ཚའེ་ཡོན་ཕེའི་སློབ་གསོའི་བསམ་བློ་ལས་ཀུན་སྤྱོད་སློབ་གསོའི་དམིགས་འབེན་སྐོར་གླེང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང2013ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ། གཡང་བྱམས་ཚེ་རིང་། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18


[གནད་བཏུས] ཚའེ་ཡོན་ཕེ་ནི་རང་རྒྱལ་གྱི་སློབ་གསོ་པ་ཞིག་ཡིན། འདིར་རྩོམ་པ་པོས་ཁོང་གི་སློབ་གསོའི་བསམ་བློ་ལས་ཀུན་སྤྱོད་སློབ་གསོའི་དམིགས་འབེན་གཞིར་བཟུང་སྟེ། སློབ་མར་གོམས་སྲོལ་བཟང་བོ་ཞིག་ཇི་ལྟར་བསླབ་པ་ནས་བརྩམས་ཏེ་དགེ་རྒན་ནམ་ཕ་མས་བྱིས་པའི་བྱ་བྱེད་འགྲོ་འདུག་གི་ཕྱོགས་ལ་མཛུབ་སྟོན་གནང་སྟེ། འབད་པ་ཆེན་པོས་གོམས་གཤིས་བཟང་བོ་ཞིག་ཆགས་པར་སྣེ་ཁྲིད་བྱེད་དགོས་ཚུལ་བརྗོད་ཡོད།

[གནད་ཚིག] ཚའེ་ཡོན་ཕེ། ཀུན་སྤྱོད། སློབ་གསོ།


ཀུན་སྤྱོད་སློབ་གསོའི་དམིགས་འབེན་ནི་སློབ་གྲྭ་ཞིག་གམ་སློབ་གསོའི་བྱ་གཞག་གི་རྐང་འཛུགས་ས་ཡིན་ཞིང་། སློབ་གསོར་གདེང་འཇོག་བྱ་བའི་ཚད་གཞི་ཉག་གཅིག་ཀྱང་ཡིན་པས། དེས་སློབ་གསོའི་རྩ་དོན་དང་ཐབས་ཤེས་ལ་ཤན་ཤུགས་ཟབ་མོ་ཐེབས་ཀྱིན་ཡོད། དེ་བས་འདིར་ཕྲན་གྱིས་སློབ་གསོ་པ་ཚའེ་ཡོན་ཕེའི་བསམ་བློའི་སྟེང་ནས་ཀུན་སྤྱོད་སློབ་གསོའི་དམིགས་འབེན་སྐོར་རགས་ཙམ་གླེང་བར་བྱའོ། །

དང་པོ། ཀུན་སྤྱོད་སློབ་གསོས་རང་རྒྱལ་གྱི་སྤྱོད་ལམ་གཙིགས་སུ་འཛིན་པའི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་པར་བསྒྱུར་ཡོད།

