏེ། ཉི་མ་ནུབ་རིའི་ཕག་ཏུ་སླེབས་ཤིང་། ཉི་འོད་དེ་དམའ་མོའི་གྲོག་རོང་ནས་མཐོན་པོའི་རི་རྩེའི་བར་འཕྲོས་འདུག་ཅིང་། མའོ་ཙེ་དང་འགྱིག་འཁོར་ནི་གྲིབ་གཟུགས་ནག་པོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། གྲིབ་གཟུགས་དེ་ད་དུང་ཧ་ཅང་རིང་བོ་ཞིག་ཏུའང་གྱུར་འདུག
མིག་ཟུང་གྲངས་མེད་པ་ཞིག་གིས་རི་མགོར་བལྟས་ནས་ཡོད།
སྐབས་འདིར་རྩེད་མོ་ད་དུང་མཇུག་རྫོགས་མེད། ཕལ་ཆེར་དུས་ཚོད་ཕྱེད་ཀ་ཙམ་འགོར་རྗེས། མི་རྣམས་ཀྱིས་མའོ་ཙེ་ཁོ་འགྱིག་འཁོར་གྱི་ཕར་ཕྱོགས་སུ་སོང་སྟེ། གདོང་ཆིང་དབྱང་སྡེ་བའི་ཕྱོགས་སུ་གཏད་པ་དང་། གློ་བུར་འགྱིག་འཁོར་དེ་ཤུགས་ཀྱིས་དེད་པ་ན། འགྱིག་འཁོར་དེ་མགྱོགས་མྱུར་ངང་རི་རྩེ་ནས་རི་ངོས་སུ་འགྲིལ་བ་མཐོང་། དེ་དང་བསྟུན་ནས་མའོ་ཙེའང་རྗེས་སུ་འབྲངས་ནས་མར་ཤོར་བྱུང་།
འགྱིག་འཁོར་གྱི་འགྲིལ་ཚད་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པ་དང་། ད་དུང་བར་མེད་དུ་བར་སྣང་དུའང་ལྡིང་བར་བྱེད།
མའོ་ཙེ་རྗེས་སུ་འབྲངས་ཡོད་དེ། མཐའ་མར་ཁོ་འགྱེལ་སོང་། ཡིན་ནའང་། ཁོ་ཡར་དམ་པོར་ལངས་མ་བྱུང་བར་ཁོའི་འགྱིག་འཁོར་གྱི་འགྲིལ་འགྲོས་དང་བསྡོངས་ནས་རི་གཤམ་དུ་འགྲིལ་བར་བྱས……
འདི་ནི་ཉིན་གསུམ་རྗེས་ཀྱི་དོན་རྐྱེན་ཞིག་སྟེ།
རྙིང་གོག་ཅན་གྱི་མགྲོན་འཁོར་འབྲིང་བ་ཞིག་གསེག་འགྲོས་ཀྱིས་རླངས་འཁོར་ཞིག་གསོ་ར་བ་རུ་བསྐོར་ནས་སླེབས།
རླངས་འཁོར་སྟེང་བྱིས་པ་འགའ་དང་། ད་དུང་དགེ་རྒན་ཡང་འགའ་རེ་ཡོད།
རླངས་འཁོར་གྱི་སྒོ་ཕྱེ་རྗེས། ཐོག་མར་ནང་ནས་སྒོར་འབུད་མཁན་ནི་སློབ་གཙོ་ལིན་ལགས་རེད། ཁོས་སྐད་གསང་མཐོན་པོས“ལའོ་ཀའོ་ཡོད་དམ”ཞེས་དྲིས་བྱུང་།
ལའོ་ཀའོ་ཡི་ཆུང་མ་མདུན་དུ་ཕྱིན་ནས“ལའོ་ཀའོ་མཁར་གྲོང་དུ་ཕྱིན་སོང”ཟེར།
“ཁོ་ནམ་ཞིག་ལ་ཕྱིར་བསླེབ་ངེས་ཡིན།”
“ཁོ་མཁར་གྲོང་དུ་ལྷུ་ལག་ཉོ་བར་སོང་ལ། ལྷུ་ལག་མང་བོ་ཞིག་ཉོ་དགོས་པས། སང་ཉིན་མ་གཏོགས་ཕྱིར་སླེབས་མི་ཐུབ།”
“ད་ཚར་སོང་།”སློབས་གཙོ་ལིན་ལགས་ཀྱིས་དེ་ལྟར་སྨྲ་བཞིན་རྐང་བས་ས་ལ་རྡེག་རྡེག་འགའ་བྱས།
“སློབ་གཙོ་ལགས། ཅི་བྱུང་བ་ཡིན་ནམ། ”ལའོ་ཀའོ་ཡི་ཆུང་མས་དེ་ལྟར་དྲིས།
“འདི་ནི་ཡུལ་ཚོ་ནས་གཡར་ཡོང་བའི་རླངས་འཁོར་ཆག་པོ་ཞིག་སྟེ། ཁྱོད་ཀྱིས་ལྟོས་དང་། གཡོན་
ཕྱོགས་ཀྱི་འགྱིག་འཁོར་སྔོན་མ་རུ་དབུགས་ཤོར་ཟིན། ད་སོ་མ་བསྐོར་ནས་ཅང་མ་འགོར་བར་ཤེས་གསལ་བྱུང་བ་ཡིན། ད་འདིར་བསྐོར་ཡོང་སྟེ་ལའོ་ཀའོ་ལ་ཞིག་གསོ་བྱེད་དུ་འཇུག་བསམ་པ་ཡིན།”
“བྲེལ་ཚུབ་ཅན་གྱི་བྱ་བ་ཞིག་ཡོད་དམ།”
སློབ་གཙོ་ལིན་ལགས་ནི་ལན་འདེབ་པར་སུན་སྣང་སྐྱེས་པས། ཁོ་རླངས་འཁོར་གྱི་ཕྱོགས་སུ་འཁོར་ནས“ད་དུང་རླངས་འཁོར་ནང་ཙོག་སྟེ་ཅི་བྱའམ། རླངས་འཁོར་ཡང་སྐོར་མི་ནུས”ཞེས་བརྗོད།
དགེ་རྒན་དང་བྱིས་པ་རྣམས་རླངས་འཁོར་ལས་བབས་བྱུང་།
དེ་དག་ནི་སློབ་གྲྭའི་རིག་རྩལ་དྲིལ་སྒྲོག་རུ་ཁག་གི་བྱིས་པ་རྣམས་རེད།
ཅང་མ་འགོར་བའི་སྔོན་ལ། སློབ་གཙོ་ལིན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གར་ཆུང་ཞིག་ཡུལ་ཚོའི་འགྲན་སྡུར་དུ་ཞུགས་པས་བྱ་དགའ་ཐོབ་པ་དང་།
དེ་ནས་རྫོང་གི་འགྲན་སྡུར་དུ་ཞུགས་པར་བདམས་ཐོན་བྱུང་སྟེ་རྫོང་གི་བྱ་དགའ་ཡང་ཐོབ་བྱུང་། དོ་ནུབ་བྱ་དགའ་ཐོབ་པའི་གར་ཚན་དག་མཁར་གྲོང་དུ་མངོན་གསལ་འཁྲབ་སྟོན་བྱེད་དགོས་པ་རེད།
ད་ལྟ། འགྱིག་འཁོར་གཅིག་ལ་སྐྱོན་ཞུགས་པས། འགྲོ་མི་ཐུབ་པར་གྱུར་པ་ཡིན།
