འཛམ་གླིང་ན་མིང་དུ་གྲགས་པའི་སློབ་གྲྭ་ཆེན་མོ ——པའོ་ཧྲི་ཏུན་སློབ་ཆེན།

ཐོས་ཡངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18


པའོ་ཧྲི་ཏུན་སློབ་ཆེན་ནི། ཨ་མེ་རི་ཁའི་མཱ་ས་ཀྲུའུ་སེ་ཁུལ་གྱི་གྲོང་ཁྱེར་པའོ་ཧྲི་ཏུན་ན་ཆགས་ཡོད་པ་རེད། སྤྱི་ལོ1839ལོར་བཙུགས་པ་དང་ཆོས་ལུགས་གྲུབ་མཐའ་གང་ལའང་མི་གཏོགས་པའི་སྒེར་གཉེར་སློབ་ཆེན་ཞིག་ཡིན། ད་ལྟའི་ཨ་རིའི་མིང་གྲགས་ཅན་གྱི་སྒེར་གཉེར་སློབ་ཆེན་ཡང་ཡིན། སློབ་གྲྭ་འདི་ཐོག་མར་ཧྥོ་མོང་ཐེ་ཁུལ་དུ་བཙུགས་ཤིང་། ཝེ་ལིས་ཀོང་ཆོས་ཚོགས་གྲུབ་མཐའི་ལྷ་རིག་པའི་སློབ་གླིང་ཞིག་ཡིན། སྤྱིི་ལོ1847ལོར་ཞིན་ཧན་ཨར་པུ་ཧྲིར་ཁུལ་གྱི་གྲོང་ཁྱེར་ཞའེ་ཧོ་རུ་གནས་སྤར་བ་དང་། སྤྱི་ལོ1867ལོར་སླར་ཡང་མཱ་ས་ཀྲུའུ་སེ་ཁུལ་གྱི་པུ་ལུའུ་ཁེ་ལན་ལ་སྤར་བ་རེད། སྤྱི་ལོ1939ལོ་ནས1948ལོའི་ནང་དུ་ད་ལྟའི་སློབ་ཁུལ་ཏེ་ཁྲའར་ཧྲི་གཙང་བོའི་འགྲམ་དུ་གནས་སྤར་བ་རེད། སློབ་ཆེན་འདིའི་ས་ཆ་ནི་དབྱིན་ཀོ་ལན་གསར་བའི་ས་ཁུལ་དུ་གཏོགས་པ་དང་། དེ་ནི་རང་བཙན་གསར་བརྗེའི་འབྱུང་གནས་ཡིན་ལ། ཡོ་རོབ་ཆོས་སྤེལ་མཁན་མེ་གླིང་ལ་ཐོག་མ་སླེབས་སའི་གནས་ཀྱང་ཡིན་པ་རེད། ས་ཁུལ་འདི་ལ་ཧཱ་ཧྥོ་སློབ་ཆེན་དང་མཱ་ཧྲིན་དངོས་བཟོ་སློབ་ཆེན་སོགས་སློབ་ཆེན་དང་སློབ་གླིང56འཛོམས་ཡོད། སློབ་ཆེན་འདི་མཛེས་སྡུག་ལྡན་པའི་ཁྲའར་ཧྲི་གཙང་བོའི་འགྲམ་དུ་ཆགས་ཡོད་པ་མ་ཟད། པའོ་ཧྲི་ཏུན་གྲོང་ཁྱེར་གྱི་ལྟེ་བ་ཡིན་པས། སྟབས་བདེ་བའི་འགྲིམ་འགྲུལ་འཛོམས་པ་དང་། གནའ་བོའི་ལོ་རྒྱུས་ཀྱི་ཤུལ་བཞག་ཡོད་པ། ལྷག་པར་དུ་ལོ་རྒྱུས་རིང་བའི་རིག་གཞུང་ཞིབ་འཇུག་གི་ཕྱག་ལེན་དང་སྒྱུ་རྩལ་རིག་གནས་ཀྱིས་ཕྱུག་པས། མིང་དུ་གྲགས་པའི་སྒྱུ་རྩལ་པ་དང་རིག་གནས་ཞིབ་འཇུག་མཁས་པ་འགུག་བཞིན་ཡོད། ད་དུང་དབེན་ཞིང་ཉམས་དགའ་བའི་སློབ་སྦྱོང་གི་ཁོ་ར་ཁོར་ཡུག་གིས་པའོ་ཧྲི་ཏུན་སློབ་ཆེན་གྱི་ཕུལ་བྱུང་སློབ་གཉེར་པ་མང་པོ་སྐྱེད་སྲིང་བྱས་ཡོད། དེ་བས་པའོ་ཧྲི་ཏུན་སློབ་ཆེན་ལ་ཨ་རི་ཡོངས་སུསློབ་མའི་ལྷ་ཡུལཞེས་བསྟོད་པའི་མེ་ཏོག་འཐོར། སློབ་ཆེན་ལ་མིག་སྔར་སློབ་གྲྭར་ཡོད་པའི་སློབ་མ30000ལྷག་ཡོད་པ་དང་།
སློབ་ཆེན་རིམ་པ་དང་ཞིབ་འཇུག་སློབ་མའི་མི་གྲངས་ཀྱིས་ཕྱེད་ཕྱེད་ཟིན་པ་རེད། རྒྱལ་སྤྱིའི་སློབ་མའི་གྲངས་ཀའི་བསྡུར་ཚད་ནི་ལོ་བསྟུད་མར་ཨ་རི་ཡོངས་ནས་རྩེ་གྲས་སུ་ཟིན།