ཚའེ་ཡོན་ཕེས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དང་མི་རྣམས་ཀྱི་སྤྱོད་ལམ་ཉམས་དམས་སུ་ཕྱིན་ཡོད་པར་གཞིགས་ནས། ཀུན་སྤྱོད་སློབ་གསོའི་ལམ་བུ་བརྒྱུད་དེ་གཞུང་སྒེར་གཉིས་ཀའི་སྤྱོད་པ་གཙིགས་སུ་འཛིན་པའི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་པར་བསྐྲུན་དགོས་པར་འདོད་ཡོད། འདིར་གཞུང་གི་སྤྱོད་པ་ཟེར་བ་ནི་མི་རྣམས་ཕན་ཚུན་འབྲེལ་འདྲིས་སྐབས་དང་། སྤྱི་ཚོགས་འཚོ་བའི་ནང་དོ་སྣང་བྱ་དགོས་པའི་སྤྱོད་ལམ་གྱི་ཚད་ཐིག་དང་བྱ་བྱེད་འགྲོ་འདུག་གི་བླང་བྱ་ཡིན་ལ། དེ་ནི་སྤྱི་ཚོགས་ཤིག་གི་གུས་ལུགས་མཚོན་པའི་རྟགས་མཚན་ཞིག་ཀྱང་ཡིན། དཔེར་ན་བག་ཡོད་ཚུལ་ལྡན་དང་། གཞུང་གི་རྒྱུ་ནོར་གཅེས་སྤྲས་དང་ཐུན་མོང་གི་གཙང་སྦྲ་དོ་སྣང་བྱེད་པ་ལ་སོགས་པ་ཚང་མ་དེའི་ཁོངས་སུ་འདུ། སྒེར་གྱི་སྤྱོད་པ་ཞེས་པ་ནི་མི་རྣམས་རང་རང་གི་གྲོགས་པོ་དང་། གཉེན་ཉེ་ལ་སོགས་པར་འབྲེལ་འདྲིས་བྱ་སྐབས་བརྩི་སྲུང་བྱ་དགོས་པའི་ཚད་ཐིག་ཅིག་ཡིན་ཏེ། དེ་ནི་མི་སྒེར་གྱི་གོ་རྟོགས་དང་བྱང་ཚད་མཚོན་པའི་ཁྱད་རྟགས་ཤིག་ཀྱང་ཡིན། དཔེར་ན། རྒན་པ་ལ་གུས་བཀུར་དང་གྲོགས་ལ་ཕྱི་ཐག་རིང་བ་ལྟ་བུའོ།། ཁོང་གིས་གཞུང་དང་སྒེར་གྱི་སྤྱོད་ལམ་གཉིས་ཆ་ནས་མི་བུ་ཞིག་གི་ཀུན་སྤྱོད་ཧྲིལ་བོ་གླེང་དགོས་པའི་ཕྱིར་ན་སློབ་མའི་ཀུན་སྤྱོད་སྐྱེད་སྲིང་ལ་ངེས་པར་དུ་གོང་གི་ཕྱོགས་གཉིས་ཀ་གཙིགས་སུ་འཛིན་དགོས་པར་འདོད། འོ་ན་ཚའེ་ཡོན་ཕེ་ཡིས་གཞུང་སྒེར་གཉིས་ཀྱི་སྤྱོད་ལམ་ལ་མཐོང་ཆེན་བྱེད་དོན་ཅི་ཡིན་ཞེ་ན། ཁོང་གིས་གསུང་དོན། དེང་སྐབས་ནུབ་ཕྱོགས་པས་གཞུང་གི་སྤྱོད་པ་བརྩི་བར་དགའ་མོས་དང་། ཤར་ཕྱོགས་པས་སྒེར་གྱི་སྤྱོད་ལམ་འཛིན་པར་མཐོང་ཆེན་བྱ། བྱེ་བྲག་ཏུ་མི་ལ་ལས་གཞུང་གི་སྤྱོད་པ་སྲུང་ན་སྒེར་གྱི་ཁེ་ཕན་ལ་གནོད་ཅེས་བརྗོད་མོད། དེ་ནི་བབ་ཅོལ་ཁོ་ནར་ཟད་དེ། སྤྱི་ཚོགས་ནི་མི་ཚང་མས་ཐུན་མོང་ཐོག་གྲུབ་པ་ཞིག་ཡིན་པས། གལ་སྲིད་མི་བུ་ཡན་གར་བ་རེ་རེ་ངན་རུལ་དུ་སོང་ན། ཐུན་མོང་གི་ཚོགས་པ་འདི་ལ་ཤན་ཤུགས་ངེས་ཅན་ཐེབས་སྲིད། དེའང་ནད་ཡམས་ཇི་བཞིན་དུ་སྤྱི་ཚོགས་ལ་ཞུགས་པའི་ངན་ཤུགས་ནི་འུ་ཅག་གི་བློ་ཡུལ་ལས་འདས་སྲིད་པས། སྒེར་གྱི་སྤྱོད་ལམ་ལེགས་པོ་མ་འཁྱོངས་ན་སྤྱི་ཚོགས་ལ་ཤན་ཤུགས་ངན་པ་ཐེབས་པ་ནི་སྨོས་ཅི་འཚལ། ཡང་ཁོང་ཉིད་ཀྱིས་འོ་སྐོལ་ཚོར་གཞུང་གི་རྒྱུ་ནོར་གཅེས་སུ་འཛིན་པའི་འདུ་ཤེས་ཞན་ཏེ། དུས་རྒྱུན་གྱི་འཚོ་བའི་ནང་ནས་ཀྱང་གཞུང་གི་རྒྱུ་ནོར་ལ་ཤ་མི་ཚ་ཞིང་། ལན་རེར་ཆག་སྐྱོན་བཟོས་ནའང་དོ་ཁུར་ཆེན་པོ་མི་བྱ། དེ་ནི་གཞུང་གི་སྤྱོད་ལམ་ངན་པའི་མཚན་ལྟས་ཤིག་ཡིན་ཏེ། འུ་ཅག་གིས་གཞན་གྱི་རྒྱུ་རྫས་ལ་སེམས་ཆུང་བྱ་དགོས་པ་ཤེས་བཞིན་དུ་གཞུང་གི་སྤྱི་རྫས་གཅེས་སུ་མི་འཛིན་པར་སྙིགས་མར་འདོར་བ་ནི་སུ་ལ་ལན་སོང་། དེ་བཞིན་དུ་གཞན་གྱི་བདོག་པ་བོར་བརླག་ཏུ་སོང་ན་སྐྱིན་ཚབ་སྤྲོད་དགོས་པ་ཤེས་བཞིན་དུ། གཞུང་གི་ཅ་ག་གཏོར་བརླག་བཟོས་ན་རིན་ཚབ་སྤྲོད་མི་ཤེས་པ་ནི་ཅི་ལ་ལན་སོང་། དཔེར་ན། སློབ་མས་སློབ་ཁང་གི་གྱང་ངོས་སུ་རི་མོ་འབྲི་བ་དང་། བར་ཁྱམས་ནས་གང་འདོད་དུ་མཆིལ་མ་འཕེན་པ། སློབ་གྲྭའི་སྐྱེད་མོས་ཚལ་དང་གླིང་ག་ནས་ལམ་བུ་མི་བརྒྱུད་པར་རང་དགར་བགྲོད་པ་ལ་སོགས་པའི་ངན་སྤྱོད་འདི་དག་གཞུང་གི་སྤྱོད་ལམ་དང་མཐུན་སྣང་དུ་གྲུབ་མི་ཐུབ། རྒྱལ་དམངས་གཞུང་གི་སྤྱོད་ལམ་གྱི་བཟང་ངན་དེ། སྤྱི་པའི་རྒྱུ་རྫས་དང་ནོམ་པ་གཅེས་སུ་འཛིན་མིན་ལ་རག་ལས་ཤིང་།
དེའང་ཕྱི་ནས་བལྟས་ན་འབྲེལ་བ་དམ་པོ་མེད་པར་སྙམ་མོད། 
རྒྱལ་དམངས་གཞུང་གི་སྤྱོད་ལམ་གྱི་བཟང་ངན་ཡོངས་སུ་མཚོན་ཐུབ་པས་སྣང་མེད་དུ་འཇོག་མི་རུང་ངོ་།། དེ་བས་ཚའེ་ཡོན་ཕེ་ཡི་འདོད་པ་ནི་མི་བུ་སུ་ཞིག་ཡིན་རུང་གཞུང་སྒེར་གཉིས་ཀའི་སྤྱོད་པ་གཙིགས་སུ་བཟུང་ནས། སྤྱོད་ལམ་གཉིས་ལྡན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་སྒྱུར་བྱ་རྒྱུ་ནི་ཀུན་སྤྱོད་སློབ་གསོའི་དམིགས་འབེན་གཙོ་བོ་ཞིག་ཡིན་པར་བསམ་པའོ།།

