ན་མོ་གུ་རུ་བཛྲ་དྷ་ར་ཡ།
མཆོག་གསུམ་ཀུན་འདུས་དྲིན་ཅན་བླ་མ་ལ།།
རྩེ་གཅིག་ཡིད་ཀྱི་གུས་པས་བཏུད་བྱས་ཏེ།།
དམ་པ་རྣམས་ཀྱི་གསུང་གི་སྙིང་པོའི་དོན།།
གཞེན་བསྐུལ་བསླབ་བྱ་མདོ་ཙམ་བྲི་བར་བྱ།།
རྒྱལ་བའི་གསུང་རབ་དགོངས་འགྲེལ་བཅས་པ་ཀུན།།
གདུལ་བྱའི་སེམས་རྒྱུད་འཆོས་པའི་ཐབས་ཡིན་པས།།
དེ་དག་ལས་ལྷག་གདམས་ངག་བསླབ་བྱ་ནི།།
བློ་དང་ལྡན་པ་སུ་ཡིས་གང་ནས་རྙེད།།
ཁྱད་པར་སྙིང་ནས་ཆོས་བཞིན་བྱ་འདོད་ན།།
བཀའ་གདམས་གོང་མའི་གསུང་ལས་བྱུང་བ་བཞིན།།
ཚེ་འདི་བློས་བཏང་བུད་བསྙེགས་ཐོབ་གསུམ་སོགས།།
ངེས་པར་དགོས་མོད་དེ་ཙམ་མ་བྱུང་ཡང་།།
འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གཙོ།།
ཆོས་དང་འཇིག་རྟེན་གཉིས་ལས་དམ་ཆོས་གཙོ།།
བཤད་དང་སྒྲུབ་པ་གཉིས་ལས་སྒྲུབ་པ་གཙོ།།
སྙམ་པའི་བློ་གདེང་འཆའ་བ་གནད་དུ་ཆེ།།
མིང་དང་སྙན་གྲགས་འཁོར་དང་དལ་འབྱོར་སོགས།།
ལྟ་ཅི་དམ་ཆོས་ཐོས་བསམ་སྒོམ་པ་ཡང་།།
ཚེ་འདིའི་ཆེད་དུ་བྱེད་པའི་བློས་བསླང་ན།།
ཕལ་ཆེར་ངན་འགྲོའི་རྒྱུ་རུ་འགྱུར་བར་གསུངས།།
དེ་ཕྱིར་ཚེ་འདི་ཇི་ལྟར་བྱས་ཀྱང་ཕྱིད།།
ཕྱི་མའི་ལམ་རྒྱགས་ཚགས་སུ་མ་ཆུད་ན།།
དེ་རིང་ཙམ་ཡང་གར་འགྲོ་ཆ་མེད་པ།།
ཡང་ཡང་བསམས་ནས་བློ་སྣ་སྐྱུངས་པ་གཅེས།།
ལས་དབང་བཙན་པོ་སུས་ཀྱང་བཟློག་ཏུ་མེད།།
འདི་སྣང་མནོ་བསམ་ཐོག་ཏུ་ཁེལ་བར་དཀའ།།
སྐྱབས་ལ་བློ་གཏད་ལས་ཀྱིས་གར་ཕྲད་པ།།
བདག་གིར་བྱ་ཞིང་ཆོས་སུ་འཁྱེར་བ་ལ།།
ཁེ་ཉེན་སྐྱིད་སྡུག་འདམ་ཀའི་དབང་ཡོད་དུས།།
གཏན་གྱི་འདུན་མ་བསྒྲུབ་ལ་མི་འབད་ན།།
འཆི་བདག་ཕོ་ཉས་ཟིན་པར་གྱུར་པའི་ཚེ།།
རང་གི་རང་ལ་ཞེ་ཁྲེལ་འགྱོད་ཀྱང་འཕྱིས།།
ཆོས་ཀྱི་རྩ་བ་བླ་མའི་དམ་ཚིག་ཡིན།།
ཆོས་ཀྱི་བསྐུལ་མ་འཆི་བ་རྗེས་དྲན་ཡིན།།