དགེ་རྒན་ཞིག་ལམ་ཁར་སོང་ནས་རླངས་འཁོར་བཀག་ཀྱང་། རླངས་འཁོར་དེ་དག་སྡོད་རྒྱུ་ལྟ་ཞོག འུར་སྒྲ་སྒྲོག་ཞོར་ཤོར་འགྲོ་བ་རེད། སློབ་གཙོ་ལིན་ལགས་ཀྱིས་ལའོ་ཀའོ་ཡི་ཆུང་མར“ཁྱོད་ཀྱིས་རླངས་འཁོར་ཞིག་གསོ་བྱེད་ཤེས་སམ”ཞེས་དྲིས་པར།
“ངས་གང་ཞིག་ནས་ཞིག་གསོ་བྱེད་ཤེས”ཞེས་བྲེལ་ཚུབ་ཀྱི་རྣམ་པ་ཞིག་སྟོན་བཞིན་སྨྲས།
སྐབས་དེར། གཞུང་ལམ་དུ་མའོ་ཙེས་ཟོང་འདྲེན་རླངས་འཁོར་ཞིག་གི་འགྱིག་འཁོར་དེད་ནས་ལྟིག་ལྟིག་ངང་རྩེ་ཞོར་སླེབས་ཡོང་།
ཁོས་དེ་མ་ཐག་མགྲོན་འཁོར་ཞིག་གསེག་ནས་བསྡད་ཡོད་པ་མཐོང་བར། དེར་ཙོག་ནས་ཞིབ་མོར་བལྟས་རྗེས། རྒྱུ་མཚན་ཅི་ཡིན་མི་ཤེས་པར་ཁ་ཕྱིར་འཁོར་ནས་བྲོས་སོང་།
ཁོས་འགྱིག་འཁོར་དེ་དེད་ནས་མ་སོང་།
ཕལ་ཆེར་མི་སུས་ཀྱང་ཁོར་མཉམ་འཇོག་བྱས་མེད། མའོ་ཙེའི་རྒྱབ་གཟུགས་ལ་ལྟ་བཞིན་སློབ་གཙོ་ལིན་ལགས་ཀྱིས་ངོ་གདོང་ཞིག་ཡིད་ལ་ཝ་ལེར་དྲན་བྱུང་སྟེ། དེ་ནི་བྱ་འགུལ་ཁང་གི་དྲ་མའི་ཤེལ་སྒོའི་རྒྱབ་ངོས་སུ་སྦྱར་བའི་ངོ་གདོང་ཞིག་ཡིན།
སློབ་གཙོ་ལིན་ལགས་ཀྱིས་བྱིས་པ་རྣམས་ཁྲིད་དེ་བྱ་འགུལ་ཁང་དུ་རྩེད་མོ་སྦྱོང་སྐབས། མའོ་ཙེ་ཡི་ངོ་གདོང་རྒྱུན་དུ་དྲ་མའི་ལྟག་རྒྱབ་ཏུ་མངོན་པར་བྱེད་ལ། ཡ་མཚན་རྩེ་གཅིག་གི་ངང་ནང་དུ་ཡང་ཡང་བལྟས་འགྲོ། བྱ་འགུལ་ཁང་གི་ལྟག་རྒྱབ་ནི་སྨྱུག་ཚལ་སྟུག་པོ་ཞིག་ཡིན་པ་དང་། བྱིས་པ་གཞན་ཚོ་དེ་རུ་འགྲོ་མི་སྲིད།
ཡུན་རིང་མ་འགོར་བར། མའོ་ཙེ་ཡང་བསྐྱར་ཕྱིར་སླེབས་བྱུང་ལ། ད་དུང་འགྱིག་འཁོར་ཞིག་དེད་ནས་ཡོང་ཡོད། འགྱིག་འཁོར་དེ་ནི་གཞན་ཞིག་རེད།
སྔར་བཞིན་ཁོ་ལ་མཉམ་འཇོག་བྱེད་མཁན་མེད་དེ། རྒྱུ་མཚན་ནི་ཁོས་ནམ་ཡང་འགྱིག་འཁོར་འདེད་བཞིན་པས་ཡིན།