གཉིས་པ། ཀུན་སྤྱོད་སློབ་གསོས་རྒྱལ་ཁབ་ཀྱི་འབངས་མི་བཟང་བོ་སྐྱེད་སྲིང་བྱེད་པ།

ཚའེ་ཡོན་ཕེ་ཡིས་བསམ་པ་ལྟར་ན། ཕ་མ་ལ་རང་གི་བུ་བུ་མོར་སློབ་གསོ་གཏོང་བ་དང་རྒྱལ་ཁབ་ལ་སྟོབས་ཤུགས་འབུལ་བའི་འོས་འགན་ཡོད་དེ། རང་གི་སྟོབས་ཤུགས་ཡོད་རྒུས་བྱིས་པར་སློབ་གསོ་ལེགས་པོ་བཏང་ནས། བྱིས་པ་ནར་སོན་ན་རང་རྐྱ་ཐུབ་ཅིང་། ལས་དོན་ལེགས་པོ་འཁྱོངས་ཐུབ་པ་བྱ་རྒྱུ་ནི་ཕ་མའི་སྤྱིར་བཏང་གི་འགན་འཁུར་ཡིན། གཞན་དུ་ན་བློ་མཛངས་ཤིང་འཇོན་ཐང་ཆེ་བ། རྒྱལ་ཁབ་ལ་སྟོབས་ཤུགས་འབུལ་ཐུབ་པར་འཁྱོངས་པ་ནི་ཕ་མའི་འགན་འཁྲི་གཞན་པ་ཞིག་ཡིན། འོ་ན་བྱིས་པར་སློབ་གསོ་གཏོང་བའི་དམིགས་འབེན་གཙོ་བོ་ཅི་ཡིན་ཞེ་ན། ཚའེ་ཡོན་ཕེ་ནས་འདི་ལྟར་གསུངས་ཏེ། བྱིས་པར་སློབ་གསོ་གཏོང་མཁས་པོ་ཞིག་ཡིན་ན། བྱིས་པས་རང་གི་ལས་ཀ་ཁུར་དུ་མི་བསམ་རྒྱན་དུ་བསམ་ཞིང་། ལས་གནས་སྟེང་ནས་བརྩོན་པ་བསྐྱེད་པ། རང་གི་བློ་རིག་པས་བྱ་བའི་གནས་ལུགས་དང་བདེན་རྫུན་གྱི་བརྡར་ཤ་གཅོད་ཐུབ་པ། རང་ཉིད་ལ་འཛོམས་པའི་འཇོན་ཐང་གིས་འཚོ་བ་སྒྲུབ་པ་སོགས་མདོར་ན་སྤྱོད་པའི་ཕྱོགས་ནས་རྒྱལ་ཁབ་ཀྱི་འབངས་མི་བཟང་བོ་ཞིག་འཁྱོངས་ཐུབ་པར་སློབ་གསོ་གཏོང་ཐུབ་ན་ཐལ་མོ་བྲང་ལ་སྦྱར་ནས་ཡི་རངས་བྱེད་ཆོག་ཆོག་ཡིན། དེ་བས་ཁྱིམ་བདག་གིས་རང་གི་བྱིས་པར་སློབ་གསོ་གཏོང་བའི་དམིགས་འབེན་གཙོ་བོའང་རྒྱལ་ཁབ་ཀྱི་འབངས་མི་བཟང་བོ་ཞིག་ཏུ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་ནོ།། དུས་རྒྱུན་གྱི་འཚོ་བའི་ནང་ཁྱིམ་བདག་ལ་འུ་ཅག་གིས་སྒྲ་ཡངས་འཇུག་གི་སློབ་གསོ་པར་འབོད་པས། ཁྱིམ་བདག་གིས་ཀྱང་ཐབས་ཤེས་སྣ་ཚོགས་བརྒྱུད་དེ་རང་གི་བྱིས་པ་རྒྱལ་ཁབ་ཀྱི་འབངས་མི་བཟང་བོ་ཞིག་ཏུ་བསྒྱུར་རྒྱུ་ལ་གང་ཐུབ་ཅི་ཐུབ་ཀྱིས་འབད་དགོས། གཞན་དུ་ན་སྒྲ་དོག་འཇུག་གི་མཚན་བཞེས་པའི་དགེ་རྒན་གྱིས་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་བའི་དགོས་པའང་གོང་ལས་མ་འདས་ཏེ། མདོར་ན། ཀུན་སྤྱོད་སློབ་གསོའི་དམིགས་འབེན་ནི་བྱིས་པའམ་སློབ་མ་དེ་ཉིད་རྒྱལ་ཁབ་ཀྱི་འབངས་མི་བཟང་བོ་ཞིག་ཏུ་སྐྱེད་སྲིང་བྱ་བར་འབད་དེ། མཐར་བསམ་བློ་དང་ཆབ་སྲིད། ཀུན་སྤྱོད་བཅས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་སྐས་རིམ་གསར་བ་ཞིག་ཏུ་བསྙེག་རྒྱུ་ཤིན་ཏུ་གལ་ཆེ་བའོ།།