ཆོས་ཀྱི་སྙིང་པོ་ངེས་འབྱུང་བྱང་སེམས་ཡིན།།
ཆོས་ཀྱི་མཐར་ཐུག་ངེས་དོན་དབུ་མ་ཡིན།།
ས་ལམ་རྟོགས་པ་མཆོག་དམན་མ་ལུས་པ།།
གཞན་ཕན་བསམ་པ་རྒྱ་ཆེ་རྒྱ་ཆུང་དང་།།
གནས་ལུགས་རྟོགས་པ་ཕུལ་ཆེ་ཕུལ་ཆུང་བའི།།
སྒོ་ནས་འཇོག་ཕྱིར་དོན་དེ་སེམས་པ་གཅེས།།
བླ་མ་གྲོགས་དང་ཆོས་ལ་དག་སྣང་སྦྱོངས།།
ང་རྒྱལ་ཁོང་ཁྲོ་ལོག་ལྟ་གཉེན་པོས་གཞོམ།།
དམན་ས་གཙོར་བཟུང་འདི་སྣང་འདུན་མ་སྐྱུངས།།
རྐྱེན་ངན་ལམ་དུ་འཁྱེར་བ་ཆོས་པའི་མཆོག །
རྐྱེན་ངན་འཕྲད་དུས་ཆོས་ཀྱིས་མ་ཕན་ན།།
འགྲངས་སྐྱིད་ཆོས་པའི་གཟུགས་བརྙན་ཡ་མ་བརླ།།
དེ་ཕྱིར་རྐྱེན་ངན་ཕྲ་མོ་ནས་བཟུང་སྟེ།།
རིམ་གྱིས་ལམ་དུ་སློང་བའི་སྟོབས་བསྐྱེད་བྱ།།
བསྟན་དང་འགྲོ་ལ་ཕན་པའི་བྱ་བ་ནི།།
ཤིན་ཏུ་ཆུང་ཡང་སྲོག་དང་བསྡོས་ཏེ་སྒྲུབས།།
རང་དོན་ཚེ་འདིའི་འདུན་མ་མནོག་ཆེ་ལྟར།།
སྣང་ཡང་མཆིལ་མའི་ཐལ་བ་བཞིན་དུ་སྤོངས།།
རང་ཉིད་རྟོགས་པ་མཐོ་ཡང་རློམ་སེམས་སྤོངས།།
གཞན་གྱི་ཡོན་ཏན་ཕྲ་ཡང་ཡི་རང་བསྐྱེད།།
མཐོ་མཉམ་དམའ་ལ་གུས་དགའི་བརྩེ་བ་ཡིས།།
རྟག་ཏུ་གཤིས་བཟང་བསྟེན་པ་གནད་དུ་ཆེ།།
རང་དོན་ཁབ་རྩེ་ཙམ་ཡང་འབད་པས་གཞོམ།།
གཞན་དོན་རི་ལྟར་ཆེ་ཡང་བྱམས་བརྩེས་སྐྱོངས།།
ཀུན་ཏུ་རང་རྒྱུད་འདུལ་བར་འབད་བྱས་ན།།
ཆོས་ཀྱི་རྟོགས་པ་སྐྱེ་བ་མི་རིང་ཉེ།།
ཁེ་རྒྱལ་བདེ་དགེ་མཐའ་དག་གཞན་ལ་འབུལ།།
ཕམ་གྱོང་སྡིག་སྡུག་མཐའ་དག་རང་ལ་ལེན།།
གཞན་དོན་ཁོ་ནའི་ཆེད་དུ་རྫོགས་བྱང་སྒྲུབས།།
སེམས་དེ་སྐྱེ་ཕྱིར་བསག་སྦྱང་གཉིས་ལ་འབད།།
སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག།
དངོས་གྲུབ་གཉིས་ཀྱི་གཏེར་གྱུར་གང་དེ་ལ།།
ཅི་ཡོད་རྩལ་གྱིས་བག་ཆགས་འཇོག་པའི་ཕྱིར།།
སྒོ་གསུམ་འབད་པ་དྲག་པོས་བསྟེན་པ་གཅེས།།
སྤྱི་བོར་བླ་མ་སྙིང་ཁར་ལྷ་བསྒོམས་ནས།།