པའོ་ཧྲི་ཏུན་སློབ་ཆེན་སློབ་ཁུལ་གྱི་བཀོད་པ་ལེགས་ཤིང་སྔོན་ཐོན་ཡིན་ལ། ཁྱད་པར་དུ་སྤྱི་ལོ1989ལོར་བཙུགས་པའི་སློབ་མ་རྐྱང་བའི་འཁོར་སྐྱོད་ཚོང་གཉེར་བྱེད་པའི་བརྙན་འཕྲིན་ས་ཚིགསBUTV10དང་། རླུང་འཕྲིན་ལྟེ་གནསWTBUདང་། སློབ་གྲྭའི་དུས་དེབBU TODAYབཅས་དང་། མགྲོན་ཁང་། སྒྲོག་སྤེལ་སློབ་གླིང་དང་མགྲོན་ཁང་སོགས་སློབ་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པ་རེད།

པའོ་ཧྲི་ཏུན་སློབ་ཆེན་ལ་ཆེས་ལེགས་པའི་དགེ་རྒན་དཔུང་སྡེ་དང་སྒྲིག་བཀོད་འཛོམས་པ་མ་ཟད། ད་དུང་ཆ་ཚང་བའི་བསླབ་བྱའི་སྡེ་ཁག་ཀྱང་འཛོམས། སློབ་གྲྭར་སློབ་གླིང་བཅུ་བདུན་ཡོད་དེ།

པའོ་ཧྲི་ཏུན་སློབ་ཆེན་སྒྲོག་སྤེལ་སློབ་གླིང་དང་།
སྒྱུ་རྩལ་སློབ་གླིང་། སློབ་གསོ་སློབ་གླིང་། སོ་ནད་སྨན་བཅོས་སློབ་གླིང་། བཟོ་པའི་སློབ་གླིང་། ཁྲིམས་ལུགས་སློབ་གླིང་། རིག་ཚན་དངོས་ཚན་སློབ་གླིང་། ཁའེ་སི་ཐེ་ལའོ་མུའུ་ཚོང་དོན་སློབ་གླིང་། གསོ་རིག་སློབ་གླིང་།
གྲོང་ཁྱེར་ཆེན་པོའི་སློབ་གླིང་། སྤྱི་པའི་འཕྲོད་བསྟེན་སློབ་གླིང་། སྤྱི་ཚོགས་བྱ་བའི་སློབ་གླིང་སོགས་ཡོད་ལ། སྤྱི་བསྡོམས་པས་བསླབ་བྱའི་སྡེ་ཚན་ཉིས་བརྒྱ་ལྔ་བཅུ་ལྷག་འདུས་པ་སྟེ། རིག་སྣ་ཀུན་འཛོམས་ཀྱི་མ་ལག་ཆ་ཚང་བའི་སློབ་ཆེན་ཞིག་ཡིན་ནོ།། དེའི་ཁྲོད། གྲོང་ཁྱེར་ཆེན་མོའི་སློབ་གླིང་ནི་པའོ་ཧྲི་ཏུན་སློབ་ཆེན་གྱི་ཆེས་ཁྱད་ཆོས་ལྡན་པ་ཞིག་སྟེ། ཆེད་དུ་སྤྱི་ཚོགས་མི་སྣ་ལ་ལས་སྡོད་གསོ་སྦྱོང་གི་གོ་སྐབས་སྤྲོད་ཀྱིན་ཡོད་དོ།།

པའོ་ཧྲི་ཏུན་སློབ་ཆེན་གྱི་ཆེས་མིང་དུ་གྲགས་པ་ནི་ཕྱི་འགྲིམ་སློབ་གཉེར(Study Abroad)གྱི་འཆར་གཞི་ཡིན་པ་རེད། ལོ་རེར་སློབ་མ་མང་པོ་སི་ཕེན་རྒྱལ་ཁབ་ཏུ་སློབ་གཉེར་ལ་འགྲོ་བའི་གོ་སྐབས་ཡོད་པ་དང་། དབྱི་སི་རལ། པ་ཞི། ལོན་ཏོན། ཕ་རི་སི། ཞིས་ཉེ། ཧྲང་ཧེ། ལའོ་ཧྲན་ཅི། ནེའུ་ཡའོ། ཝ་ཧྲིང་ཐོན་སོགས་ནས་སློབ་སྦྱོང་དང་དངོས་སྦྱོང་བྱས་ཆོག་པ་དང་། ས་གནས་དེ་གའི་ཆེས་གྲུབ་འབྲས་མངོན་གསལ་ཡིན་པའི་ཆེད་ལས་ཤེས་བྱའང་སྦྱང་ཆོག་གོ།

