དུས་སྐབས་གསར་བའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་སྐོར་གྱི་བསམ་གཞིག

ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། བན་གོ རྡོ་རྗེ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18


བྱ་དངོས་གང་ཡིན་ཡང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཕུན་སུམ་ཇེ་ཚོགས། རིམ་བཞིན་སྲ་བརྟན་དང་འཕེལ་རྒྱས་ཀྱི་ལམ་བུར་འགྲོ་བཞིན་པ་ནི་ཆོས་ཉིད་དུ་གྲུབ་ལ། སློབ་གསོའང་དེ་ལས་མ་འདས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་རྗེས།

མི་རིགས་ས་ཁུལ་སོ་སོའི་དཔལ་འབྱོར་དང་རིག་གནས། སློབ་གསོ། ཚན་རིག་ལག་རྩལ་སོགས་ཕྱོགས་གང་ཐད་ནས་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱས་ཏེ་མི་རིགས་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་རང་རྒྱལ་གྱི་ལས་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་མི་རིགས་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་པ་མ་ཟད། མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལའང་སྔ་ན་མེད་པའི་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་ཏུ་སྣང་། ཡིན་ནའང་། རང་བྱུང་ཁོར་ཡུག་དང་ས་བབ། འགྲིམ་འགྲུལ་སོགས་ཀྱི་ཕྱི་རྐྱེན་དང་དགེ་རྒན་གྱི་དཔུང་སྡེ་དང་ཕ་མའི་སློབ་གསོའི་ཆུ་ཚད་སོགས་ནང་རྐྱེན་དུ་མའི་དབང་གིས་རང་རེའི་བོད་ཀྱི་སློབ་གསོ་ནི་རྒྱལ་ཡོངས་ཀྱི་ས་གནས་གཞན་དང་བསྡུར་ན་འཕེལ་རྒྱས་འགྲོ་དཀའ་བ་དང་སློབ་གསོའི་སྤུས་ཚད་ཅུང་ཞན་པའི་ཚུལ་དུ་གནས་འདུག དེ་བས། དུས་སྐབས་གསར་བའི་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྐོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་གཞི་རིམ་སློབ་གསོ་ནས་བཟུང་གང་ཅི་ཐུབ་ཀྱིས་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ་ནི་དགོས་གལ་ཤིན་ཏུ་ཆེ་བར་མཐོང་སྟེ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་སྐོར་གྱི་བསམ་གཞིག་འགའ་གུང་བསྒྲིགས་ཏེ་ཐར་ཆགས་སུ་བཀོད་ན་འདི་ལྟ་སྟེ།

དང་པོ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་སྤྱི་བཤད།

སྤྱིར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་ནི་རིག་པ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པས། ཁུངས་མེད་ཀྱི་གཏམ་ནས་འབྲུ་ཙམ་གྱིས་བརྗོད་པར་རྫོགས་པ་ཞིག་གཏན་ནས་མ་ཡིན་པར་སྐད་ཡིག་ནི་མི་རིགས་གང་དེའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལག་ཆ་ཆེས་རྨད་དུ་བྱུང་བ་ཞིག་ཡིན་པ་དང་། རིག་གནས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་དང་ཁོར་ཡུག་ངེས་ཅན་ཞིག་གི་ཁྲོད་ནས་སྐད་ཡིག་ནི་གཞི་ནས་གསོན་ཉམས་ལྡན་པ་ཞིག་ཡིན། རིག་གནས་ནི་སྐད་ཡིག་གང་དེའི་ཡལ་འདབ་དང་འབྲས་བུ་ལྟ་བུ་དང་སྐད་ཡིག་ནི་རིག་གནས་དེའི་རྟེན་གཞིའམ་གཞུང་རྐང་ལྟ་བུ་ཡིན་པས། སྐད་ཡིག་གི་སྲོག་གི་དབང་བོ་ཉམས་དམས་སུ་སོང་ཚེ། རིག་གནས་དེའི་རིན་ཐང་ཡང་རང་བཞིན་གྱིས་ཉམས་པར་འགྱུར་བ་གདོན་མི་ཟའོ། །

