《རྒྱལ་པོ་ནོར་བཟང་གི་སྐྱེས་རབས》དང《ནོར་བཟང་གི་རྣམ་ཐར》གཉིས་བསྡུར་ཏེ་དཔྱད་པ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་། སངས་རྒྱས་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18


[གནད་བཏུས] རྩོམ་འདིར་སྐྱེས་རབས་རྣམ་ཐར་འདི་གཉིས་ཀྱི་བརྗོད་བྱ་དང་། སྒྲིག་གཞི། རྗོད་བྱེད་ཚིག་སྦྱོར་བཅས་ཀྱི་འབྲེལ་བ་དང་ཁྱད་པར་ཅུང་ཟད་བརྗོད་ཡོད།

[གནད་ཚིག] སྐྱེས་རབས། རྣམ་ཐར། ནོར་བཟང་། བརྗོད་བྱ། སྒྲིག་གཞི། རྗོད་བྱེད།

དང་པོ། རྩོམ་ཁུངས་ངོ་སྤྲོད།

རྒྱལ་པོ་ནོར་བཟང་གི་སྐྱེས་རབས་ནི་སྟོན་པའི་འཁྲུངས་རབས་ཤིག་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་ཐོབ་པའི་སྐྱེས་རབས་ཤིག་ཡིན་པ་དང་། ནོར་བཟང་གི་རྣམ་ཐར་ནི་དུས་རབས་བཅུ་བདུན་པའི་སྟོད་ཙམ་ནས་དུས་རབས་བཅོ་བརྒྱད་པའི་སྐབས་སུ་གཙང་གི་དཔོན་ཆེན་སྡིངས་ཆེན་སྨྱོན་པ་ཚེ་རིང་དབང་འདུས་ཀྱིས་ཆོས་ཀྱི་རྒྱལ་པོ་ནོར་བུ་བཟང་པོའི་རྣམ་ཐར་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན།

གཉིས་པ། བརྗོད་དོན་དང་སྒྲིག་གཞིའི་ཁྱད་པར།

རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་སྔ་ལེན་པར་རྒྱལ་པོ་གཉིས་བྱུང་སྟེ། བྱང་ཕྱོགས་ཀྱི་སྔ་ལེན་དང་ལྷོ་ཕྱོགས་ཀྱི་སྔ་ལེན་པའོ། ། དེ་ལ་བྱང་ཕྱོགས་ཀྱི་སྔ་ལེན་པ་ནོར་ཅན་ཞེས་བྱ་བ་གྲོང་ཁྱེར་གླང་པོའི་ཁྱིམ་ཞེས་བྱ་བ་ན་འབྱོར་བ་དང་རྒྱས་པ་དང་བདེ་བ་དང་། ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འཐབ་པ་དང་། ཁྲག་ཁྲུག་དང་འགྱེད་པ་དང་ཆོམ་རྐུན་མེད་པ་ནད་རབ་ཏུ་ཞི་བར་གྱུར་པ་འབྲས་སཱ་ལུ་དང་། བུ་རམ་ཤིང་དང་བ་གླང་དང་།
མ་ཧེ་ཕུན་སུམ་ཚོགས་པ་ན་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་དང་། ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་འཇུག་གོ ། གྲོང་ཁྱེར་དེ་ཡང་མཚོ་ཆེན་པོ་ཨུཏྤལ་དང་ཀུ་མུ་ད་དང་། པད་མ་དཀར་པོས་གང་བ། ངང་བ་དང་ངུར་བ་དང་བྱ་ཀཱརནཌ་བས་མཛེས་པར་བྱས་པ་ཡིད་དུ་འོང་བ་ཡོད་དོ། ། མཚོ་དེ་ན་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཞེས་བྱ་བ་གནས་ཏེ། དེས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ས་གཞི་ལྷག་པར་ལོ་ཏོག་ཕུན་སུམ་ཚོགས་པར་གྱུར་ཏོ།། ཡུལ་ཡང་བཟའ་བ་དང་བཏུང་བ་ཤིན་ཏུ་མོད་ལ། འཇིག་རྟེན་ཡང་སྦྱིན་པ་དང་། མཆོད་པ་དང་བསྙེན་བཀུར་དང་ལྡན་པས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་ཡོང་བ་རྣམས་ལ་ཁ་ཟས་སྦྱིན་པར་བྱེད་དོ།། ལྷོ་ཕྱོགས་སྔ་ལེན་པའི་རྒྱལ་པོ་ནི་ཆོས་མ་ཡིན་པ་ལ་ལྷག་པར་གནས་པ། གཏུམ་པ། གཟི་ལུམས་ཅན། སྤྲོ་ཐུང་བ་ཞིག་ཡིན་པས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་ཅིང་ཆད་པ་དང་། རྡེག་པ་དང་། འཚོག་པ་དང་། གསོད་པ་དང་། འཛིན་པ་དང་། འཆིང་བ་དང་། སྐྲག་པ་སྣ་ཚོགས་ཀྱིས་ཡུལ་ན་གནས་པའི་སྐྱེ་བོ་རྣམས་ལ་རྟག་ཏུ་སྐྲག་པར་བྱེད་དོ།།

ལྷོ་ཕྱོགས་སྔ་ལེན་པའི་སྐྱེ་བོའི་ཚོགས་འཇིགས་ཏེ་བྱང་ཕྱོགས་སྔ་ལེན་པའི་ཡུལ་དུ་བྲོས་པས། ལྷོ་ཕྱོགས་སྔ་ལེན་པའི་གྲོང་རྡལ་དང་གྲོང་ཁྱེར་གང་ཡིན་པ་དག་སྟོང་བར་གྱུར། དེ་ནས་ལྷོ་ཕྱོགས་པས་བྱང་ཕྱོགས་ཀྱི་ཕུན་ཚོགས་དང་ཀླུའི་སྐྱེ་བ་སྣ་ཚོགས་པ་ཁུགས་པའི་ཐབས་སུ་སྦྲུལ་ཁས་སྡིགས་པ་བྱང་ཕྱོགས་པའི་མཚོ་ཁར་མངགས་ཀྱང་། བྱང་གི་རྔོན་པས་བསད་པ་དང་། རྔོན་པ་ཀླུའི་ཡུལ་དུ་སོང་ནས་རིན་པོ་ཆེ་སྣ་ཚོགས་བསྟབས་པ་ཁྱེར་ནས་ཡོང་བ་དང་། མཚོ་དེ་དང་ཧ་ཅང་མི་རིང་བའི་སར་དྲང་སྲོང་ཞིག་ཡོད་པ་དང་འཕྲལ། དྲང་སྲོང་གིས་སྨྲས་པ། ཁྱོད་ལ་རིན་པོ་ཆེ་དང་གསེར་ཅི་དགོས། དེའི་གནས་ན་དོན་ཡོད་པ་ཞེས་པའི་ཞགས་པ་ཡོད་ཀྱིས་དེ་སློངས་ཤིག ཅེས་པ་བཞིན་སླར་ཀླུ་ཡུལ་དུ་སོང་ནས་དོན་ཡོད་ཞགས་པ་བསླངས་ཏེ་ལོག་པའི་སྐབས་སུ། རྒྱལ་པོ་ནོར་ཅན་བཙུན་མོ་དང་དགའ་མགུར་ཡུན་རིང་སྤྱད་ཅིང་། བུ་ཡང་མེད་བུ་མོ་ཡང་མེད་པས། སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། ལྷ་རྣམས་གསོལ་བ་མཛད་པས། ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་གསལ་བ་གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཛར་བ་དང་། སྣའི་གཟེངས་མཐོ་བ། ཡན་ལག་དང་ཉིང་ལག་དང་ལྡན་པ་ཞིག་བཙས་སོ། ། དེར་བློན་འབངས་རྣམས་དགའ་སྟེ་ཁྱེའུ་འདི་རྒྱལ་པོ་ནོར་ཅན་གྱི་སྲས་ཡིན་པས་ཁྱེའུའི་མིང་ནོར་བཟངས་སུ་གདགས་སོ་ཞེས་དེའི་མིང་ནོར་བཟང་ཞེས་བྱ་བར་བཏགས་སོ། ། བཟོ་དང་རིག་པའི་གནས་ཀུན་ལ་མཁས་པར་གྱུར།