གསུམ་པ། ཀུན་སྤྱོད་སློབ་གསོས་གོམས་གཤིས་བཟང་བོ་འཛོམས་པའི་མི་སྣ་སྐྱེད་སྲིང་བྱ་ཐུབ།

ཚའེ་ཡོན་ཕེ་ནས་མི་ཞིག་གི་གོམས་གཤིས་དེ་ཉིད་ཤིན་ཏུ་གཙིགས་ཆེན་དུ་མཛད་དེ། ཁོང་གིས་གསུངས་རྒྱུར། གོམས་གཤིས་ཟེར་བ་ནི་མི་ཞིག་གི་རང་གཤིས་དང་འབྲེལ་བ་ཆེན་པོ་ཡོད་ཅིང་། དེའང་གྲོགས་པོ་ཞིག་དང་མཚུངས་པར་རང་གི་གཤིས་རྒྱུད་ལ་ངང་ངམ་ཤུགས་ཀྱིས་ནུས་པ་འདོན་བཞིན་མཆིས། མི་ཡི་བསམ་པ་ནི་སྐད་ཅིག་ཉིད་དུ་འགྱུར་བ་ཆེ་ཞིང་། དཔེར་ན། སྨྱུ་གུ་བཟུང་ན་དཔེ་གཞུང་དྲན་པ་དང་། རོལ་ཆ་བཟུང་ན་དཀྲོལ་པར་འདོད་པའི་གོམས་གཤིས་འཇགས་པ་ནང་བཞིན། དུས་རྒྱུན་དུ་ཉེ་འཁོར་ན་སྣང་བའི་དངོས་པོ་དེ་དག་གིས་ཤེས་མེད་ཚོར་མེད་ངང་ནས་འུ་ཅག་ལ་ཤན་ཤུགས་ཐེབས་ཀྱིན་ཡོད་པའི་ཕྱིར་ན་གོམས་གཤིས་ལ་དོ་སྣང་ཆེན་པོ་མཛད་ན་ཤིན་ཏུ་ལེགས་སོ།། འདི་ལས་ང་ཚོས་གོམས་གཤིས་ཀྱིས་མི་བུ་ཞིག་གི་ནར་སོན་པའི་གོ་རིམ་དུ་ཐོན་པའི་ནུས་པ་གལ་ཆེན་དེ་རྟོགས་ཐུབ་ཅིང་། བྱེ་བྲག་ཏུ་ཀུན་སྤྱོད་གོམས་སྲོལ་གྱིས་མི་ཞིག་གི་སྤྱོད་ལམ་ལ་ཤན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད། སྤྱོད་ལམ་བཟང་བོ་ལྡན་པའི་མི་ཞིག་ཡིན་ཚེ། རང་གི་བྱ་བྱེད་དང་འགྲོ་འདུག་སྤྱོད་གསུམ་ལ་བདག་བྱེད་ཐུབ་ཅིང་།
དུས་རྒྱུན་གྱི་འཚོ་བའི་ནང་རང་གི་རྩ་དོན་དང་ཚད་གཞི་བརྟན་པོ་ལ་གཞིགས་ནས་བྱ་བ་གཉེར་བཞིན་ཡོད་ཅིང་། དེ་ལྟར་ཡུན་རིང་བོར་འགོར་ན་གོམས་གཤིས་ངེས་ཅན་ཆགས་ཐུབ། སྤྱོད་ལམ་ཐད་ནས་གོམས་གཤིས་བཟང་བོ་ལྡན་པའི་མི་ཞིག་ཡིན་ཚེ། ད་གཟོད་ཀུན་གྱིས་བཀུར་སྟི་དང་བསྟོད་བསྔགས་ཀྱི་ཐལ་མོ་བརྡབ་ངེས་ཡིན། དེས་ན་མི་ཞིག་ལ་གོམས་གཤིས་བཟང་བོ་ཇི་ལྟར་འཛོམ་དགོས་ཤེ་ན། ཐོག་མར་དགེ་རྒན་གྱིས་བཏང་བའི་སློབ་གསོ་ལ་རག་ལས་ཆེན་པོ་ཡོད་དེ། སྤྱོད་ལམ་གྱི་གོམས་གཤིས་བཟང་བོ་སྐྱེད་སྲིང་བྱ་དགོས་ན་ཐོག་མར་ཀུན་སྤྱོད་ཀྱི་དམིགས་འབེན་གསལ་བོར་རྟོགས་དགོས་ཤིང་། ཚའེ་ཡོན་ཕེ་ཡིས་སྐྱེས་བུ་ཞིག་གི་ཀུན་སྤྱོད་ཀྱི་དམིགས་འབེན་ནི་སྐྱེས་བུ་གང་དེ་ཉིད་བདེན་ལུགས་བརྩི་ཞིང་། སྙིང་སྟོབས་ཆེ་བ། བརྩོན་འགྲུས་ལྡན་ཞིང་བཟོད་བསྲན་ཆེ་བ་ཞིག་ཏུ་འཁྱོངས་པར་འབད་པ་དེ་ཡིན་ལ། དེ་དག་ཀྱང་གོམས་གཤིས་དང་ཁ་འབྲལ་ཐབས་ཡེ་ནས་མེད་པའོ།། ཞེས་གསུངས། ཁོང་ཉིད་ཀྱིས་ཀུན་སྤྱོད་ཀྱི་དམིགས་ཡུལ་གསལ་བོར་བསྟན་པ་དེས་འུ་ཅག་ལ་གོམས་གཤིས་བཟང་བོ་ཞིག་སྐྱེད་སྲིང་བྱ་བར་ཁ་ཕྱོགས་ངེས་ཅན་ཞིག་བསྟན་ཡོད་དེ། ཁོང་གི་འདོད་པ་ལྟར་གོམས་གཤིས་བཟང་བོ་ཞིག་སྐྱེད་སྲིང་བྱ་དགོས་ན་བྱ་བ་ཕྲན་ཚེགས་ནས་འབད་པ་གནང་དགོས་ཏེ། ཆུ་ཐིགས་བསགས་ནས་རྒྱ་མཚོ་གྲུབ་པ་ནང་བཞིན་གོམས་གཤིས་ཟེར་བ་དེའང་དོན་དག་ཕྲན་བུ་ནས་མགོ་བརྩམ་དགོས། ཞེས་པ་ལྟར། རྟག་ཏུ་བྱ་བ་ཆུང་ཆུང་ནས་མགོ་ཚུགས་ཏེ་གོམས་གཤིས་བཟང་བོ་ཆགས་ཅི་ཐུབ་བྱ་དགོས། གཞན་ཁོང་གི་འདོད་ཚུལ་ལ། གུས་ལུགས་ཀྱིས་གོམས་གཤིས་བཟང་བོ་བསྐྱེད་ཐུབ་སྟེ། གུས་ལུགས་ནི་འབྲེལ་འདྲིས་ཀྱི་དགོས་མཁོ་ཁྲོད་ནས་བྱུང་བ་ཡིན་མོད། གུས་ལུགས་མཛེས་པོ་ཞིག་ལྡན་ན་གོམས་གཤིས་བཟང་བོ་ཞིག་ཆགས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་དེ། ཁུང་ཙི་ཡིས་དུས་རྒྱུན་དུ་སློབ་མ་དག་ལ་གུས་ལུགས་བཟང་བོ་དང་བག་ཡོད་ཚུལ་ལྡན་ངང་ནས་སློབ་གཉེར་བྱ་བར་གདམས་པ་ཡིན། དེས་ན་སློབ་གསོ་གཉེར་པ་པོ་གང་གིས་དུས་རྟག་ཏུ་སློབ་བུ་རྣམས་ལ་གུས་ལུགས་ཀྱི་ཤེས་བྱ་བུམ་པ་གང་བྱོའི་ཚུལ་གྱིས་གནང་དགོས་པ་དང་། གུས་ལུགས་བཟང་བོས་སློབ་བུ་རང་རང་གི་སྤྱོད་པ་དེ་ཉིད་ཡ་རབས་ཀྱི་ཕྱོགས་སུ་བསྐུལ་དགོས།