དེང་གི་དུས་འདིར། རྒྱལ་ཡོངས་ཀྱི་མི་རིགས་སློབ་གྲྭ་ཆེན་མོ་སོ་སོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་འདི་ཉིད་ཡོད་པ་མ་ཟད། སློབ་གཉེར་བྱེད་མཁན་ཡང་ཤིན་ཏུ་ནས་མང་བ་དང་། སྦྱང་བྱ་གཙོ་བོའང་བོད་ཀྱི་བརྡ་སྤྲོད་དང་བོད་ཀྱི་ལོ་རྒྱུས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་གཅེས་བསྡུས། རྩོམ་རིག་རྣམ་བཤད། སྐད་བརྡ་རིག་པའི་སྤྱི་བཤད། བོད་ཀྱི་རྩོམ་རིག་ལོ་རྒྱུས། ནང་དོན་རིག་པའི་སྤྱི་བཤད། བོད་ཀྱི་གནའ་རབས་རྩོམ་རིག སྙན་ངག ཚད་མ་རིག་པ། ཡིག་སྒྱུར་གཞུང་ལུགས། རྩོམ་རིག་གཞུང་ལུགས་སོགས་ཆེད་ལས་འདི་ལ་ཐུན་མོང་དུ་ཡོད་པའི་བསླབ་བྱ་རྣམས་གཙོར་བྱེད་པ་དང་། དེ་ལས་དགེ་འོས་སློབ་མ་ཡིན་ཚེ་གོང་གསལ་གྱི་བསླབ་བྱ་དེ་དག་ལས་གཞན་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ། རྒྱ་བོད་ཡིག་གཟུགས་སོགས་བསླབ་བྱ་དུ་མས་ཆ་ཡོངས་སུ་མཚུངས་པར་ཡོད་པས། གནའ་ནས་ད་བར་དུ་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་མི་སྣ་འཇོན་ཐང་ཅན་བགྲང་ལས་འདས་པ་གསོ་སྐྱོང་མཛད་དེ་གྲུབ་འབྲས་ཆེན་པོ་བླངས་མྱོང་། ཡིན་ཡང་དུས་རབས་ཉེར་གཅིག་པའི་དུས་འདིར། སློབ་གྲྭའི་སློབ་གསོའི་བསླབ་ཚན་གྱིས་ངེས་པར་དུ་རིག་གཞུང་ཚན་ཁག་སོ་སོ་ནས་རྒྱུན་ཆད་མེད་པར་འབྱུང་བཞིན་པའི་རྟོག་དོན་གསར་བ་དང་གཞུང་ལུགས་གསར་བ། ལྟ་སྟངས་གསར་བ་བཅས་ལ་གདམ་གསེས་བྱེད་དགོས་པམ་ཟད། གཞུང་ལུགས་གསར་བ། ལྟ་སྟངས་གསར་བ། ཚན་རིག་དང་བློ་རིག་སྤྱད་ནས་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་ཏུ་བྱུང་བའི་གྲུབ་ཆ་དར་སྤེལ་གཏོང་དགོས།

གཉིས་པ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ད་ལྟའི་གནས་བབ།

ཉེ་བའི་ལོ་ལྔའི་རིང་ལ། མདོ་དབུས་ཁམས་གསུམ་གཙོ་བྱས་པའི་བོད་རིགས་ས་ཁུལ་སོ་སོའི་མཐོ་རྒྱུགས་ཀྱི་སློབ་རིམ་འཕར་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད་པ་མ་ཟད། སློབ་ཆེན་སོ་སོས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་མ་བསྡུ་ཚད་ཀྱང་ཇེ་དམའ་རུ་བཏང་བ་དང་། སློབ་མས་རང་ངོས་ཀྱིས་སློབ་ཆེན་གདམ་ཀ་བྱེད་པ་ལའང་ཚད་བཀག་བྱུང་བ་སོགས་ལས་ཆེད་ལས་འདིའི་མ་འོངས་པའི་བགྲོད་ལམ་ནི་གུ་དོག་པར་འགྱུར་བཞིན་ཡོད་པས། ཁྱིམ་བདག་ཕལ་མོ་ཆེ་ནས་རང་གི་བུ་ཕྲུག་རྒྱའི་སློབ་གྲྭར་བསྐྱལ་བ་དང་། དེ་ལྟར་བྱས་ཚེ་མི་རིགས་རིག་གནས་རྒྱུན་འཛིན་ཐད་ཀྱི་བསམ་གཞིག་གསར་བ་ཞིག་ངང་ངམ་ཤུགས་ཀྱིས་ཐོན་པ་དང་།
དེ་ལས་གཞན་མི་རིགས་སློབ་ཆེན་སོ་སོ་ནས་ལོ་རེར་བཞིན་ལྗོངས་དང་ཞིང་ཆེན་སོ་སོ་ལ་ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱས་ནའང་དེ་དག་གི་ཆེད་ལས་དང་ས་གནས་ཀྱི་དགོས་མཁོ་གཞི་གཅིག་ཏུ་འདྲེས་མིན་དང་། ཡང་ན། དམིགས་བཀར་གྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ཏེ་མི་རིགས་སློབ་གསོ་ཡར་རྒྱས་གོང་འཕེལ་དུ་གཏོང་བ་སོགས་ནི་དེང་གི་མི་རིགས་སློབ་ཆེན་ཁག་གིས་བསམ་གཞིག་གཏོང་དགོས་ཤིང་གཏོང་འོས་པ་ཞིག་ཀྱང་ཡིན་པ་གོར་མ་ཆག

དེ་མིན། གྲངས་ཉུང་མི་རིགས་ཀྱི་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་ཚད་ལོན་དཀའ་བ་དང་། སློབ་མཐར་ཕྱིན་རྗེས་ལས་ཀར་ཞུགས་དཀའ་བ་སོགས་སློབ་མ་རང་ཉིད་ཀྱི་སློབ་སྦྱོང་གི་འབྲས་བུ་དང་ནུས་པ། ཆེད་ལས་དང་ལས་གནས་ཀྱི་འགལ་བ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སྣ་གཅིག་རང་བཞིན་གྱིས་ཐོན་པའི་གནད་དོན་སོགས་གནད་དོན་མང་དུ་མཆིས་པས། མི་རིགས་སློབ་གྲྭ་སོ་སོ་དང་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་། བོད་ཀྱི་སློབ་གསོ་སྨྲ་བ་དག་གིས་ཐག་གཅོད་བྱེད་དགོས་པའི་གཞི་གལ་ཆེན་ཞིག་ཡིན་ནོ། །

གསུམ་པ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ལ་གནས་པའི་གནད་དོན་སྐོར།