རྔོན་པ་སྤང་ལེབ་འཛིན་གྱིས་དོན་ཡོད་ཞགས་པས་མིའམ་ཅི་ཡིད་འཕྲོག་མ་ཟིན་པ་དང་། གཞོན་ནུ་ནོར་བཟང་རི་དྭགས་འཆོར་དུ་ཆས་པ་དང་ཁེལ་བས་ནོར་བཟང་ལ་ཕུལ། ཇི་ཙམ་ན་བྲམ་ཟེ་གཉིས་ལྗོངས་རྒྱུ་ཞིང་འོངས་པ་ལས་དེ་ལས་གཅིག་ནི་རྒྱལ་པོ་ལ་རྟེན་བཅས་སོ། ། གཉིས་པ་ནི་གཞོན་ནུ་བཟང་པོ་ལའོ། ། རྒྱལ་པོ་ལ་རྟེན་བཅས་པ་གང་ཡིན་པ་ནི་རྒྱལ་པོས་མདུན་ན་འདོན་དུ་བཅུག་སྟེ་ལོངས་སྤྱོད་ཀྱི་སྐལ་བ་ཡང་བྱིན་ནོ། །
གཞོན་ནུ་ནོར་བཟང་གི་གང་ཡིན་པ་དེ་ལ་ནི་ལོངས་སྤྱོད་ཀྱི་སྐལ་བ་ཙམ་ཞིག་བྱིན་པ་དང་། སྨྲས་པ། གཞོན་ནུ་གང་གི་ཚེ་ཡབ་འདས་ནས་ཁྱོད་རྒྱལ་པོར་བཅུག་པ་དེའི་ཚེ་བདག་ལ་ཅི་ཞིག་བགྱི། གཞོན་ནུ་ནོར་བཟང་གིས་སྨྲས་པ། ཇི་ལྟར་ཁྱོད་ཀྱི་གྲོགས་པོ་བྲམ་ཟེ་ངའི་ཡབ་ཀྱི་མདུན་ན་འདོན་དུ་བཅུག་པ་དེ་བཞིན་དུ་ཁྱོད་ཀྱང་ངའི་མདུན་ན་འདོན་དུ་གཞུག་གོ་ཞེས་པའི་གཏམ་ཡབ་ཀྱིས་མདུན་ན་འདོན་གྱིས་ཐོས་པས་དེ་ལ་ལོག་པའི་བློ་སྐྱེས་ཏེ་གཞོན་ནུ་ནོར་བཟང་རི་འོར་བ་བཏུལ་བར་མངགས་པ་དང་། དེའི་ཤུལ་དུ་ཡིད་འཕྲོག་མ་གྲོངས་པའི་གྲབས་བཤམས་ཀྱང་། དེ་ལས་ལྡོག་སྟེ། ཡིད་འཕྲོག་མ་མིའམ་ཅིའི་ཡུལ་དུ་འཕུར་བ་དང་། འགྲོ་ཁར་དྲང་སྲོང་གི་སར་གཞོན་ནུ་ནོར་བཟང་ལ་སྐད་བཞག་པ། ནོར་བཟང་རི་འོར་བ་ནས་ཕྱིར་ལོག་པ་དང་། རྒྱལ་པོའི་ཕོ་བྲང་ནས་དཀའ་ཁག་སྣ་མང་གིས་ཕྱིར་བུད་དེ་ཡིད་འཕྲོག་འཚོལ་བར་ཕྱིན་པ་དང་། ནོར་བཟང་དང་ཡིད་འཕྲོག་གཉིས་སླར་མི་ཡུལ་དུ་ལོག་པ་དང་རྒྱལ་པོ་ནོར་བཟང་གི་སྐྱེས་རབས་རྫོགས་པར་བྱས་ཡོད་དོ།།

སྤྱིར་ན་སྐྱེས་རབས་རྣམ་ཐར་འདི་གཉིས་ཀྱི་བསྟན་དོན་དང་། དོན་གྱི་བྱུང་བ། ས་མིང་དང་མི་མིང་ཕལ་ཆེ་བ་འདྲ་བས། སྡིངས་ཆེན་སྨྱོན་པ་ཚེ་རིང་དབང་འདུས་ཀྱིས་ནོར་བཟང་གི་སྐྱེས་རབས་ལ་གཞི་བཅོལ་ཏེ། བོད་མིའི་ས་གནས་ཁོར་ཡུག་གི་ཁྱད་ཆོས་དང་མཐུན་ཞིང་བོད་མིའི་བློ་ཁ་དང་འཚམས་པའི་ནོར་བཟང་གི་རྣམ་ཐར་བརྩམས་པ་གོར་མ་ཆག ཡིན་ཡང་། དོན་གྱི་བྱུང་བ་ལ་ལར་ཁྱད་པར་ཆེན་པོ་ཡོད་དེ། དཔེར་ན། ནོར་བཟང་གི་རྣམ་ཐར་དུ་ཆོས་རྒྱལ་ནོར་བཟང་ཇི་ལྟར་འཁྲུངས་པ་དང་། མ་མ་མང་པོས་ཇི་ལྟར་སྐྱེད་སྲིང་བྱས་པའི་བྱུང་རིམ་མེད་པ་དང་། རྔོན་པས་ཡིད་འཕྲོག་བཟུང་རྗེས་ཀྱི་བློའི་འགྱུར་བ་དང་། ཡིད་འཕྲོག་མའི་ཁ་སྒོ་སྐྱེས་འབྲས་ཀྱི་མཛེས་པར་མ་བཟོད་པར་ལྔ་བརྒྱས་ཕྲག་དོག་གིས་ནོར་བཟང་བྱང་དུ་དགྲ་འདུལ་བར་མངགས་པ་དང་། ཤུལ་དུ་ལྔ་བརྒྱ་དང་ཧ་རིས་ཡིད་འཕྲོག་དགུམ་པའི་གྲབས་བཤམས་ཚུལ་དང་། ནོར་བཟང་ལྷ་ཡུལ་དུ་སོང་ནས་རྒྱལ་ཁབ་སོ་སོའི་སློང་མི་དང་ཐབས་རྩལ་འགྲན་ཏེ་ཀུན་ལས་རྒྱལ་བ་སོགས་ཆོས་རྒྱལ་ནོར་བཟང་གི་སྐྱེས་རབས་སུ་ཕྲ་རྒྱས་སུ་བཀོད་མེད། སྐྱེས་རབས་ཀྱི་མཇུག་ཏུ། ངས་གང་ཡིད་འཕྲོག་མའི་ཕྱིར་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་བསྟན་ནས། ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་པ་དེས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི། འོན་ཀྱང་སྦྱིན་པ་དེ་དང་། བརྩོན་འགྲུས་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ་ཞེས་པ་ལྟ་བུས་ནོར་བཟང་གི་རྣམ་ཐར་གྱི་མཇུག་བསྡུས་མེད་དོ། །