བཞི་བ། ཀུན་སྤྱོད་སློབ་གསོས་རང་དབང་ལ་མོས་པ་དང་། འདྲ་མཉམ་དུ་ལྟ་ཞིང་བྱམས་སེམས་ཆེ་བའི་མི་སྣ་སྐྱེད་སྲིང་བྱེད་པ།

ཚའེ་ཡོན་ཕེ་ཡིས་ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་རང་དབང་དང་། འདྲ་མཉམ། བྱམས་སེམས་ཀྱིས་གཏམས་པའི་དམངས་གཙོའི་བསམ་བློ་དང་སྤྱོད་པའི་འདུ་ཤེས་ལ་དང་དོད་ཆེན་པོ་གནང་ཞིང་། སྤྱི་ལོ1912ལོའི་ཟླ2པའི་ཚེས8ཉིན་ཁོང་གིས་སྤེལ་བའི་རྩོམ་ཡིག《སློབ་གསོ་གསར་བར་བཏོན་པའི་བསམ་འཆར》ཞེས་པའི་ནང་དུ་འདི་ལྟར་བརྗོད་ཡོད་དེ། སྤྱི་འབངས་ཀྱི་ཀུན་སྤྱོད་ཟེར་བ་ནི། ཧྥ་རན་སེའི་གསར་བརྗེའི་ཁྲོད་དུ་བཏོན་པའི་འབོད་ཚིག་ཇི་བཞིན་རང་དབང་དང་། འདྲ་མཉམ། བྱམས་སེམས་བཅས་དང་འབྲེལ་བ་དམ་པོ་མཆིས་ཏེ། ཀུན་སྤྱོད་ཀྱི་རྩ་བའང་གནད་འདི་ལ་ཐུག་ཡོད། སྤྱི་ལོ1916ལོའི་ཟླ3པའི་ཚེས29ཉིན། ཁོང་གི་གཏམ་བཤད《སློབ་གསོ་ཚོགས་པའི་དགའ་མགུ》ཞེས་པའི་ནང་དུ། ཧྥ་རན་སེ་རྒྱལ་ཁབ་དེ་གསར་བརྗེ་བྱས་པ་ནས་བཟུང་། རང་དབང་དང་འདྲ་མཉམ། བྱམས་སེམས་གསུམ་པོ་ཀུན་སྤྱོད་ཀྱི་དགོངས་པ་དང་རྩ་བར་བཟུང་ཡོད་ཅིང་། རིང་ལུགས་དེ་དག་ས་ཕྱོགས་སོ་སོར་མུ་ནས་མུར་ཁྱབ་བཞིན་ཡོད། སྤྱི་ལོ1917ལོའི་ཟླ7པའི་ཚེས15ཉིན། ཁོང་གིས་པེ་ཅིན་དུ་གཏམ་བཤད་འདི་འདྲ་ཞིག་གནང་བྱུང་། ཀུན་སྤྱོད་ཀྱི་རྩ་བ་དེའང་མདོར་ན་རང་དབང་དང་། འདྲ་མཉམ། བྱམས་སེམས་བཅས་ལ་ཐུག་ཡོད། ཅེས་སོ།། དེ་ནས་སྤྱི་ལོ1918ལོའི་ཟླ1པའི་ཚེས5ཉིན་ལ་ཁོང་ཉིད་ཀྱིས་པོ་ཏིང་སློབ་གྲྭ་ནས་གཏམ་བཤད་འདི་འདྲ་གནང་བྱུང་།
        ཧྥ་རན་སེའི་གསར་བརྗེ་ནས་བཟུང་། ཤིན་ཏུ་རྒྱུགས་ཆེ་བའི་ཐ་སྙད་གསུམ་གང་ས་གང་ནས་མཐོང་ཐུབ་སྟེ། དེ་དག་ནི་རང་དབང་དང་། འདྲ་མཉམ། བྱམས་སེམས་བཅས་ཡིན་ལ། དེ་དག་གིས་ཀུན་སྤྱོད་ཅེས་པ་རྩ་བ་ནས་ཚབ་བྱེད་མི་ཐུབ་མོད་རང་གི་རིག་གནས་དང་སྦྲགས་ནས་གླེང་ན་དོན་སྙིང་ཆེན་པོ་ལྡན་པས། རང་ཅག་