མའོ་ཙེས་འགྱིག་འཁོར་དེ་ཐད་ཀར་ཞིག་གསོ་ར་བ་རུ་དེད་ནས་བྱུང་ལ། དེའི་རྗེས་ཞིག་གསོ་ར་བ་ཡི་ས་སྟོང་དེར་བཞག་པའི་འགུལ་མི་ནུས་པའི་མགྲོན་འཁོར་དེར་སྐོར་བ་ཡང་ཡང་བརྒྱབ་འགྲོ། འགྲོས་དེ་ལན་རེར་དལ་ལ་ལན་རེར་མགྱོགས་པ་ཡིན། རྗེས་སུ་ཧ་ཅང་མགྱོགས་པས་དགེ་རྒན་དང་སློབ་མ་རྣམས་ཀྱིས་བལྟས་ན་མིག་ཀྱང་གཙེ་བར་བྱེད།
ལའོ་ཀའོ་ཡི་ཆུང་མས་སྐད་ཆེན་པོས“མའོ་ཙེ། ཁྱོད་ཀྱིས་སྨྱོ་རྟགས་ཅི་ཞིག་སྟོན་བཞིན་ཡོད”ཟེར།
རླངས་འཁོར་ཁ་ལོ་པ་ནི་སློབ་གྲྭའི་དགེ་རྒན་ཏེན་ལགས་ཡིན་ཏེ། ཁོས་ལྟ་བཞིན་ལྟ་བཞིན་གློ་བུར་སེམས་འགུལ་ཐེབས་ཞོར“མའོ་ཙེ”ཞེས་བོས།
མའོ་ཙེས་ཨ་ལན་མ་བྱིན་པར། སྔར་བཞིན་འགྱིག་འཁོར་དེ་རྩེ་ནས་བསྡད།
དགེ་རྒན་ཏེན་གྱིས་མའོ་ཙེ་རྩེ་བཞིན་པའི་འཁོར་ལོ་དེར་མཛུབ་མོ་བཙུགས་ཏེ། དགའ་སྤྲོའི་ངང་ངག་ལྡབ་ལྡིབ་ཀྱིས་སློབ་གཙོ་ལིན་ལགས་ལ་“མའོ་ཙེ…… མའོ་ཙེ། འདེད…… འདེད་བཞིན་པའི་འཁོར་ལོ་དེ། ང་ཚོའི་རླངས་འཁོར་འདིའི…… འཁོར་ལོ…… དང་ཟོང་རྟགས་གཅིག་མཚུངས……”
མའོ་ཙེས་སྐོར་བ་བྱེད་པ་ཇེ་ཆེ་ནས་ཇེ་ཆེར་གྱུར།
སློབ་གཙོ་ལིན་ལགས་ཀྱིས་མའོ་ཙེས་འདེད་བཞིན་པའི་འཁོར་ལོ་དེར་ལྟ་ཞོར“མའོ་ཙེ”ཞེས་བོས་བྱུང་།
མའོ་ཙེས་དལ་གྱིས་འགྱིག་འཁོར་འདེད་མཚམས་བཞག
“ཁྱོད་ཀྱིས་འགྱིག་འཁོར་དེ་འདིར་དེད་ཤོག” སློབ་གཙོ་ལིན་ལགས་ཀྱི་དེ་སྐད་སྨྲས།
མའོ་ཙེ་ཚུར་མ་ཡོང་།
དགེ་རྒན་ཏེན་ལགས་ཀྱིས་མའོ་ཙེ་མི་ཡོང་བ་མཐོང་བས། མའོ་ཙེ་དང་གཏད་ནས་ཕར་ལ་བརྒྱུགས།
མའོ་ཙེས་ཁོ་མཐོང་མ་ཐག འགྱིག་འཁོར་དེ་དེད་ནས་མགྱོགས་མྱུར་ངང་ཞིག་གསོ་ར་བའི་ས་སྟོང་དང་གྱེས་ནས། གཞུང་ལམ་ཕྱོགས་སུ་འགྲིལ་བར་བྱས།