སྣོད་བཅུད་མ་ལུས་ཡེ་ཤེས་རོལ་པར་བལྟ།།
ལས་རླུང་ངྷུ་ཏིར་འགོག་པའི་ཕྱི་ནང་ཐབས།།
བསྲེ་བ་རྣམ་དགུའི་གནད་དང་སྦྱར་ནས་སྐྱོངས།།
མདོར་ན་བློ་བཟང་རྒྱལ་བའི་ལེགས་བཤད་ཀུན།།
རྒྱུད་ལ་བསྐོར་ཏེ་ཡང་ཡང་སེམས་བྱས་ན།།
གཏན་གྱི་འདུན་མ་ལག་རྩེར་ཐོབ་དང་འདྲ།།
དེ་བས་རྣམ་པ་ཀུན་ཏུ་འདི་ལ་འབད།།
སྔོན་བྱོན་རིས་མེད་དམ་པའི་གསུང་རབ་ཀྱང་།།
ཕྱོགས་སུ་མ་ལྷུང་ཡིད་ཀྱིས་མང་བལྟས་ན།།
རང་རེའི་ལུགས་ལ་འབོགས་དོན་མཆོག་ཡིན་པས།།
ལེགས་ཆ་མ་ལུས་བསྡུས་ལ་ཉམས་སུ་ལོངས།།
དབེན་པའི་གནས་སུ་སྒྲུབ་པའི་རྒྱལ་མཚན་ཆེ།།
འཛིན་པར་ནུས་ཕྱིར་ལྷ་དང་བླ་མ་ལ།།
སྙིང་ནས་གསོལ་འདེབས་སྡིག་དང་མ་འདྲེས་པའི།།
ཆོས་ཤིག་བསྒྲུབས་ན་སྐྱེས་བུའི་ཡང་རབས་ཡིན།།
དེ་ལྟར་ཁོ་བོས་གདམས་པའི་ལེགས་བཤད་འདི།།
སྙིང་གི་ཟ་མ་ཏོག་ཏུ་བསྲེལ་བྱས་ནས།།
ཐར་དང་ཐམས་ཅད་མཁྱེན་པའི་དགའ་སྟོན་གྱིས།།
རང་གཞན་དོན་ཀུན་ལྷུན་གྱིས་འགྲུབ་པར་མཛོད།།
དེ་ལྟར་གཏམ་འདི་བསྙད་པའི་དགེ་བ་ཡིས།།
རྒྱལ་བསྟན་དྲི་མེད་ཡུན་རིང་གནས་པ་དང་།།
འགྲོ་བ་ཀུན་ཀྱང་འཁྲུལ་མེད་ལམ་བཟང་གིས།།
ཀུན་མཁྱེན་གོ་འཕང་མྱུར་དུ་འཐོབ་གྱུར་ཅིག།
ཅེས་བསླབ་བྱ་བདུད་རྩིའི་ཡང་ཞུན་ཞེས་བྱ་བ་འདི་ཡང་རང་གི་སློབ་མ་གཞུང་བརྒྱ་སྨྲ་བའི་དབང་པོ་ཛ་སག་བླ་མ་བསྐལ་བཟང་ལྷ་དབང་གིས་བསྐུལ་བའི་ངོར༧ལྕང་སྐྱ་རོལ་པའི་རྡོ་རྗེས་དབེན་གནས་གསང་སྔགས་བདེ་ཆེན་ཕོ་བྲང་དུ་སྦྱར་བའི་ཡིི་གེ་པ་ནི་དཔྱོད་ལྡན་དགེ་སློང་དགེ་ལེགས་ནམ་མཁས་བགྱིས་པ་དགེ་ལེགས་འཕེལ། །བཀྲ་ཤིས།།
མཆན་འགྲེལ།
※བསླབ་བྱ་འདི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི《 ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་འབུམ》 ལས་ཁོལ་དུ་ཕྱུང་།