གི་ཀུན་སྤྱོད་ཀྱི་དགོངས་པར་འཇོག་ཆོག་ཆོག་ཡིན།ཞེས་པ་ལྟར། ཚའེ་ཡོན་ཕེ་ཡིས་ཀུན་སྤྱོད་སློབ་གསོའི་གཞུང་ལུགས་སྟེང་ནས་རང་དབང་དང་། འདྲ་མཉམ། བྱམས་སེམས་བཅས་ལ་དང་དོད་བྱས་ཤིང་། ལག་ལེན་ནང་དུའང་འདུ་ཤེས་དང་བསམ་བློ་འདི་འདྲ་ལ་གཙིགས་ཆེན་གནང་དགོས་པར་འདོད་དོ།། ཁོང་ཉིད་ཀྱི་འདོད་པ་ལ། སྲིད་པའི་འཁོར་བའི་ནང་དུ་ནད་ཡམས་སོགས་པས་འཚེ་བའི་མི་བུ་དག་གི་སྡུག་བསྔལ་རང་གི་སྙིང་ཁོང་དུ་བསྒོམ་ནས་སྟོབས་ཤུགས་རྩལ་སྤྲུགས་ཀྱིས་རོགས་སྐྱོར་གནང་བ་ནི་ཤིན་ཏུ་སྤྲོ་བའི་ལས་སོ།། དེ་བས་འོ་སྐོལ་མི་བུ་རེ་རེར་གཞན་ལ་གཅེས་པའི་བྱམས་སེམས་ཡོད་དགོས་ཏེ། བྱམས་སེམས་ལྡན་ན་བཟའ་མི་འཆམ་ལ་སྤྱི་ཚོགས་བདེ་ཞིང་སྐྱིད་ཅེས་པ་ལྟར་ང་ཚོ་ཚང་མས་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་བརྩིས་ན། ཁྱིམ་ཚང་ནང་ནས་ཕ་བུ་མཐུན་ཞིང་ཕུ་ནུ་འཆམ། བཟའ་ཟླ་ཕན་ཚུན་དབར་དུ་ཞེ་འདང་ཡོད། སྤྱི་ཚོགས་ནས་ཀྱང་རྩོད་གཞི་མེད་ལ་རྙོག་འཛིང་མེད། དབུལ་ཕྱུག་སྙོམས་ཞིང་རིགས་རུས་མཉམ། དེ་བཞིན་དུ་རྒན་པ་དང་བྱིས་པ། དབང་བོ་སྐྱོན་ཅན་ཚང་མ་སྙོར་མཁན་དང་གསོ་མཁན་ཡོད་དེ། སྤྱི་ཚོགས་ལ་རྣམ་པ་གསར་བ་དེ་འདྲ་བྱུང་ན་དབྱར་གསུམ་ལ་བསིལ་རླུང་ལྡང་བ་ནང་བཞིན་ཇི་འདྲའི་སྐྱིད་པ་ལའང་། གལ་ཏེ་མི་ལ་བྱམས་སེམས་མེད་ན། རང་ཉིད་ཀྱི་སྤྱོད་པར་གནོད་པ་མ་ཟད་གཞན་གྱི་སེམས་པ་ལའང་གཙེས། ཁོང་གིས་གསུངས་དོན། རང་གི་རྒྱུད་དུ་བྱམས་སེམས་ཀྱི་ས་བོན་མེད་པར་གཞན་ཕན་གྱི་དགེ་བའི་ལས་ལ་ལད་ཟློས་ཙམ་དང་།
སྙན་གྲགས་སྐམ་པོ་གཉེར་བ་ན། སྦྱིན་པའི་ནོར་རྫས་མང་ནའང་རིན་ཐང་ཅི་ཡང་མེད་པར། ཀུན་སློང་རྣམ་དག་གིས་སྦྱིན་པ་གཉེར་མཁན་དག་ལ་ནམ་ཡང་བསྒྲུན་མི་ནུས་སོ།།
ཞེས་པ་འདི་ལས་ང་ཚོས་ཁོང་གིས་ཀུན་སྤྱོད་སློབ་གསོའི་ལམ་བུ་ལ་བརྟེན་ནས་བྱམས་སེམས་ཅན་གྱི་སྤྱི་ཚོགས་ཤིག་འཛུགས་འདོད་པ་དེ་རྟོགས་ཐུབ།