སྤྱིར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ནི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད་ལ། ཡིན་ནའང་སློབ་མའི་སློབ་རིམ་འཕར་ཚད་དང་ལས་ཀར་ཞུགས་ཚད། དེ་མིན་འཛམ་གླིང་ཧྲིལ་བོ་གོང་བུ་གཅིག་གྱུར་དང་རིག་གནས་འབྲེལ་འདྲིས་འཕེལ་ཞིང་མྱུར་བའི་ཐུན་མིན་གྱི་དུས་སྐབས་འདིར་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས། བོད་རྒྱ་སྐད་གཉིས་སློབ་གསོ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ད་དུང་གྲོས་བསྡུར་དང་ཞིབ་འཇུག་མི་དམན་པ་བྱ་དགོས་ཏེ། གཞི་རིམ་གྱི་དགེ་རྒན་ཕལ་ཆེ་བ་ནི་སློབ་གསོའི་མན་ངག་ལ་རྣ་ཐོས་ཙམ་མེད་པར་མ་ཟད་རང་ཉིད་སློབ་སྦྱོང་གི་གོ་རིམ་ཆ་ཚང་ཞིག་བརྒྱུད་མྱོང་མཁན་ཡང་ཧ་ཅང་དཀོན་པས་སློབ་གསོའི་གཞུང་ལུགས་དང་སློབ་གསོའི་ཐབས་ལམ་སོགས་བྱང་ཆ་མེད་མཁན་ཡང་མེད་པ་མ་ཡིན་ནོ། ། གཞན་ད་དུང་སྤུས་ཀ་མི་གཙོ་གྲངས་འབོར་གཙོ་བའི་གནད་དོན་སོགས་ལ་བསམ་བློ་ཞིབ་མོ་བཏང་ཚེ་སྐྱ་ཆད་སྔོ་སྡུག་གི་གནས་བབ་སྐྱ་བོ་ཟེར་བ་འདི་ལས་གཞན་ཞིག་གང་ན་ཡོད་སྙམ། དེ་བས། མིག་སྔར་གནས་ཡོད་པའི་གནས་ཚུལ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ནས་ཐར་ཆགས་སུ་བཀོད་ན་འདི་ལྟ་སྟེ།

གཅིག མཐོ་རྒྱུགས་ཀྱི་སློབ་མའི་བསྡུ་ཚད་ཉུང་བ་དང་སློབ་རིམ་འཕར་དཀའ་བ།

མཐོ་རྒྱུགས་ཀྱི་སློབ་མའི་བསྡུ་ཚད་ཉུང་བ་དང་སློབ་རིམ་འཕར་དཀའ་བའི་གནད་དོན་འདི་ནི་ལྗོངས་དང་ཞིང་ཆེན་ལྔའི་སྤྱི་ལ་གནས་ཡོད་པའི་སྣང་ཚུལ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་དམིགས་སུ་དྲངས་ནས་ཉེ་བའི་ལོ་ལྔའི་རིང་གི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཀྱི་རྒྱུགས་ཚད་ཞིབ་བསྡུར་བྱས་པ་ལས་ལྷག་ཏུ་མངོན་སུམ་ཡིན་ཏེ།

རེའི་མིག1ཉེ་བའི་ལོ་ལྔའི་རིང་གི་མཚོ་སྔོན་ས་ཆའི་མཐོ་རྒྱུགས་ཀྱི་ཆེད་སྦྱོང་རིམ་པའི་རྒྱུགས་ཚད།

ང་ཚོས་གོང་གསལ་གྱི་རེའུ་མིག་ལས་ཤེས་ཐུབ་པ་ནི་བསྟུད་མར་ལོ་ལྔའི་རིང་ལ་བོད་ཡིག་གི་རིག་ཚན་གྱི་ཆེད་སྦྱོང་གི་རྒྱུགས་ཚད་ནི་སྤྱིར་བཏང་གི་རིག་ཚན་གྱི་ཆེད་སྦྱོང་གི་རྒྱུགས་ཚད་ལས་སྐར་མ160ནས170མཐོ་བ་དང་། བོད་ཡིག་གི་རྩིས་ཚན་གྱི་ཆེད་སྦྱོང་གི་རྒྱུགས་ཚད་ནི་སྤྱིར་བཏང་གི་རྩིས་ཚན་གྱི་ཆེད་སྦྱོང་གི་རྒྱུགས་ཚད་ལས་སྐར་མ90ནས150མཐོ་བ་དང་། གྲངས་ཉུང་མི་རིགས་ཀྱི་སློབ་མས་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲད་ཚེ་སློབ་རིམ་འཕར་དཀའ་བའི་གནས་ཚུལ་འོག་རྒྱུགས་སྐར་བརྗེ་སྤྲོད་བྱས་ཆོག་ལ། བརྗེ་སྤྲོད་བྱས་རྗེས་སྤྱིར་བཏང་གི་སློབ་བསྡུའི་རྒྱུགས་ཚད་ལོན་རྗེས་རང་གི་འདོད་མོས་ལྟར་དུ་སློབ་ཆེན་གདམ་ཀ་བྱས་ཆོག ཡིན་ནའང་དེ་ལྟར་བྱས་ཀྱང་མི་རིགས་ས་ཁུལ་གྱི་དེང་རབས་སློབ་གསོ་དབུ་ཚུགས་འཕྱི་བ་དང་རྨང་གཞི་བརྟན་པོ་མེད་པ། སློབ་གསོའི་རྒྱུ་སྤུས་ནི་དེ་བས་ཀྱང་བཤད་མ་དགོས་ཏེ། དེའི་རྐྱེན་གྱིས་གྲངས་ཉུང་མི་རིགས་ཀྱི་སློབ་མས་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲད་ཀྱང་སློབ་རིམ་འཕར་ཚད་ནམ་ཡང་ཡར་རྒྱས་གོང་འཕེལ་དུ་འགྲོ་མི་ཐུབ་བོ། །