པའོ་ཧྲི་ཏུན་སློབ་ཆེན་གྱི་སློབ་ཚན་བཀོད་སྒྲིག་ལའང་ཁྱད་ཆོས་ལྷག་པར་ལྡན་ཏེ། སློབ་གླིང་ཡོངས་ཀྱི་སློབ་གྲོགས་ཕལ་ཆེ་བ་ཆེད་ལས་མ་སྦྱང་བའི་སྔོན་དུ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག མི་ཆོས་བསླབ་ཚན་སློབ་གཉེར་བྱེད་ཀྱིན་ཡོད། སློབ་གྲོགས་རྣམས་ཀྱིས་གཏིང་ཟབ་པའི་བསམ་གཞིགས་གཏོང་བ་དང་། རྗེས་ཀྱི་འཚོ་བའམ་བྱ་བར་དགའ་མོས་འབྱུང་བ་གསོ་སྐྱོང་གི་རོགས་རམ་སྤྲོད་ཀྱིན་ཡོད།

པའོ་ཧྲི་ཏུན་སློབ་ཆེན་གྱིས་སློབ་ཁྲིད་ཆེ་བ་དང་སློབ་ཁྲིད་ཆུང་བ་ཟུང་འབྲེལ་གང་ལེགས་བྱེད་པ་སྟེ། སྤྱིར་ཅུང་སླ་བའི་རྨང་གཞིའི་སློབ་ཁྲིད་ལ་སློབ་ཁྲིད་ཆེ་བའི་རྣམ་པ་སྤྱོད་པ་དང་། མི་བཅུ་ཕྲག་ལྷག་གི་འཆད་ཁྲིད་ལ་དགེ་རྒན་གྱིས་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་དང་།
མི་བཅུ་ལྷག་གི་བགྲོ་གླེང་སྟེང་འཁྲིད་རོགས་པས་ཤེས་བྱའི་གཙོ་གནད་བསྐྱར་སྦྱོང་དང་དྲི་བར་ལན་འདེབས་པ་ཡིན། མཐོ་རིམ་སློབ་ཁྲིད་དང་ཆེད་ལས་སློབ་ཁྲིད་ཕལ་ཆེ་བ་མི་བཅུ་ལྷག་གི་སློབ་ཁྲིད་ཆུང་བ་ཡིན། སློབ་ཁྲིད་ཆུང་བའི་ནང་སློབ་གྲོགས་རྣམས་ཀྱིས་ཕུལ་དུ་བྱུང་བའི་སློབ་ཁྲིད་ཀྱི་ཚོར་བ་མྱོང་ཐུབ་བོ།།

སློབ་ཆེན་འདི་ལ་གོ་ལའི་ཁྱོན་ན་རིག་གཞུང་ཞིབ་འཇུག་གི་སྙན་པའི་གྲགས་པ་འབར། ད་བར་དུ་འཛམ་གླིང་སློབ་ཆེན་ཕུལ་བྱུང་བརྒྱའི་གྲས་དང་བྱང་ཨ་རིའི་ཨང་རིམ50ནང་ཚུད་ཡོད། སྤྱི་ལོ2016ལོའི་ཨ་རིའི་གསར་འགྱུར་ཁྲོད་འཛམ་གླིང་གི་ཨང་རིམ32པ་ཡིན།

པའོ་ཧྲི་ཏུན་སློབ་ཆེན་ལ་སྤྱི་ལོ2012ལོར་ཨ་རིའི་སློབ་ཆེན་མཐུན་ཚོགས(བྱང་ཨ་རིའི་ཆེས་རྩེ་གྲས་ཀྱི་སློབ་ཆེན62ཡོད) ཁོངས་ཞུགས་སློབ་ཆེན་དུ་གྱུར།པའོ་ཧྲི་ཏུན་ཁྱི་ཆུངཞེས་འབོད། (གཅེས་ཁྱིTerrierནི་སློབ་གྲྭ་འདི་མཚོན་བྱེད་ཅིག་ཏུ་གྱུར་ཡོད)2013ལོར། པའོ་ཧྲི་ཏུན་སློབ་ཆེན་ནི་རྒྱལ་གཅེས་པའི་མནའ་འབྲེལ(ཁྲང་ཁྲོན་ཐིན་མནའ་འབྲེལ་དང་མཉམ་པ་ཡིན)གྱི་ཁོངས་ཞུགས་སློབ་ཆེན་དུ་གྱུར་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1