མདོར་ན་ཁོང་གིས་ཀུན་སྤྱོད་སློབ་གསོའི་དམིགས་འབེན་ནི་རང་དབང་ལ་མོས་པ་དང་། ཕན་ཚུན་ལ་འདྲ་མཉམ་དུ་བལྟ་བ། བྱམས་སེམས་ཀྱིས་གཏམས་པའི་མི་བུ་སྐྱེད་སྲིང་བྱེད་པ་དེ་ཡིན་ལ། དེ་ལྟར་མི་སྒེར་གྱི་བློ་ཁ་ཇེ་མཐོར་སོང་ན། སྤྱི་ཚོགས་ལ་དགེ་ཞིང་རྒྱལ་ཁབ་ལའང་ཕན་པའོ།།

མཆན།

①②③④⑤⑥⑦⑧⑨⑩ཚའེ་ཡོན་ཕེའི་གསུང་འབུམ》 པོད་གཉིས་པ། ཀྲུང་གོའི་ཚའེ་ཡོན་ཕེ་ཞིབ་འཇུག་ཚོགས་པས་བསྒྲིགས་ཤིང་། སྤྱི་ལོ༡༩༩༧ལོར་ཀྲེ་ཅང་སློབ་གསོ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའོ།། P29 P45P65 P87 P24ནསP245 P121 P31ནསP39 P67P35 P45 P87 P76 P84




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1