གསུམ་པ། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ཁྱད་པར་ཆེན་པོ་ཡོད་པ།

རྒྱལ་པོ་ནོར་བཟང་གི་སྐྱེས་རབས་ཀྱི་ཚིག་སྦྱོར་ལ་གྲུམ་ཤ་དོད་ཅིང་། ཚིག་ཉུང་ལ་དོན་འདུས་པ་དང་།
ཚིག་གི་རྐང་བ་ཐུང་ཞིང་ངག་ལ་གྱེར་བདེ་བ་དང་། ཡིད་དུ་འཛིན་སླ་བ། བརྗོད་དོན་རྟོགས་སླ་བའི་ཁྱད་ཆོས་ཡོད་དེ། དཔེར་ན། ལྷ་བདག་གིས་བུད་མེད་རིན་པོ་ཆེ་འདི་སྐྱེས་སུ་འཚལ་ཏེ་མཆིས་ན་བཞེས་སུ་གསོལ། རྒྱལ་བུ་གཞོན་ནུ་ནོར་བཟང་གིས་མིའམ་ཅི་མོ་ཡིད་འཕྲོག་མ་གཟུགས་བཟང་མོ་བལྟ་ན་སྡུག་པ་མཛེས་པ། ཁ་དོག་རྒྱས་པ་མཆོག་དང་ལྡན་པ། ཡོན་ཏན་ཐམས་ཅད་འདུས་པ། བུད་མེད་ཀྱི་མཚན་བཅོ་བརྒྱད་ཀྱིས་བརྒྱན་པ། ཡུལ་གྱི་མི་བས་བཟང་བ། ནུ་མ་གསེར་གྱི་བུམ་པ་དང་རུས་སྦལ་ལྟར་རྒྱས་ཞིང་མཐོ་བ་དང་། མཁྲང་ཞིང་མཁྲེགས་པས་ཤིན་ཏུ་ལེགས་པར་ཟླུམ་པར་ལྡེམ་པ། མིག་མཐོན་མཐིང་ལ་རྩ་དམར་ཞིང་རིང་ལ་པད་མ་གཞོན་ནུ་འདྲ་བ། སྣའི་གཟེངས་རིང་ཞིང་མཐོ་བ། མཆུ་བྱུ་རུ་དང་ནོར་བུ་དང་རིན་པོ་ཆེ་དང་། བིམ་པའི་འབྲས་བུའི་དབྱིབས་འདྲ་བ། འགྲམ་པ་མ་རྙོངས་ཤིང་ཡོངས་སུ་རྒྱས་པ། མཁུར་ཚོས་ལྷག་པར་དགའ་བར་བྱེད་པའི་རི་མོའི་ཐིག་ལེ་ཅན། སྨིན་མ་རིམ་གྱིས་མཛེས་ཤིང་འཛར་ལ་བུང་བའི་ཚོགས་ལྟར་གནག་པ། དཔུང་བ་ཟླ་བ་ཉ་བ་དྲི་མ་མེད་པ་ལྟར་རྒྱས་ལ་རིང་བ། ལྟོ་གཉེར་མ་གསུམ་དང་ལྡན་ཞིང་ཡིད་ཙམ་རྙོང་བ། ནུ་མའི་གཡུར་གྱིས་རོ་སྟོད་བགས་ཀྱིས་འདུད་པ། དཀུ་ཤིང་རྟའི་ཡན་ལག་ལྟར་དབྱིབས་ཤིན་ཏུ་མཛེས་པ། ལག་པ་ཆུ་ཤིང་སྙིང་བོ་འདྲ་བ། བརླ་བྱིན་གྱིས་ཕྲ་བར་ཟླུམ་པར་མཛེས་པ། རྩ་ཤིན་ཏུ་མི་མངོན་ཞིང་གྱ་གྱུ་མེད་པས་ཡན་ལག་ཐམས་ཅད་མཛེས་པ། ནོར་བུ་མང་པོའི་མགོ་རྒྱན་དང་མགུལ་གདུབ་དང་གདུ་བུ་དང་དོ་ཤལ་དང་། སེ་མོ་དོའི་སྒྲས་འགྱིང་ཞིང་འགྲོ་བ། སྐྲ་གནག་ལ་འཇམ་པ། རྐང་བ་རྐང་གདུབ་ཀྱིས་བརྒྱན་ཞིང་གསེར་གྱི་འོག་པག་ཅན། ལྟོ་ཕྱང་ངེ་བ་དོ་ཤལ་མང་པོ་དཔྱངས་པ། མདོག་གསེར་བཙོ་མ་ལྟར་བཟང་བ་མཐོང་ངོ་། ། མཐོང་མ་ཐག་ཏུ་གཞོན་ནུ་འདོད་ཆགས་ཀྱི་ཞགས་པ་ཆུ་ཟླ་དྲི་མ་མེད་ཅིང་གསལ་བ་གཡོ་བའི་རང་བཞིན་ལྟ་བུར་གཟུང་དཀའ་བ། ཀླུང་ཆུ་རླབས་དང་བཅས་པའི་ཆུ་སྲིན་ལྟ་བུར་རྟོགས་པར་དཀའ་བ། ནམ་མཁའ་ལྡིང་དང་རླུང་གི་ཤུགས་དང་འདྲ་བར་འགྲོ་བ། ཤིང་བལ་གྱི་འདའ་བ་ལྟར་མྱུར་དུ་འགྱུར་བ། སྤྲེའུ་ལྟར་ས་གཅིག་ན་མི་འདུག་པས་གཡོ་ཞིང་ཙབ་ཡབ་ཅན་གྱིས་ནི་དམ་དུ་ཟིན། འདོད་ཆགས་ཀྱི་མདའ་རྟག་ཏུ་ཉོན་མོངས་པ་བསྟེན་པ་གོམས་པའི་འདོད་ཆགས་ཀྱི་བདེ་བ་རོ་མྱོང་བ་ལ་བརྐམ་པ་ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ངན་འགྲོའི་གཡང་ས་ལས་མི་ཟློགས་པ། བཟང་མོ་ལ་རྗེས་སུ་ཆགས་པའི་སེམས་ཀྱིས་ཤིན་ཏུ་དྲི་མ་ཅན་དུ་བྱས་པ། ཕྲད་པར་འདོད་པས་ཤིན་ཏུ་དབྱུང་མི་བཟོད་པའི་སྒྲ་འབྱིན་པ། ཚུལ་མ་ཡིན་པའི་གཞུས་འཕངས་པས་ནི་སྙིང་བོ་ལ་ཕོག་སྟེ། མེའི་ནང་དུ་ཕྱེ་མ་ལེབ་བཞིན་དུ་དེ་ཉིད་དུ་འགྱེལ་ཏེ་སྨྲས་པ། ལྟ་བུའི་ཚིག་གི་སྦྱོར་བ་འདིར་མཚོན་ན། མཛེས་པའི་ཡང་རྩེར་སོན་པའི་བུད་མེད་ཅིག་གི་མཛེས་ཆོས་དང་། དེ་ལ་འཇུག་འདོད་ཀྱི་བློ་བཟློག་མེད་ཅིག་མཚོན་པ་ལས་གཞན། ད་དུང་མི་རིགས་ཤིག་གི་མཛེས་འཛིན་གྱི་ལྟ་བ་དང་། ཡུལ་སྲོལ་གོམས་གཤིས། དགའ་ཁ་མོས་ཕྱོགས་དང་དཔེ་དོན་སྦྱོར་ཚུལ་བཅས་གསལ་བོར་མཚོན་ནོ། །