“མའོ་ཙེ།”སློབ་གཙོ་ལིན་ལགས་ཀྱིས་དེ་ལྟར་ཐེངས་གཅིག་བོས་པར། སྐད་སྒྲ་རུ་གཟི་རྔམ་གྱིས་ཁེངས་འདུག
མའོ་ཙེས་ལག་ཟུང་གིས་འཁོར་ལོ་དེར་ཐེངས་གཅིག་མནན་པ་ན། ཞིག་གསོ་ར་བ་ནས་གཞུང་ལམ་དུ་བསྐྱོད་པའི་བར་གྱི་ལམ་དེར་བསྡད་བྱུང་།
སློབ་གཙོ་ལིན་ལགས་ཀྱིས་དགེ་རྒན་ཏེན་ཕྱིར་བོས་ཏེ། དུས་ཚོད་ལ་བལྟས་ཙམ་བྱས་རྗེས། དགེ་རྒན་དང་སློབ་མ་རྣམས་ལ“དུས་ཚོད་ད་དུང་མང་བོ་ཞིག་ཡོད་པས། ཁྱོད་ཚོས་གནས་འདིར་བྲེལ་སྣང་མེད་པར་སྒུག་སྡོད”ཅེས་བཤད་རྗེས། མའོ་ཙེའི་ཕྱོགས་སུ་བུད་སོང་།
སློབ་གཙོ་ལིན་ལགས་ཀྱིས་མྱུར་དུ་མའོ་ཙེ་ལ་འགྱིག་འཁོར་དེ་ཞིག་གསོ་ར་བ་རུ་དེད་ནས་ཡོང་བར་མི་སྐུལ་ཏེ། མའོ་ཙེ་དང་ཆབས་གཅིག་ཏུ་འགྱིག་འཁོར་དེ་དལ་བུར་དེད་དེ་གཙང་བོའི་འགྲམ་དུ་ཕྱིན། དེ་ནས་ཅང་མ་འགོར་བར་ཁོ་གཉིས་དང་འགྱིག་འཁོར་བཅས་པ་སྡོང་ར་དེ་རུ་མཐོང་རྒྱུ་མེད་པར་གྱུར།
དུས་ཡུན་ཅི་ཙམ་འགོར་བ་མི་ཤེས་མོད། ཁོ་གཉིས་ཀྱིས་ཡང་བསྐྱར་འགྱིག་འཁོར་དེད་ནས་མི་རྣམས་ཀྱི་མཐོང་ལམ་དུ་མངོན་བྱུང་།
ལམ་བར་དུ་མའོ་ཙེས་བར་མཚམས་མེད་པར་ངུ་བཤུམ་བྱེད་པ་དང་། ལག་རྒྱབ་ཀྱིས་མིག་ཟུང་ལས་བརྡོལ་པའི་མིག་ཆུ་འབྱིད་པར་བྱེད། དངོས་གནས་དེ་ནི་གཞན་གྱིས་ཚོད་འཛིན་བྱས་ཟིན་པའི་ངུ་ངག་རང་རེད། འདིའི་ཡར་སྔོན་དུའང་ཁོ་སློབ་གཙོ་ལིན་ལགས་ཀྱི་མདུན་སར་སྐད་ཆེན་པོས་ངུས་ཡོད་པ་ཐག་གིས་ཆོད།
སློབ་གཙོ་ལིན་ལགས་ཀྱིས་དུས་ངེས་མེད་དུ་མའོ་ཙེའི་མགོ་ལ་ལག་པས་རྡེབ་རྡེབ་བྱེད།
མགྲོན་འཁོར་དེའི་གམ་དུ་སླེབས་པ་ན། མའོ་ཙེས་ངུ་མཚམས་བཞག་བྱུང་མོད། འོན་ཀྱང་རླན་གཤེར་གྱི་མིག་ཆུའི་རྗེས་ཤུལ་སྔར་བཞིན་སྣ་འགྲམ་གཡས་གཡོན་ན་འོད་འཚེར་བཞིན་མཆི།