གཉིས། བོད་རྒྱ་སྐད་གཉིས་སློབ་གསོ་སྤེལ་མཁན་གྱི་མི་སྣ་འཇོན་ཐང་ཅན་དབེན་པ།

རྒྱལ་ཡོངས་ཀྱི་མི་རིགས་སློབ་གྲྭ་སོ་སོ་ནས་ལོ་རེ་བཞིན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱས་ཀྱང་བོད་ཁུལ་གྱི་ཚོང་རའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་ཤེས་ལྡན་མི་སྣ་མཁོ་སྤྲོད་བྱེད་དཀའ་བ་དང་། ལྷག་པར་དུ་ས་ཁམས་དང་ཆབ་སྲིད། ལོ་རྒྱུས། གྲངས་རིག དངོས་ལུགས། རྫས་འགྱུར། སྐྱེ་དངོས། རྨང་གཞི་སློབ་གསོའི་ཐད་ཀྱི་ཆེད་ལས་མི་སྣ་དེ་བས་ཀྱང་དཀོན་པས། ལྗོངས་དང་ཞིང་ཆེན་ལྔའི་སློབ་གྲྭ་སོ་སོའི་སློབ་གསོའི་རྒྱུ་སྤུས་ཁག་ཐེག་བྱེད་དཀའ།

གསུམ། ཐབས་ལམ་དང་པོའི་སློབ་ཁྲིད་ལས་ཐོན་པའི་སྐྱོན་ཡོན།

ཉེ་བའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ། བོད་ཁུལ་སོ་སོ་དང་ཁྱད་པར་དུ་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་སོགས་གཙོ་བྱས་ཏེ་ལོ་དགུའི་འགན་བབ་སློབ་གསོ་དང་མཐོ་འབྲིང་ལ་ཐབས་ལམ་དང་པོའི་སློབ་ཁྲིད་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད་པ་དང་། སི་ཁྲོན་རྔ་བ་ཁུལ་ལ་མཚོན་ན། ཐབས་ལམ་དང་པོའི་སློབ་ཁྲིད་བྱེད་ཐབས་སྤྱོད་བཞིན་པའི་སློབ་ཆུང58ཡོད་པ་དང་།
སློབ་མ20193ལྷག་ཡོད། སློབ་འབྲིང11དང་སློབ་མ9557ཡོད། མཐོ་འབྲིང3དང་སློབ་མ1557ཡོད་པ་དང་། ཐབས་ལམ་གཉིས་པའི་སློབ་ཁྲིད་བྱེད་ཐབས་སྤྱོད་བཞིན་པའི་སློབ་ཆུང44དང་སློབ་མ8276ལྷག་ཡོད་པ་དང་། སློབ་འབྲིང7དང་སློབ་མ2124ཡོད། མཐོ་འབྲིང2དང་སློབ་མ646ཡོད་པ་རེད། སློབ་གྲྭ་དེ་དག་ཁྲོད་ཐབས་ལམ་དང་པོས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ནི་སློབ་ཆུང་ལ1035དང་སློབ་འབྲིང་ལ473ཡོད། མཐོ་འབྲིང་ལ121ཡོད་པ་དང་། ཐབས་ལམ་གཉིས་པའི་ཆེད་གཉེར་དགེ་རྒན་ནི་སློབ་ཆུང་ལ492དང་སློབ་འབྲིང་ལ193ཡོད། མཐོ་འབྲིང་ལ58ཡོད། གོང་གསལ་གྱི་སྡུར་བ་ལས་ཤེས་ཐུབ་པ་ནི་ཐབས་ལམ་དང་པོ་སྤྱོད་པའི་སློབ་གྲྭ་དང་སློབ་མ། དགེ་རྒན་ནི་ཐབས་ལམ་གཉིས་པ་སྤྱོད་མཁན་གྱི་མི་གྲངས་ལས་ཕལ་ཆེར་ལྡབ་འགྱུར་གྱིས་མང་བ་ནི་མངོན་གསལ་དོད་པོ་ཡིན། འདི་ནི་ས་གནས་ཀྱི་ཁྱད་ཆོས་དང་དགོས་དབང་གིས་དེ་ལྟར་དུ་བྱེད་འོས་ལ་བྱེད་ཆོག་པ་ཞིག་ཀྱང་ཡིན་མོད། སློབ་མར་མཚོན་ན་མ་འོངས་པའི་བགྲོད་ལམ་གུ་དོག་ལ་སློབ་རིམ་འཕར་བའི་བཀག་རྒྱ་ཞིག་ཡིན་པས། མ་འོངས་པའི་མི་རིགས་སློབ་གསོའི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་བཀག་རྒྱ་ཞིག་ཏུ་མི་འགྱུར་ཞེས་སུས་ཀྱང་སྨྲ་མི་སྤོབས།