ནོར་བཟང་གི་རྣམ་ཐར་དུ། བསམ་བློ་གང་ནས་བཏང་ཡང་འབྲལ་དུ་ཕོད་པ་མི་འདུག ། རྟ་དང་རྟེའུ་འཕྲལ་ཡང་རྟ་ར་ཕན་ཚུན་ཡིན་འདུག ། དེ་ཡང་དྲན་པའི་སེམས་ཀྱིས་ཕར་སྐད་ཚུར་སྐད་བྱེད་འདུག །
ང་དང་རྒྱལ་པོ་བར་དུ་ལ་ལུང་མང་པོས་བཅད་འགྲོ། བལྟས་པས་མཐོང་ས་མི་འདུག་བོས་པས་ཚོར་ས་མི་འདུག ། འབྲི་དང་བེའུ་འཕྲལ་ཡང་རྡང་གི་ཕན་ཚུན་ཡིན་འདུག ། དེ་ཡང་དུང་བའི་སྐད་ནི་ཕར་སྐད་ཚུར་སྐད་བྱེད་འདུག ། ང་དང་ནོར་བཟང་བར་དུ་ལ་ལུང་མང་པོས་བཅད་འགྲོ། ། བྱོལ་སོང་མ་བུ་དུང་བའི་བྱེད་པ་ལ་གཞིག་ཀྱང་། ། ང་དང་ནོར་བཟང་འཕྲལ་དུ་ཕོད་པ་མི་འདུག ། རྒྱལ་སྲས་དེ་ལྟར་མ་གསུངས་བུ་མོ་བྱང་ལ་འཁྲིད་མཛོད། ། འཆི་བ་སྲོག་ལ་བབས་ཀྱང་བུ་མོ་སྡོད་རྒྱུ་མིན་ནོ། ། མ་གིའི་མཚོ་མོ་མ་ལ་གསེར་བྱ་བཟའ་མི་སྡེབ་ཀི །གསེར་བྱ་ཁ་ཡ་བྲལ་བ་མཚོ་མོ་མ་ན་མི་འདུག །
ཡ་གིའི་བྲག་སྟོད་ཡ་ལ་རྒོད་པོ་བཟའ་མི་སྡེབ་ཀི ། འདབ་བྱ་ཁ་ཡ་བྲལ་བ་བྲག་སྟོད་ཡ་ན་མི་འདུག ། ལྕང་གླིང་གྲུ་བཞི་མ་ན་འཇོལ་མོ་བཟའ་མི་སྡེབ་ཀི ། འཇོལ་མོ་ཁ་ཡ་བྲལ་བ་ལྕང་གླིང་མ་ན་མི་འདུག ། སྐྱེས་ནས་ཤི་བས་འབྲལ་བ་ལུས་ཅན་ཀུན་ལ་ལོས་ཡོད། ། མ་ཤི་གསོན་བྲལ་བྱེད་པ་ང་མིན་གཞན་ན་མི་འདུག ། ཅེས་པའི་བརྗོད་པ་ཐུང་ངུ་འདི་ལས་ན་གཞོན་ཕོ་མོ་གཉིས་ཀྱི་ལྷད་མེད་བརྩེ་དུང་ཟབ་མོ་དང་། ཕན་ཚུན་བྲལ་དཀའ་བའི་ཡིད་འགྱུར་རྣལ་མ་མཚོན་པ་ལས་གཞན། བོད་མི་རིགས་རང་གི་ས་ཆར་ཡོད་པའི་སྲོག་ཆགས་རྟ་དང་།འབྲི། རྒོད་པོ་དང་འཇོལ་མོ་སོགས་རང་ཉིད་ལ་གསལ་ཆ་ཆེས་ཆེར་ཡོད་པའི་བྱ་དངོས་འདི་དག་དཔེ་བྱས་ཏེ།འདོད་ལྡན་ཡིད་འཕྲོག་མས་རང་གི་སྙིང་དང་འདྲ་བའི་ནོར་བཟང་དང་བྲལ་མི་ཕོད་པའི་མྱོང་བ་དངོས་ལ་སྦྱར་ཏེ་དཔེ་དོན་སྦྱར་བ་ཕུན་སུམ་ཚོགས་ཤིང་། འཚོ་བས་མྱོང་ཚོར་བྱུར་བུར་གཏམས་པས། རྗོད་བྱེད་ཀྱི་ཚིག་སྦྱོར་སྙན་མོས་ཀློག་པ་པོའི་ཡིད་སེམས་ཅིག་ཅར་དུ་འགུགས་ཐུབ་པ་མ་ཟད། མགུར་དང་གཞས་ཚིག སྒྲུང་གླུའི་རྣམ་པ་སོགས་སྤྱད་པ་བཟང་བས། ཚིག་སྦྱོར་གྱི་ཆ་ནས་མ་རྩོམ་ལས་ཆེས་ཆེར་ལྷག་གོ །

བཞི་བ། དངོས་ཡོད་དང་འཆར་ཡན་ཟུང་དུ་འབྲེལ་བའི་རྩོམ་ཐབས།

སྤྱིར་རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ཡང་།སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་ཞིང་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུ་དགོས་པ་ནི་རྩོམ་རིག་གི་བཟློག་ཏུ་མེད་པའི་འགན་བབ་ཉག་གཅིག་གོ །

དེས་ན། རྩོམ་རིག་སྨྲ་བའི་དབང་བོ་དག་གིས་ཀྱང་། སྤྱི་ཚོགས་འཚོ་བ་ནི་རྩོམ་རིག་གི་དབང་རྩ་དང་།
རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་ཞབས་རྗེས་ཡིན་པར་འདོད། སྐྱེས་རབས་རྣམ་ཐར་འདི་གཉིས་ཀྱང་དུས་སྐབས་མི་འདྲ་བའི་ནང་བྱུང་བའི་དོན་དངོས་དག་ས་བོན་དང་རྨང་གཞི་བྱས་ཏེ་བརྩམས་པ་ཡིན་པས། སྐབས་དེའི་རྒྱ་གར་དང་བོད་རིགས་སྤྱི་ཚོགས་ནང་དུའང་བདེན་དགེ་མཛེས་གསུམ་གྱི་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་། ཡ་རབས་བཟང་བོའི་ལུགས་ལ་ཉམས་པ་མེད་པ། དཀོན་མཆོག་ལ་མཆོད་པ། སློང་བ་ལ་སྦྱིན་པ། ཡབ་ཡུམ་ལ་བཀུར་བསྟི་ཟབ་པ། འཁོར་འབངས་ཐེག་པ་རིམ་བཞིན་བསྐྱངས་པས། རྒྱལ་པོའི་ཆབ་སྲིད་དར་བ། ལོ་ལེགས་ཤིང་ནད་མེད་པ། ཕུན་ཚོགས་འདོད་དགུའི་དཔལ་ལ་ལོངས་སྤྱོད་པ་དང་། ཡང་ལ་ལ་རྒྱལ་སྲིད་ཆོས་བཞིན་མི་སྐྱོང་ཞིང་། གཏུམ་དྲག་ང་རྒྱལ་ཅན། རང་འདོད་སེར་སྣ་མཁན། ལས་འབྲས་རྩིས་བཤེར་མི་ཤེས་པ་ཡིན་པས། ཆར་ཆུ་མི་འབེབས་ཤིང་ལོ་ལེགས་མི་འབྱུང་བ། ནད་ཡམས་དང་མུ་གེ་མང་བས། རྒྱལ་སྲིད་མར་ངོའི་ཟླ་ལྟར་འགྲིབ་པ་སོགས་ནི་དངོས་པོའི་གནས་ལུགས་དང་མཐུན་པར་མ་ཟད། དངོས་ཡོད་འཚོ་བས་བདེན་པར་གྲུབ་པ་ཞིག་གོ །