མའོ་ཙེས་འགྱིག་འཁོར་དེ་ཆག་སྐྱོན་ཤོར་པའི་རླངས་འཁོར་གྱི་འཁོར་ལོའི་འགྲམ་དེར་དེད་བྱུང་།
དགེ་རྒན་ཏེན་གྱི་གདོང་ལ་འཛུམ་ཞིག་ལངས་བཞིན“དངོས་གནས་ཟོང་རྟགས་གཅིག་མཚུངས་ཅན་ཞིག་རེད”ཟེར།
ཟླ་ཕྱེད་ཀྱི་སྔོན་ལ། མགྲོན་འཁོར་འབྲིང་བ་ཞིག་དང་ཟོང་འདྲེན་རླངས་འཁོར་ཞིག་གདོང་ཐུག་བརྒྱབ་རྗེས། ཁྱར་རེ་ཁྱོར་རེའི་ངང་ཞིག་གསོ་ཁང་འདིར་བསྐོར་ཡོང་སྟེ་ཞིག་གསོ་ཆེན་པོ་བྱས་ལ། འགྲོ་ཁར་གྲ་སྒྲིག་འགྱིག་འཁོར་དེ་ཞིག་གསོ་ཁང་འདི་གར་བསྐྱུར་སོང་། ལའོ་ཀའོ་ཡིས་མའོ་ཙེ་ལ“འགྱིག་འཁོར་འདི་ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད། ཁྱོད་རྩེ་འདོད་ཚེ་འགྱིག་འཁོར་འདི་ཁྱོད་ལ་འཚམ”ཞེས་བརྗོད། དུས་དེ་ནས་བཟུང་འགྱིག་འཁོར་འདི་ནི་མའོ་ཙེས་རྩེ་བའི་འགྱིག་འཁོར་མང་བོའི་གྲས་ཀྱི་གཅིག་ཏུ་གྱུར།
མའོ་ཙེས་བྱང་ཆ་ལྡན་ཞིང་མྱུར་བའི་སྒོ་ནས་འགྱོག་རྟེན་དང་སྐམ་པ་གུག་འཁྱོག་གཉིས་དགེ་རྒན་ཏེན་གྱི་ལག་ཏུ་བཞག་བྱུང་།
དགེ་རྒན་ཏེན་ལའང་རླངས་འཁོར་ཞིག་གསོ་ཡི་ཤེས་བྱ་ཏོག་ཙམ་ཡོད་པས། ཁོས་རླངས་འཁོར་གྱི་འོག་ཏུ་རླངས་འཁོར་འགྱོག་རྟེན་གྱི་གནས་བཙལ་ནས་རྙེད་བྱུང་ལ། དེའི་རྗེས་འགྱོག་རྟེན་དེའི་འོག་ཏུ་བཞག་སྟེ། བར་མེད་དུ་མར་མནན་པ་ན་རླངས་འཁོར་དལ་བུའི་ངང་ཡར་བཏེགས་བྱུང་།
འཁོར་ལོ་ས་ངོས་དང་བྲལ་རྗེས། དགེ་རྒན་ཏེན་གྱིས་གུག་འཁྱོག་སྐམ་པས་འགྱིག་འཁོར་ལེན་མགོ་བརྩམས། འོན་ཀྱང་ཁོས་ཤུགས་ཇི་ལྟར་བརྒྱབ་ཀྱང་མོ་གཅུ་དེ་སྒུལ་ཐུབ་མ་སོང་།
ལྟ་མཁན་དག་ལ་བྲེལ་ཚུབ་ཆེན་པོ་སྐྱེ་བཞིན་མཆི།
སྐབས་དེར། མའོ་ཙེ་ཚུར་ཡོང་ནས་དགེ་རྒན་ཏེན་ཕར་འགྲོ་རུ་བཅུག་རྗེས། རྐང་བ་གཡས་པ་མཐོན་པོར་བཀྱགས་ཏེ། གློ་བུར་ཤེད་ཤུགས་ཀྱིས་སྐམ་པ་གུག་འཁྱོག་དེའི་སྟེང་བརྡེགས་པ་ན། མོ་གཅུ་དེ་གཅུ་ཐུབ་པར་གྱུར།