བཞི། མི་རིགས་སློབ་ཆེན་ཁག་དང་ས་གནས་སློབ་གྲྭ་ཆུང་འབྲིང་བར་གྱི་འབྲེལ་འདྲིས་ཞན་པ།

རྒྱལ་ནང་དུ་ཡོད་པའི་མི་རིགས་སློབ་ཆེན་སོ་སོ་ནི་མི་རིགས་ས་ཁུལ་ལ་གསར་གཏོད་ཀྱི་བློ་སྤོབས་དང་སྐད་གཉིས་ལ་བྱང་བའི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པའི་གཞི་མ་རུ་གྱུར་ཡོད་པ་དང་། ཡིན་ནའང་།
མི་རིགས་སློབ་ཆེན་སོ་སོ་ནས་གཞི་རིམ་གྱི་མི་སྣའི་དགོས་མཁོ་ལ་རྒྱུས་ལོན་མེད་པ་དང་། ཆོལ་གསུམ་བོད་ཁུལ་དང་འབྲེལ་འདྲིས་ཉུང་བས་གཞི་རིམ་གྱི་མི་སྣའི་དགོས་མཁོ་དེ་བས་ཀྱང་རྩ་སྟོངས་སུ་ལུས། བོད་ཀྱི་ས་གནས་སོ་སོར་མཚོན་ན། རྒྱ་བོད་སྐད་གཉིས་སྨྲ་བའི་མི་སྣ་ནུས་ལྡན་ཅན་ནི་ལྷག་ཏུ་མཁོ་ལ། ལྷག་པར་དུ་རྩིས་ཚན་དང་ཆ་འཕྲིན་ལག་རྩལ། རོལ་མོ་དང་རྩལ་སྦྱོང། ལོ་རྒྱུས། ས་ཁམས་སོགས་ཀྱི་ཆེད་ལས་མི་སྣ་དེ་བས་ཀྱང་མཁོའོ། ། སློབ་གྲྭའི་སློབ་ཁྲིད་ཀྱི་འོས་འགན་དུས་ལྟར་དུ་འགྲུབ་ཆེད་གོང་གི་བསླབ་ཚན་རེ་གཉིས་ནི་ཆེད་ལས་མ་ཡིན་པའི་དགེ་རྒན་སོགས་ཀྱིས་སློབ་ཁྲིད་བྱེད་པས་ན་སློབ་ཁྲིད་ཀྱི་རྒྱུ་སྤུས་དང་ནུས་པ་སོགས་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་ཡིན་པས་འཇུག་འབྲས་གང་འདྲ་ཡིན་པ་མཁྱེན་ལྡན་རྣམས་ཀྱིས་ཤེས་གསལ་ལྟར་རོ། །

བཞི་བ། གནད་དོན་ཐག་གཅོད་བྱེད་ཐབས།

མི་རིགས་སློབ་གསོ་ནི་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། ཚན་རྩལ་སོགས་འཕེལ་རྒྱས་གཏོང་བྱེད་ཀྱི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ། མི་རིགས་སློབ་གསོའི་འཕེལ་རྒྱས་མྱུར་བ་དང་སྤུས་ཚད་ལྡན་པ་ཞིག་དགོས་ན་དེ་ནི་ཕྱོགས་གཅིག་རྐྱང་བས་འགྲུབ་ཐུབ་པ་ཞིག་མ་ཡིན་ལ། ཐོག་མ་ཉིད་ནས་ཐམས་ཅད་ཡང་དག་པར་གྲུབ་པ་ཞིག་དེ་བས་ཀྱང་མ་ཡིན་པས་གོམ་པ་རིམ་བགྲོད་ཀྱིས་ཕྱོགས་སོ་སོའི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་སྐྱེས་བུ་རེ་རེ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོ་སོ་ནས་མགོ་བཙུགས་ཏེ་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་བཅོས་སྒྱུར་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་འཕྱར་བ་གྲུ་འདེགས་ངང་ནས་ལེགས་སྤེལ་ཉེས་འགོག་བྱས་ན་ད་གཟོད་གཞི་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཤིག་ཅིས་ཀྱང་ཐོབ་ངེས་ཡིན།

གཅིག རྒྱལ་ཁབ་ཀྱི་ཡང་དག་པའི་མི་རིགས་སྲིད་ཇུས་བཀོལ་སྤྱོད་བྱས་ཏེ་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ།