སྐྱེས་རབས་རྣམ་ཐར་འདི་གཉིས་ལ་དངོས་ཡོད་འཚོ་བ་ལས་འདས་པའི་འཆར་ཡན་གྱི་རྩོམ་ཐབས་ཀྱང་སྣ་མང་སྤྱད་ཡོད་དེ། བརྩམས་ཆོས་ཁྲོད་ཀྱི་མི་སྣ་དག་ནི་མཐོ་བ་ལྷ་དང་། དམའ་བ་ཀླུ། བར་གྱི་མི། བྱང་གི་བདུད། དུད་འགྲོ་ཕྱུགས། འདབ་ཆགས་བྱ་ལ་སོགས་པའི་བྱ་སྤྱོད་དང་། ལབ་གླེང་། ཡིད་འགྱུར་སོགས་ཞིབ་ཕྲའི་ངང་བཀོད་ཡོད་དེ། དཔེར་ན། ནོར་བཟང་གིས་བདུད་བཏུལ་ནས་ཕྱིར་ལོག་སྐབས། ཤར་ཕྱོགས་ནས་བྱ་རོག་གཉིས་འཕུར་བྱུང་བས་རྒྱལ་པོ་ཉིད་ཀྱི་དགོངས་པར་དེ་སྔ་བྱང་དུ་ཐོན་པ་ནས་ད་ཕན་བྱ་རོག་འདི་རིགས་དེ་རིང་ཕན་ལ་མཐོང་མ་བྱུང་བས། འདི་གཉིས་བྱང་ཕྱོགས་ཡུལ་ལྷ་གཞི་བདག་གི་སྤྲུལ་བ་ཡིན་ཡང་སྲིད་སྙམ་ནས་བྱ་རོག་གཉིས་ལ་འདི་སྐད་ཅེས་བཀའ་བསྩལ་བ། གང་བསམ་སྐད་ཅིག་མཁའ་ལ་བགྲོད་བྱེད་པའི། ། འདབ་བྱ་ཨིན་དྲའི་མདངས་དང་ལྡན་པ་གཉིས། ། བྱང་ཕྱོགས་སྐྱོང་བའི་ལྷ་ཀླུ་སྤྲུལ་བར་ངེས། ། དེ་རིང་བུ་ཆུང་ང་ཡི་གཏམ་ལ་ཉོན། ། ཡབ་ཆེན་པ་ཕ་སྐུ་ཁམས་བདེ་ལགས་སམ། ། ཡུམ་ཆེན་ཨ་མ་སྐུ་ཁམས་བཟང་ལགས་སམ། ། བཟང་འདུག་ཟེར་ན་འདབ་བྱ་ཁྱོད་གཉིས་ཀྱིས། །
བསྐོར་བ་གཡས་སུ་བསྐོར་ནས་ཕྱེ་མར་གསོལ། ། མ་བཟང་ཟེར་ན་བསྐོར་བ་གཡོན་ལ་སྐོར། ། ཞེས་གསུངས་པས། འདབ་བྱ་གཉིས་ཀྱིས་སྔོན་མ་ལྟར་བྱས་པས་ནོར་བཟང་རབ་ཏུ་དགྱེས་ནས་འདི་སྐད་དོ། ། སྙིང་དང་འདྲ་བའི་བུ་མོ་ཡིད་འཕྲོག་དེ། ། སྐུ་ཁམས་བཟང་ན་བསྐོར་བ་གཡས་སུ་རྒྱོབ། ། ཕྱེ་མར་བཞེས་ཤིང་གྲོགས་སྐད་ཐེངས་གསུམ་རྒྱོབ། ། ཆུ་སྡེར་ས་རུ་འདྲད་ལ་གཤོག་བརྡབ་ཀྱིས། ། གསུངས་པས་འདབ་བྱ་གཉིས་ནས་དབེན་ཙམ་རིང་བོའི་སར་འཕུར། སླར་ཡང་ས་ལ་རེག་ལ་ཁད་བྱས་ནས་གཡོན་བསྐོར་བརྒྱབ། བྲག་སྟེང་ཞིག་ཏུ་བབ་ནས་ཆུ་སྡེར་འདྲད། གཤོག་བརྡབ་བྱས་པས་ནོར་བཟང་ནི་ཞལ་ངོ་ནག་པོར་གྱུར་ཏེ་ལྷ་གསོལ་བའི་ཆས་རྣམས་ཀྱང་ཞབས་ཀྱིས་གཏོར་ཞེས་དང་། རྔོན་པ་ཡང་ཀླུའི་ཡུལ་དུ་ཐེངས་གཉིས་ལ་སོང་བ་དང་། ནོར་བཟང་གིས་བྱང་གི་དགྲ་བཏུལ་བ་མ་ཟད། ལྷའམ་མིའམ་ཅིའི་ཡུལ་ནས་ཀྱང་ཐབས་རྩལ་འགྲན་པ་ཀུན་ལས་རྒྱལ་བ་སོགས་མཐོང་བ་དང་ཐོས་པ་ཙམ་གྱིས་རྟོག་བཏགས་ལྷ་སྒྲུང་གི་ཞིང་ཁམས་སུ་སླེབས་ངེས། རབ་རྟོག་དང་སྒྲོ་འདོགས་ཀྱི་རྩོམ་ཐབས་སྣ་མང་སྤྱད་དེ། ལྷ་དང་། མི། ཀླུ། དུད་འགྲོ་སྲོག་ཆགས་མང་པོ་གཞི་གཅིག་ཏུ་སྦྲེལ་བ་འདི་ནི་བརྩམས་ཆོས་འདི་གཉིས་ཀྱི་བསམ་བློའི་རང་བཞིན་ཁྱད་དུ་འཕགས་པ་ཞིག་གོ །

ལྔ་བ། དམངས་སྲོལ་རིག་གནས་ཀྱིས་བྱུར་བུར་གཏམས་པ།

སྤྱི་ཚོགས་འཚོ་བ་དང་རྩོམ་རིག་བརྩམས་ཆོས་གཉིས་ནི་མེ་ལོང་ནང་གི་གཟུགས་བརྙན་དང་། འོ་མའི་མར་ལོ་ཇི་བཞིན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་པས། ནོར་བཟང་གི་རྣམ་ཐར་དུ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཧ་ཅང་མང་སྟེ།

གཅིག དྲིན་ཆེན་ཕ་མར་འཇིག་རྟེན་མི་ཆོས་ཀྱིས་གུས་ལུགས་ལྡན་པ།

ལུས་རྟེན་ཁྱད་འཕགས་བསྐྲུན་པའི་དྲིན་ཆེན་ཕ་མ་གཉིས་ནི་གནམ་འོག་གི་སྐྱེ་འགྲོ་ཀུན་གྱི་དད་པའི་གནས་དང་། གུས་པའི་ཡུལ་ཡིན་པ་འཇིག་རྟེན་མི་ཆོས་ཙམ་དུ་མ་ཟད། དམ་པའི་ལྷ་ཆོས་ལའང་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ནོར་བཟང་གི་རྣམ་ཐར་དུ་ནོར་བཟང་གིས་བདུད་བཏུལ་ནས་ཕྱིར་ཕེབས་པའི་ལམ་བར་དུ། ཐབ་བསུའི་སར་ཡུམ་ཕེབས་པ་མཁྱེན་པས་མདའ་རྒྱང་ཙམ་ནས་ཆིབས་བཤོལ་མཇལ་དར་ཕྱག་ཏུ་བསྣམས་ནས་ཕེབས་པས་ཡུམ་ཡང་ཚུར་ཙམ་ཕེབས་མཇལ་རྩེ་སྤྲོད་གནང་སྟེ་ནོར་བཟང་ནས་ཕྱག་དང་བཅས་ཞེས་དང་། དེ་ནས་ལྷོ་སྒོའི་ཐང་ལ་ཡབ་ཀྱི་བསུ་ཆང་སར་ཕེབས་བསྟུན་ནོར་བཟང་ནས་ཆིབས་བཤོལ་མཇལ་དར་ཕྱག་ཏུ་བསྣམས་ནས་ཕྱག་དར་བཅས་ཡབ་ལ་ཕུལ་ཞེས་དང་། ཡབ་ཆེན་ཐུགས་ཁྲོས་ནས། མི་ངན་རྒྱུད་ཀྱི་རྐང་འདྲེན་ནོར་བཟང་ཁྱོད། ། ཕ་མ་གཉིས་དང་རྒྱལ་པོའི་ཆབ་སྲིད་ལས། །
དམན་ཆུང་གཅིག་ལ་གཅེས་པར་འགྲོ་ཟེར་ན། ། སྐྱེ་རྒྱལ་ཡོངས་ཀྱི་མིག་ལྟོས་ལ་གནོད་ཅིང་། ། ཁྱོད་ཉིད་ཡུལ་གཞན་མྱུར་བར་འགྲོ་ཟེར་ན། ། ང་ཡི་ཁྱད་ནོར་གོ་མཚོན་ཀུན་ཞོག་ལ། ། ཕྱོགས་གཞན་གང་དུ་འགྲོ་ན་ད་སོང་ཞེས། ། ཕྱག་འཇུག་གནང་བར་བརྩམས་པས་བློ་ཕམ་ཡང་། ། ཡབ་ཀྱི་བཀའ་ལ་གྱེན་ལྡོག་མ་ནུས་པས། ། ལུས་ཆས་ཀུན་བཞག་བུ་མོ་འཚོལ་བ་ལ། ། ལྷོ་སྒོའི་ཐང་ན་འགྲོ་བར་བརྩམས་ན་ཡང་། ། ཡུམ་ཆེན་ཨ་མ་བཀའ་ནན་མ་ལྕོགས་པར། ། ཕོ་བྲང་ནང་དུ་ཞག་གསུམ་སྡོད་དགོས་བྱུང་། ། ཞེས་པའི་གོང་གསལ་གྱི་ཚིག་དུམ་གསུམ་པོ་ལས། གནའ་བོའི་བོད་མི་རྣམས་ལ་ཡ་རབས་ཀྱི་གོམས་སྲོལ་ལྡན་པ་དང་། ཡབ་ནོར་ཆེན་ལ་རྒྱལ་ཁམས་ཆོས་བཞིན་སྐྱོང་བའི་ཐབས་དང་བློ་གྲོས་མངའ་བ་མ་ཟད། ཁྱིམ་གཞི་དང་བུ་ཆུང་གསོ་སྐྱོང་བྱེད་པའི་ཤེས་རབ་ཀྱང་རྣོ་ལྕགས་ཀྱི་ངར་ལས་ལྷག་པ་དང་། ཡུམ་ལའང་བུ་ཆུང་བྱམས་པས་སྐྱོང་ཚུལ་གྱི་བྱམས་སེམས་བལ་ལས་འཇམ་པ་ཡོད་པའང་མཐོང་ཐུབ།