ཐབས་རྩལ་འདི་ནི་ཧ་ཅང་བྱང་ཆ་ལྡན་པ་ཞིག་སྟེ། སྐད་ཅིག་མ་དེའི་སྣང་ཚུལ་མཐོང་མཁན་སུ་ཡིན་ཡང་། ཚང་མ་ངོ་མཚར་བར་བྱས་འགྲོ།
འཁོར་ལོ་བརྗེས་ཚར་སོང་།
སློབ་གཙོ་ལིན་ལགས་ཀྱིས་བྱིས་པ་རྣམས་ལ“ཚང་མས་མགྲིན་གཅིག་ཏུ་མའོ་ཙེ་ལ་བཀའ་དྲིན་ཞུས”ཟེར།
“མའོ་ཙེ། བཀའ་དྲིན་ཆེ།”
ཡེ་ཧྲུའུ་དང་ཧྲན་ཐན་བཅས་པའང་རིག་རྩལ་དྲིལ་སྒྲོག་རུ་ཁག་ཏུ་མཆིས།
སློབ་གཙོ་ལིན་ལགས་ཀྱིས“ཡེ་ཧྲུའུ། ཧྲན་ཐན། ཁྱོད་ཚོས་མའོ་ཙེ་ལ་ཡང་བསྐྱར་བཀའ་དྲིན་ཞིག་ཞུ་མི་འོས་སམ”ཞེས་པ་ན།
ཡེ་ཧྲུའུ་དང་ཧྲན་ཐན་གཉིས་ཀྱི་ངོ་གདོང་དམར་པོར་འགྱུར་ཞོར“མའོ་ཙེ། བཀའ་དྲིན་ཆེ”ཞེས་བརྗོད་བྱུང་།
རླངས་འཁོར་བསྐྱོད་ལ་ཉེ་བའི་དུས་སུ། རླངས་འཁོར་དུ་བུད་ཟིན་པའི་སློབ་གཙོ་ལིན་ལགས་མར་བབས་ཏེ་མའོ་ཙེ་ཡི་གམ་དུ་ཕྱིན་རྗེས། ལག་པ་མའོ་ཙེའི་ཕྲག་སྟེང་དུ་བཞག་སྟེ“ངེད་གཉིས་ཀྱིས་གཙང་བོའི་ངོགས་སུ་བཤད་ཟིན་པ་ལྟར། ད་དུང་གར་ཆུང་ཞིག་འཁྲབ་སྦྱོང་བྱེད་དགོས་པས། དེའི་དུས་ཁྱོད་ཀྱིས་ཀྱང་དེའི་ནང་གི་མི་སྣ་ཞིག་འཁྲབ་དགོས”ཞེས་བརྗོད་བྱུང་། སློབ་གཙོ་ལིན་ལགས་ཀྱིས་ཀྱང་མའོ་ཙེ་འཁྲབ་སྟོན་བྱེད་པར་དགའ་བ་ཤེས་ཡོད།
མའོ་ཙེ་ཡི་མིག་ཟུང་དུ་མིག་ཆུ་གོ་རོ་རོ་འཁྱིལ།
རླངས་འཁོར་སྐྱོད་བཞིན་སྐྱོད་བཞིན་རྒྱང་རིང་ནས་རྒྱང་རིང་དུ་ཕྱིན་སོང་།
མའོ་ཙེས་མིག་ཟུང་རབ་རིབ་ངང་རིང་དུ་ཕྱིན་པའི་རླངས་འཁོར་ལ་བལྟས་འདུག་པ་དང་། མིག་ཆུ་ནི་ད་སོ་མ་རླུང་གིས་བསྐམས་པར་བྱས་པའི་རྗེས་ཤུལ་དེ་དེད་ནས་ཁ་འགྲམ་དུ་བཞུར……
(རྩོམ་སྒྲིག་འགན་འཁུར་པ་ཕག་མོ་དོན་གྲུབ་ཡིན)