ཡང་དག་པའི་སྒོ་ནས་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་དགོས་ན་མི་དམངས་དང་ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་དགོས་པ་མ་ཟད། སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནི་དེ་བས་ཀྱང་གལ་ཆེའོ། །དུས་སྐབས་གསར་བའི་མི་རིགས་བྱ་བའི་བཅོས་སྒྱུར་གྱི་བསམ་འཆར་ལས་བཤད་པ་ལྟར་ན། ཕྱོགས་ཡོངས་ནས་སྤྱི་སྐད་ཁྱབ་གདལ་གཏོང་བའི་དུས་མཚུངས་སུ་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་དང་ཡི་གེས་སློབ་གསོ་མྱོང་བའི་བདག་དབང་ལ་གོང་བཀུར་དང་ཁག་ཐེག་བྱེད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་འཕེལ་རྒྱས་གཏོང་དགོས་པ་དང་། ས་ཆ་ལ་ལར་དགོས་དབང་གིས་རྨང་གཞི་སློབ་གསོར་སྐད་གཉིས་བཀོལ་སྤྱོད་བྱེད་དགོས། སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་ཏེ་སྐད་གཉིས་དགེ་རྒན་གྱི་བསྡུ་ལེན་དང་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ་སྐད་གཉིས་དགེ་རྒན་གསོ་སྐྱོང་དང་སློབ་ཁྲིད་ཞིབ་འཇུག སློབ་དེབ་རྩོམ་ སྒྲིག་དང་དཔར་སྐྲུན་སོགས་ལ་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་དགོས། གྲངས་ཉུང་མི་རིགས་ལས་བྱེད་མི་སྣའི་རྒྱལ་ཁབ་སྤྱིའི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས་པ་དང་། མི་རིགས་ས་ཁུལ་གྱི་རྒྱའི་ལས་བྱེད་མི་སྣས་ཀྱང་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་སྦྱངས་བརྩོན་བྱེད་དགོསཞེས་གསུངས་པ་ལས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་སྐད་ཡིག་ལ་དོ་སྣང་དང་སྐད་གཉིས་སྨྲ་བའི་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་བཞིན་པ་ཤེས་ཐུབ་ལ། དེ་བས། ང་ཚོས་རྒྱབ་ཁབ་ཀྱི་སྲིད་ཇུས་ཡང་དག་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཐེངས་གསུམ་པ་དང་ཐེངས་བཞི་བའི་ཀྲུང་དབྱང་མི་རིགས་བྱ་བའི་ལས་དོན་ཚོགས་འདུའི་དགོངས་དོན་དཀྱུས་སུ་བཟུང་ནས་མི་རིགས་སློབ་གསོ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

གཉིས། མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་སྤྱིའི་འཆར་གཞི་གཏན་འབེབས་བྱེད་པ།

མི་རིགས་སློབ་གསོའི་བྱ་གཞག་ནི་ཡུན་རིང་ཞིང་འགན་ལྕི་བའི་ལས་ཀ་གལ་ཆེན་ཞིག་ཡིན་པས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ནི་ཤིན་ཏུ་གལ་ཆེ་ལ། དེ་ཡུན་རིང་འཚོ་བ་ལ་སྤྱིའི་འཆར་གཞི་ངེས་ཅན་ཞིག་གཏན་འབེབས་བྱས་ཏེ་ས་གནས་སོ་སོ་དང་མི་རིགས་སློབ་ཆེན་བར་གྱི་འབྲེལ་བ་དམ་ཟབ་ཏུ་བཏང་ཐོག འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་དགོས།

མི་རིགས་སློབ་གསོར་མ་དངུལ་གཏོང་འབོར་དང་རྒྱུ་སྤུས་ཀྱི་འཕེལ་རྒྱས། སློབ་གྲྭའི་ཁྱབ་རྒྱ་ཇེ་ཆེ་རུ་སོང་བ་དང་སྦྲགས། སྐད་གཉིས་སློབ་གསོའི་སློབ་མ་ནི་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཡིན་ནའང་རྒྱལ་ཁབ་ཀྱི་སློབ་མའི་སྡུད་ལེན་ཁྲོད་མི་རིགས་སློབ་གྲྭའི་སློབ་མའི་སྡུད་ཚད་ནི་ཤིན་ཏུ་ཉུང་བས་འདི་ནི་ས་གནས་སོ་སོར་ཁྱབ་ཡོད་པའི་སྣང་ཚུལ་ཞིག་སྟེ། དཔེར་ན། མཚོ་སྔོན་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་སློབ་རིམ་འཕར་ཚད་ནི་མཐོ་རྒྱུགས་སྤྱིའི་སློབ་རིམ་འཕར་ཚད་ལས་དམའ་བ་དང་། 2009ལོ་ནས2010ལོར་མཐོ་རྒྱུགས་སྤྱིའི་སློབ་རིམ་འཕར་ཚད་ནི་བརྒྱ་ཆའི་བརྒྱད་ཅུ་ཡིན་ལ། གྲངས་ཉུང་མི་རིགས་ཀྱི་སློབ་མའི་སློབ་རིམ་འཕར་ཚད་ནི་བརྒྱ་ཆའི་ཉེར་ལྔ་ཡིནཔ་དང་མི་རིགས་སློབ་གསོ་འཕེལ་རྒྱས་འགྲོ་མི་ཐུབ་པའི་རྩ་བའི་གནད་དོན་ཡང་ཡིན་ནོ། ། དེ་བས་མི་རིགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་རྒྱལ་ཡོངས་ཀྱི་སློབ་ཆེན་དག་གིས་མཐོ་རྒྱུགས་ཀྱི་སློབ་མ་སྡུད་ལེན་གྱི་འཆར་གཞིའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་སློབ་མའི་སྡུད་ཚད་ཇེ་མཐོར་བཏང་ནས་སློབ་གསོའི་འདྲ་མཉམ་ལ་ཤུགས་སྣོན་རྒྱག་དགོས།

གསུམ། ཆེད་ལས་སྣ་མང་ཅན་དང་འཐུས་ཚང་དུ་བཏང་སྟེ་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ།