གཉིས། ལྷ་མཆོད་ཀླུ་གསོལ་གྱི་ཆོ་ག་ཕུན་སུམ་ཚོགས་པ།

ལེགས་པའི་དོན་བསྒྲུབ་པ་ལ་གྱོད་དང་ཁ་མཆུ་ཞི་ཞིང་བར་ཆད་མེད་པ་དང་། དྲག་པའི་གཡུལ་བཤམས་པ་ལ་ཕ་རོལ་པོ་ལས་རྣམ་པར་རྒྱལ་ཏེ་འདོད་དོན་ཡིད་བཞིན་དུ་འགྲུབ་པའི་ཕྱིར། རང་རེའི་བོད་མི་རིགས་ལ་གནའ་སྔ་མོ་ནས་འཇིག་རྟེན་པའི་ལྷ་མཆོད་ཀླུ་གསོལ་གྱི་ཆོ་ག་བསྒྲུབ་པའི་ཡུལ་སྲོལ་ཡོད་དེ། དཔེར་ན། ནོར་བཟང་གི་རྣམ་ཐར་དུ། ཡུམ་ཆེན་ནས་ཡིད་འཕྲོག་མ་ལ་འདི་སྐད་དོ། ། སྙིང་དང་འདྲ་བའི་ལྷ་སྲས་ཡིད་འཕྲོག་མ། ། ཡབ་ཀྱི་བཀའ་ལ་གཅོག་ཐབས་མ་མཆིས་ཤིང་། ། ནོར་བཟང་ཐུགས་གསོ་རིམ་གྲོ་འདི་ལྟར་བྱ། ། རླུང་རྟ་འཛུགས་ཤིང་སྨོན་ལམ་ལེགས་པར་འདེབས། །བུ་ཆུང་དགྲ་མགོ་འདུལ་བའི་བསམ་དོན་འགྲུབ། ། ཞེས་གསུངས་པས་ཡིད་འཕྲོག་ནས་ཡུམ་གྱི་བཀའ་བཞིན་དབུས་རིའི་རྩེར་ལྷ་གསོལ་བའི་རྫས་ཆས་བསྣམས་ཏེ་ཞབས་ཕྱི་ཕོ་མོ་མང་པོ་དང་བཅས་དབུས་རིའི་སྐུ་མཁར་ཡོད་པའི་ས་དེར་ཕེབས་ནས་སྐུ་མཁར་གྱིས་མཚོན་རི་མགོ་ཀུན་ལ་དར་ལྕོག་དང་། བསང་མཆོད་གསེར་སྐྱེམས་བཏང་། ཡིད་འཕྲོག་མ་རང་གི་ཕྱག་ཏུ་གསེར་གྱི་ཕུད་ཕོར་ཆེ་བ་ལྔ་ལྡན་ཞིག་བསྣམས། ཞལ་ཏ་མ་ཀུན་དགའ་མས་དངུལ་གྱི་གཞོང་བ་འབྲུ་ལྔ་དང་གསེར་ཕྱེས་བཀང་བ་ཞིག་བཟུང་། འཛོམས་སྐྱིད་ནས་ཇ་ཁྲ་བདུད་རྩིས་བཀང་བ་ཞིག་བཟུང་། དེ་ནས་ཡིད་འཕྲོག་མས་འདི་སྐད་དོ། ། ཕྱོགས་བཅུའི་བླ་མ་སངས་རྒྱས་དང་། ། རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། ། རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། ། ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །
རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། ། གངས་དཀར་ཏི་སེ་ཞེས་སུ་གྲགས། ། འཁོར་ལོ་སྡོམ་པའི་གཞལ་ཡས་ནས། ། ཁྲག་འཐུང་ཡབ་ཡུམ་འཁོར་བཅས་དང་། ། ཞིང་སྐྱོང་བཀའ་
སྡོད་ཊི་ཀི་ལ། ། རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། ། དགྲ་བགེགས་ལོག་འདྲེན་མ་ལུས་ཆོམས། ། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས། ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་དང་། ། འཁོར་ཚོགས་བཀའ་ཉན་ཐམས་ཅད་ལ། ། རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། ། བསྟན་དགྲ་སྒྲོལ་བའི་མཐུ་དཔུང་བསྐྱེད། །བྱང་ཤར་རྒྱ་མཚོ་ཆེན་པོ་ན། ། འདོད་ཁམས་བདག་མོ་རེ་མ་ཏི། ། དམག་ཟོར་རྒྱལ་མོ་འཁོར་བཅས་ལ། ། རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། ། ནོར་བཟང་དཔུང་གི་རུ་སྣ་དྲོངས། ། བྱང་ཕྱོགས་རྒྱལ་པོའི་རྒྱུད་ཀྱི་ལྷ། ། དགེར་མཚོ་གཉན་པོ་འཁོར་བཅས་ལ། ། རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། ། ནོར་བཟང་རྒྱལ་པོའི་སྡོང་གྲོགས་མཛོད། ། ཚེ་རིང་མཆེད་ལྔ་བརྟན་མ་བཅུ་གཉིས་དང་། ། བྱང་ཕྱོགས་ཡུལ་ལ་གནས་པའི་ལྷ་གཉན་ལ། ། རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། ། ནོར་བཟང་རྒྱལ་པོའི་གྲོགས་མཛོད་ཅིག། གཞན་ཡང་ས་ཕྱོགས་གར་གནས་པའི། ། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དང་། ། འཇིག་རྟེན་ལས་འབྲས་སྟངས་འཛིན་པའི། ། བཀའ་ཉན་བྲན་གཡོག་འཁོར་བཅས་ལ། ། རིན་ཆེན་གསེར་སྐྱེམས་འདི་འབུལ་ལོ། ། བུ་མོའི་བསམ་དོན་འགྲུབ་པར་ཤོག ། ཅེས་པས། ནོར་བཟང་བྱང་གི་དགྲ་འདུལ་བར་ཕེབས་ན། ལམ་བར་གྱི་བགེགས་སེལ་བ་དང་། དགྲ་བོ་ཆམ་ལ་ཕབ་སྟེ་བདེ་ལེགས་ངང་ཕྱིར་ལོག་ཆེད ། རི་མཐོན་པོ་ཀུན་ལ་དར་ལྕོག་བཙུགས་ཤིང་། བསང་མཆོད་གསེར་སྐྱེམས་ཕུལ་ཏེ་ལྷ་ཀླུ་གཉན་ཚན་གྲོགས་སུ་བཀུག་སྟེ། རང་ཉིད་ཀྱི་འདོད་དོན་འགྲུབ་པར་ཕུགས་འདུན་བཅོལ་བ་འདི་ནི་རང་རེའི་བོད་ལ་ཡོད་པའི་ཡུལ་སྲོལ་ཁྱད་པར་བ་ཞིག་ཡིན་པར་འཁུམས།

གསུམ། རིགས་རུས་མཆོག་དམན་གྱི་ལྟ་བ་མངོན་པར་གསལ་བ།

རྒྱ་གར་གྱི་རིག་གནས་དང་ཆོས་ལུགས་དག་བོད་ལ་དར་རྒྱས་ཆེན་པོ་བྱུང་བ་དང་། ཆུ་བཞུར་སར་ཉ་མོ་ཐོན་པའི་དཔེ་བཞིན། རྒྱ་གར་གྱི་ཡུལ་སྲོལ་གོམས་འདྲིས་དང་ཆོས་ལུགས་དད་མོས། མཛེས་དཔྱོད་ལྟ་བ་སོགས་ཀྱང་བོད་གངས་ཅན་གྱི་ལྗོངས་སུ་ཁྱབ་གདལ་དུ་གྱུར།