སློབ་གསོའི་འཕེལ་རྒྱས་ནི་དགེ་རྒན་ལ་རག་ལས་ཤིང་། དགེ་རྒན་ནི་མིའི་རིགས་ཀྱི་བསམ་པའི་བཟོ་བཀོད་པ་ཡིན་ལ་སློབ་གསོའི་ལེགས་ཉེས་ནི་དགེ་རྒན་གྱི་ལས་ཀའི་བྱེད་ཕྱོགས་ལ་རག་ལས་ཡོད། དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་ཁྲིད་ཀྱི་འོས་འགན་དུས་ལྟར་གྲུབ་པ་དང་སློབ་མར་རྣམ་འགྱུར་ཡང་དག་བཟུང་བ། དེ་བཞིན་དུ་སློབ་གསོའི་བྱ་གཞག་ལ་བློ་སེམས་དཀར་བ་དང་བློ་གཅིག་སེམས་གཅིག་གིས་དཔེ་ཁྲིད་མི་སྐྱོང་བྱས་ཏེ་ཡོད་ཚད་སློབ་མའི་ཆེད་དུ་འབད་པ་དང་འབད་པ་ཐམས་ཅད་སློབ་མའི་ཆེད་དུ་ཡིན་པའི་ལྟ་བ་དང་འགན་འཁྲི་ཞིག་ཅིས་ཀྱང་དགོས་པར་སེམས་སོ། །

དེང་གི་བོད་ཁུལ་མང་ཆེ་བར་ཆེད་ལས་དགེ་རྒན་ཉུང་བ་དང་ལྷག་པར་དུ་ལོ་རྒྱུས་དང་ས་ཁམས། ཁྲིམས་ལུགས། ཆབ་སྲིད། སྐྱེ་དངོས། གྲངས་རིག དངོས་ལུགས། རྫས་འགྱུར་སོགས་ཀྱི་ཆེད་ལས་མི་སྣ་ལྷག་ཏུ་ཉུང་། བསླབ་ཚན་འདི་དག་གི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་ནི་མི་རིགས་སློབ་ཆེན་དག་གི་ཕྲག་ཏུ་བབས་པའི་འོས་འགན་ཡིན་མོད། ཡིན་ན་ཡང་མིག་སྔར་གོང་གསལ་གྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་ལ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དང་ ནུབ་བྱང་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་སློབ་གླིང་། རྔ་བ་དགེ་འོས་སློབ་གླིང་བཅས་ལས་མེད་པས། སློབ་ཆེན་འདི་དག་གིས་བོད་ཁུལ་ཡོངས་ལ་དགོས་ངེས་ཀྱི་ཆེད་ལས་མི་སྣ་མཁོ་སྤྲོད་བྱེད་ཁག་པོ་འདུག་པ་མངོན་གསལ་ཡིན། ལར་མི་རིགས་སློབ་ཆེན་སོ་སོ་ནས་མི་རིགས་འཛིན་གྲྭ་བཙུགས་ཏེ་ལོ་རྒྱུས་དང་ས་ཁམས། ཁྲིམས་ལུགས། ཆབ་སྲིད། སྐྱེ་དངོས། གྲངས་རིག དངོས་ལུགས། རྫས་འགྱུར། རྨང་གཞི་སློབ་གསོ་སོགས་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ན་གོང་གི་གནད་དོན་དག་གཞི་ནས་ཐག་གཅོད་བྱེད་ཐུབ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་མཚོན་ན་ཉེ་བའི་ལོ་ངོ་བཞིའི་རིང་ལ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་གཞིར་བྱས་ཐོག མིའི་རིགས་རིག་པ་དང་བོད་ཀྱི་གསོ་བ་རིག་པ། བོད་ཀྱི་རིག་གནས་ཐོན་རྫས་དོ་དམ་དང་ཡུལ་སྐོར་དོ་དམ་གྱི་ཆེད་ལས་སོགས་ཁ་ཕྱོགས་བཞི་ཁ་སྣོན་བྱས་ཡོད་པ་དང་།
བོད་རིགས་སློབ་མའི་སྡུད་ཚད་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་བའི་མུར་ལ་ལས་གནས་ཀྱང་གང་སར་ཞུགས་ཆོག་པའི་ཚུལ་དུ་སྣང་།

རེའུ་མིག2 ཉེ་བའི་ལོ་བཞིའི་རིང་གི་སློབ་མ་སྡུད་ཚད་དང་ལས་ཞུགས་ཚད།

བཞི། དམིགས་བཀར་གྱིས་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ།

སི་ཁྲོན་ཞིང་ཆེན་ལ་མཚོན་ན་རྩིས་ཚན་གྱི་སྐད་གཉིས་སློབ་གསོའི་དགེ་རྒན་གསོ་སྐྱོང་བྱེད་པའི་སློབ་ཆེན་མེད་པས། འདས་པའི་ལོ་ངོ་དུ་མའི་ནང་མཚོ་སྔོན་དགེ་འོས་སློབ་ཆེན་ལ་བརྟེན་ནས་སྐད་གཉིས་དགེ་རྒན་ཐག་གཅོད་བྱེད་པ་ཡིན་མོད། ཡིན་ན་ཡང་ས་བབ་དང་ཁོར་ཡུག ཟླ་ཕོགས་སོགས་ཀྱི་དབང་གིས་ཡུན་རིང་གནས་མི་ཐུབ་པས། ས་གནས་སོ་སོས་དམིགས་བཀར་གྱི་ཆེད་ལས་གསོ་སྐྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། རྔ་བ་ཁུལ་ལ་མཚོན་ན་སྔོན་མ་ནས་བཟུང་སྟེ་མཚོ་སྔོན་དགེ་འོས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་དང་མཉམ་འབྲེལ་གྱིས་དམིགས་བཀར་གྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་དང་། དཀར་མཛེས་ཁུལ་གྱིས2014ལོ་ནས་བྱ་གཞག་འདིའི་མགོ་བརྩམས་པ་མ་ཟད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་དང་ཆ་འཕྲིན་ལག་རྩལ་སློབ་གླིང་གཉིས་དང་མཉམ་འབྲེལ་གྱིས་དམིགས་བཀར་གྱི་ཆེད་ལས་མི་སྣ་གསོ་སྐྱོང་འཛིན་གྲྭ་བཙུགས་ཏེ་གནས་སྐབས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་མོད། ལོ་རེ་བཞིན་གྱི་སློབ་མའི་སྡུད་ཚད་ལ་ད་དུང་ཤུགས་སྣོན་རྒྱག་དགོས།