ཡུལ་སྲོལ་སྣ་མང་ལས་རིགས་རུས་མཆོག་དམན་གྱི་ལྟ་བ། ནོར་བཟང་རྣམ་ཐར་དུ། རྔོན་པས་ཡིད་འཕྲོག་བཟུང་རྗེས། ལྷ་མོས། རྔོན་པ་ཚུར་ལ་མ་ཡོང་རྔོན་པ་ཕར་ལ་སོང་ཞིག། རྔོན་པའི་ཁ་རླངས་ང་ལ་ཕོག་གྱུར་ན། །
སྟོན་གྱི་མེ་ཏོག་སད་ཀྱིས་འཁྱེར་བ་འདྲ། ། རྔོན་པའི་ལུས་པོའི་ང་ལ་རེག་གྱུར་ན། ། དབྱར་གྱི་མེ་ཏོག་སེར་བས་བཅོམ་པ་འདྲ། ། གངས་སྟོད་སེང་གེ་དཀར་མོའི་
གཡུ་རལ་དེ། ། སྲང་ལམ་ཁྱི་ཡི་རྒྱན་དུ་འདོགས་མི་རུང་། ། དྲི་ཟའི་རྒྱལ་སྲས་ཡིད་འཕྲོག་ལྷ་མོ་ང་། ། རིགས་ངན་རྔོན་པའི་གྲོགས་སུ་ཡོང་སྲིད་དམ། ། ཞེས་པའི་ཚིག་དུམ་འདིས་རྔོན་པ་ནི་རིགས་རུས་ངན་ཞིང་སྡིག་ལས་ཆེ་བ་དང་། ཡིད་འཕྲོག་མ་ནི་ལྷ་ཡི་སྲས་ཡིན་པ་དང་རིགས་རུས་མཐོ་ཞིང་གཙང་སྦྲ་ལྡན་པས། དེ་གཉིས་ཕན་ཚུན་མཐུན་པའི་གྲོགས་སུ་སྡེབ་མི་རུང་བ་མ་ཟད། གྲིབ་མ་ཁ་རླངས་ཕོག་པ་ཙམ་གྱིས་ཀྱང་། མཛེས་མའི་ཡོན་ཏན་གྲ་ཆག་གྲུ་ཉམས་སུ་གྱུར་འགྲོ་བ་དངོས་ཤུགས་ཅི་རིགས་སུ་སྨྲས་ཡོད།

རིགས་རུས་མཆོག་དམན་གྱི་ལྟ་བ་འདི་དག་ཆོས་རྒྱལ་ནོར་བཟང་གི་སྐྱེས་རབས་སུ་མཐོང་མི་ཐུབ་པ་དང་།ནོར་བཟང་གི་རྣམ་ཐར་དུ་རྒྱ་ཆེར་སྤྱད་ཡོད་པ་འདིས། རང་རེའི་བོད་ལ་ཡང་གནའ་སྔ་མོ་ནས་སེང་གེ་དཀར་མོའི་གཡུ་རལ། སྲང་ལམ་ཁྱི་ཡི་རྒྱན་དུ་འདོགས་མི་རུང་བ་དང་མི་འོས་པའི་སྲོལ་ཡོད་པ་ལས་གཞན། རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཤན་ཤུགས་ཐེབས་མེད་ཅེས་བརྗོད་དཀའ །

བཞི། རྨི་ལྟས་བརྟག་པ་དང་མོ་ལ་དཔྱད་དེ་ཕྱིས་ཀྱི་དོན་ལ་འཇུག་པ།

སྤྱིར་ན་རང་རེའི་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་། བློ་གྲོས་ལྡན་པ། ཤེས་བྱ་རིག་པའི་གནས་ལ་འཇུག་སྤྲོ་བའི་མི་རིགས་ཤིག་ཡིན་པས། རང་རེའི་འཚོ་སྡོད་བྱེད་པའི་ཡུལ་གྲུ་འདིར་ཤེས་བྱ་རིག་པའི་རྣམ་གྲངས་མང་བ་དང་། རིག་གནས་དེ་དག་གིས་ཀྱང་ང་ཚོ་ལ་དངོས་ཤུགས་ཅི་རིགས་སུ་ནུས་པ་ཆེན་པོ་ཐོན་བཞིན་ཡོད། དཔེར་ན་རྨི་ལྟས་བརྟག་ཐབས་གཅིག་པུའི་ངོས་ནས་བཤད་ན། སྔ་རབས་བོན་གྱི་བསྟན་བཅོས་དང་། ཏུན་ཧོང་ཡིག་རྙིང་སོགས་སུ་མང་བ་མ་ཟད། མཁས་གྲུབ་མང་པོའི་གསུང་དུའང་ཡོད་དེ། མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་པའི་རྣམ་ཐར་དུ། ཟླ་བ་ཚང་ནས་བལྟམས་པར་ཉེ་བའི་ཚེ། ནུབ་གཅིག་ཡུམ་གྱི་མནལ་ལམ་ན། མི་རིགས་རྣམ་པ་སྣ་ཚོགས་པ་ལྟད་མོ་བལྟ་ཟེར་ནས་ཚོགས་འདུག་པ་ལ། ཡུམ་གྱིས་ལྟད་མོ་གང་ན་ཡོད་ཅེས་དྲིས་པས། འདི་ན་ཡོད་ཟེར་ཙ་ན། རང་གི་ཁོག་པ་ཁ་ཕྱེ་བའི་ནང་ནས་རལ་གྲི་ངར་མ་འོད་ལྷག་ལྷག་པ་གཅིག་འདུག་པ་ལས། དེ་བཞིན་གཤེགས་པའི་སྐུ་ཟད་པ་མེད་པ་ཞིག་འཕྲོས་ཏེ་ཕྱོགས་ཐམས་ཅད་དུ་ཁྱབ་པར་སོང་བ་ཞིག་རྨིས། ཡབ་ཀྱི་རྨི་ལམ་དུའང་ཡུམ་གྱི་ལྟེ་བ་ནས་ཡ་མཚན་ཅན་གྱི་ཤིང་གཅིག་སྐྱེས་ཏེ། དེ་ལ་ལོ་འདབ་མེ་ཏོག་འབྲས་བུ་དུས་གཅིག་ལ་སྨིན་པས་འགྲོ་བ་ཐམས་ཅད་ཀྱི་གསོས་སུ་གྱུར། རྩེ་མོ་ལ་གསེར་གྱི་ནེ་ཙོ་གཅིག་བབས་ནས་སྐད་སྙན་པར་གྲགས་པས་ཀུན་གྱི་ཡིད་འཕྲོག་པ་རྨིས་པ་དང་། དེ་ཉིད་ནར་སོན་ནས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྙན་གྲགས་ཆེ་བའི་མཁས་གྲུབ་གཉིས་འཛོམས་ཀྱི་རྣལ་འབྱོར་བ་ཆེན་པོ་རྭ་ལོ་ཙཱ་པ་རྡོ་རྗེ་གྲགས་ཞེས་མཚན་ཉི་ཟླ་ལྟར་གསལ་བ་ཞིག་ཏུ་གྱུར་པ་ནི་དངོས་ཡོད་གནས་ཚུལ་ཡིན་ནོ། །