ལྔ། སྐད་གཉིས་དགེ་རྒན་གསོ་སྦྱོང་ལྟེ་གནས་དང་གདན་ཞུའི་ལམ་ལུགས་འཛུགས་སྐྲུན་བྱེད་པ།

བོད་ཁུལ་གྱི་སྐད་གཉིས་དགེ་རྒན་ལ་གསོ་སྦྱོང་གི་གོ་སྐབས་དབེན་པ་མ་ཟད། གསོ་སྦྱོང་ལྟེ་གནས་དེ་བས་ཀྱང་ཉུང་བས། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དང་ཆེད་ལས་ཤེས་བྱ། སློབ་ཁྲིད་ཀྱི་འདུ་ཤེས་སོགས་ཕྱོགས་གང་ཅིའི་ཐད་ནས་ཅུང་རྗེས་ལུས་སུ་གནས་ཡོད་པས། ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་དང་སློབ་གྲྭས་ཞིང་ཆེན་དང་རྒྱལ་ཁབ་རིམ་པར་ཡར་ཞུ་བྱས་ཏེ་བོད་སྐད་ཡིག་གི་དགེ་རྒན་གསོ་སྦྱོང་ལྟེ་གནས་འཛུགས་སྐྲུན་བྱས་ཏེ་བོད་སྐད་ཡིག་གི་དགེ་རྒན་གྱི་རྒྱུ་སྤུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།

དེ་མིན། སྐད་གཉིས་དགེ་རྒན་གྱི་གདན་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་མི་དོན་ལས་ཁུངས་ཀྱི་རྨང་གཞི་ཤེས་བྱའི་ཡིག་ཚད་ལོན་དགོས་པ་མ་ཟད། ཆེད་ལས་ཀྱི་ཤེས་བྱ་དང་ནུས་པ་སོགས་ལའང་རྟོག་ཞིབ་བྱེད་པ་དང་སྦྲགས་རྒྱའི་སྤྱི་སྐད་དང་མི་རིགས་སྐད་ཡིག་གི་དཔང་ཡིག་དང་ཡིག་ཚད་ལོན་མིན་སོགས་ལ་བརྟག་ཞིབ་བྱས་ཏེ་མི་སྣ་ནུས་ལྡན་ཅན་དང་ཚད་ལྡན་ཅན་གདན་ཞུ་བྱེད་པ་ནི་དེ་བས་ཀྱང་གལ་ཆེ་བར་སྣང་།

མདོར་ན། མི་རིགས་སློབ་ཆེན་ཁག་དང་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་སོགས་ཀྱི་བར་དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་དང་བསམ་བློ་བརྗེ་རེས་སོགས་བྱས་པ་ལས་ཆེད་ལས་མི་སྣ་གསོ་སྐྱོང་དང་མཁོ་འདོན། སྐད་གཉིས་དགེ་རྒན་གསོ་སྦྱོང་ལྟེ་གནས་སོགས་འཛུགས་པར་འབད་བརྩོན་བྱས་ཏེ་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་སྲིད་ཞུ་གང་ལེགས་བསྒྲུབ་དགོས།།

མཆན།

①《བོད་ཀྱི་སློབ་གྲྭའི་སློབ་གསོའི་ཐབས་ལམ དཔལ་ལྡན་ཉི་མས་བརྩམས། བོད་ཀྱི་སློབ་གསོ 2015.2 P11

 རྒྱུ་ཆའི་ཡོང་ཁུངས། མཚོ་སྔོན་མཐོ་རྒྱུགས་ཆ་འཕྲིན་དྲ་ཚིགས།http://www.qhzk.com/qhzk_gk/index_gk.aspx

 རྒྱུ་ཆའི་ཡོངས་ཁུངས། སི་ཁྲོན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ།

 ཞིན་ཧྭ་གསར་འགྱུར་དྲ་ཚིགས། དུས་སྐབས་གསར་བའི་མི་རིགས་བྱ་བའི་བཅོས་སྒྱུར་གྱི་བསམ་འཆར2014ལོའི་ཟླ12པའི་ཚེས22ཉིན།

 པདྨ་ལྷུན་གྲུབ། མཚོ་སྔོན་འབྲོག་ལས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་ཞིབ་འཇུག་སྙན་ཞུ ནུབ་བྱང་མི་རིགས་ཞིབ་འཇུག 2012ལོའི་དེབ་དང་པོ།

 རྒྱུ་ཆའི་ཡོང་ཁུངས། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་མཁོ་སྤྲོད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1