ནོར་བཟང་གི་རྣམ་ཐར་དུ། ཆོས་ཀྱི་རྒྱལ་པོ་ནོར་བུ་བཟང་པོའི་མཚན་ལམ་ལ་ཡང་། ཕོ་བྲང་དགའ་བའི་བསམ་གླིང་ལ་ཉི་མ་ཤར་བ་དང་། ཕོ་བྲང་གི་ཐོག་ཁར་དར་མང་པོ་འཕྱར་ཞིང་། དུང་དང་རྒྱ་གླིང་ལ་སོགས་རོལ་མོའི་རིགས་བྱེད་མང་པོ་འབུད་རྡུང་བྱེད་ཅིང་། རྒྱལ་པོ་ཉིད་རང་གི་ཕྱག་ཏུ་མེ་ཏོག་ཨུཏྤལ་བཀྲག་མདངས་དང་ལྡན་པ་ཞིག་བཞེས་པའི་མཚན་ལམ་གྱི་ལྟས་ཕུན་སུམ་ཚོགས་པ་བྱུང་། ཞེས་དང་། ནུབ་གཅིག་ཡབ་ཀྱི་མཚན་ལམ་དུ། ཁོ་རང་ཡབ་ཡུམ་སྲས་ཀྱི་ཚེ་ཐར་ཡིན་ཞེས་པའི་ལུག་ཁྱུ་ཞིག་ལ་སྤྱང་ཀི་ལུག་ལས་མང་བ་ཤོར་བས་ལུག་ཀུན་བསད། ལུག་མགོ་ཁ་ཤས་སྤྱང་ཀིས་ཁྱེར་ནས་ཐག་རིང་དུ་ཕྱིན་པ་རྨིས། ཡང་ཡབ་ཀྱི་མཚན་ལམ་དུ། ནོར་བཟང་གི་ཆིབས་པ་སྒ་འབྱར་མ་བྱང་ཕྱོགས་སུ་བྲོས་ཤིང་། དེ་རྗེས་གཞན་གྱི་དཔུང་ཚོགས་ཞིག་ཡོང་ནས་ཕོ་བྲང་བསྐོར། ཐུགས་དང་དར་ལྕོག་ཀུན་ཕབ། ཡབ་རང་ཕོ་བྲང་གི་ཕྱིར་བཏོན་པ་རྨིས། ཞེས་པ་གསུམ་པོ་ནི་རྨི་ལམ་རིགས་མི་འདྲ་བ་གཉིས་ཡིན་པ་དང་། ལར་རྨི་ལམ་བརྟག་པར་ཡང་། ནད་ཀྱིས་གདུང་བར་གྱུར་དང་སྡུག་བསྔལ་དང་། ། ཤེས་པ་འཁྲུག་དུས་མ་ཡིན་ལེགས་པར་བརྟག ། ཅེས་པ་བཞིན། ནམ་གྱི་མཚན་མོ་ཐུན་གྱི་གསུམ་ཆ་བགོས། ། སྲོད་ཀྱི་གསུམ་ཆ་སྔ་མའི་བག་ཆགས་ཡིན། ། གུང་གི་གསུམ་ཆ་བདུད་སྲིན་ཆོ་འཕྲུལ་ཡིན། ། ཐོ་རངས་གསུམ་ཆ་ཕྱིས་འབྱུང་གསལ་བྱེད་ཡིན་པ་བཞིན ། ཕོ་བྲང་ལ་ཉི་མ་ཤར་བ་དང་། དར་འཕྱར་བ་དང་། དུང་དང་རྒྱ་གླིང་རོལ་མོའི་བྱེ་བྲག་མང་པོ་འབུད་རྡུང་བྱེད་པ་ནི་ནོར་བཟང་གི་མཚན་སྙན་རྒྱས་པ་དང་། ཕྱག་ཏུ་ཨུཏྤལ་བཀྲག་མདངས་ལྡན་པ་བཞེས་པ་ནི་ཡིད་འཕྲོག་ཐོབ་པའི་རྨི་ལྟས་བཟང་བོ་ཡིན་ལ། སྤྱང་ཀིས་ལུག་གསོད་པ་དང་དར་ལྕོག་ཕབ་པ་སོགས་ནི་བཀྲ་མི་ཤིས་པའི་དོན་རྐྱེན་བྱུང་བའི་སྔ་ལྟས་སུ་གྲུབ་པ་དང་། རྨི་ལྟས་བརྟག་ཐབས་འདི་དག་ནི་སྐྱེས་རབས་རྣམ་ཐར་དེ་གཉིས་སུ་ཞིབ་ཕྲ་དང་རྒྱས་བསྡུས་མི་འདྲ་བའི་སྒོ་ནས་བཀོད་ཡོད།

མོ་ལ་བརྟག་ཚུལ་ཡང་ནོར་བཟང་གི་རྣམ་ཐར་དུ། བྱང་ཕྱོགས་ཡབ་ཆེན་རྒྱལ་པོའི་ཁྲི་ཆ་ལ། ། ཕུ་རི་མགོ་མཐོན་པོའི་དར་ལྕོག་དེ། ། དར་རླུང་གིས་བསྐྱོད་ནས་ལེགས་གྱུར་ཀྱང་། ། རླུང་དམར་ནག་ཕྱོགས་བཞིར་གཡོ་བ་ཡིས། ། དར་རླུང་གིས་བསྐྱོད་ནས་གཞན་དུ་འགྲོ། ཞེས་དང་། ནོར་བཟང་རྒྱལ་པོའི་སྐུ་ཆ་ལ། ། ས་དོག་མོ་རོང་གི་ཆུ་འགྲམ་ན། ། ཤིང་སྟག་མའི་མེ་ཏོག་མདངས་མཚར་ཡང་། ། དགུང་ཆུ་འཛིན་འདུས་པའི་འབྲུག་སྒྲ་སྒྲོག ། དུས་མྱུར་བར་མེ་ཏོག་སེར་བས་བཅོམ། །
ཞེས་དང་། ནོར་བཟང་ཡབ་སྲས་ཀྱི་ཁྲི་ཆ་ལ། ། དགུང་ཁྲི་གདུགས་ཉི་མའི་འོད་ཟེར་དེ། ། ཕྱོགས་གླིང་བཞི་ཀུན་ལ་
ཁྱབ་ན་ཡང་། ། གླིང་རང་ཕྱོགས་ཉི་ཟླ་གཟའ་ཡིས་འཛིན།། ཡུལ་བྱང་ཕྱོགས་མུན་པའི་ནང་དུ་ཚུད། ། མདའ་གཡུ་མཚོ་འཁྱིལ་བའི་ཆུ་ནང་ན། ། ཁོ་ལྟོ་དཀར་གྱི་ཉ་མོ་ཁྱུ་གྲ་འགྲིག ། ལུས་འཁྱུག་འགྲོས་ཀྱི་ཟློས་གར་མཁས་ན་ཡང་། ། ཆུ་མྱུར་སྐམ་གྱིས་ཉ་མོ་སྐམ་དུ་འདོན། །སྔོན་ཡོང་སྲོལ་མེད་པའི་མིའམ་ཅི། ། ལྷ་ཀུན་གླུད་དུ་བརྫངས་པའི་ལྟས་ངན་ཞིག ། རང་རླུང་རྟ་དམའ་བའི་ཁྱིམ་དུ་ཚུད། ། ཅེས་པའི་མོ་ཚིག་འདི་གསུམ་ལ་ཞིབ་ཏུ་གཞིགས་ཚེ། འཇིག་རྟེན་ལེགས་ཉེས་བླང་དོར་གྱི་གནད་གསལ་ཞིང་། ལེགས་ཉེས་བྱ་བ་གང་ཞིག་བསྒྲུབ་པ་ལ། བྱུང་བའི་རྐྱེན་དང་། འགྲུབ་པའི་ཡོན་ཏན། ལྡོག་པའི་ཐབས་སོགས་ཞིབ་ཏུ་བཀོད་པ་བརྒྱུད། རྗེས་སོར་ཡིད་འཇོག་བྱ་སའི་གནས་དག་གསལ་བོར་བསྟན་ཡོད། ཚིག་གི་སྦྱོར་བའི་ཆ་ནས་དམངས་བྱིངས་ཀྱིས་གོ་བའི་བརྡ་ལ་སྦྱར་ཞིང་། སྤྱི་ཚོགས་འཚོ་བའི་དོན་དངོས་དག་གཞི་བྱས་ཏེ་དཔེ་དོན་སྦྱར་བ་གོ་སླ་བ་དང་།
གསོན་ཉམས་ལྡན་པས་ཀློག་མཁན་དང་ཉན་པོ་དག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་ཐུབ། མོ་དཔྱད་ཀྱི་རྣམ་པ་འདི་དག་ནོར་བཟང་གི་རྣམ་ཐར་དུ་རྒྱས་པར་བཀོད་ཡོད་པ་ལས། ཆོས་རྒྱལ་ནོར་བཟང་གི་སྐྱེས་རབས་སུ་བཀོད་མེད་དོ། །

དྲུག་པ། རྩོམ་རིག་གི་སྤྱི་ཚོགས་བསླབ་བྱ།

སྤྱི་ཚོགས་འཚོ་བ་ནི་རྩོམ་རིག་བརྩམས་ཆོས་ཀྱི་འབྱུང་ཁུངས་ཡིན་པ་དང་། རྩོམ་རིག་བརྩམས་ཆོས་ནི་རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་རྨང་གཞིའི་སྟེང་བློས་བཀོད་དང་། རྟོག་བཟོ། གསར་རྩོམ་བཅས་ཀྱི་འབྲས་བུ་ཡིན།

སྐྱེས་རབས་རྣམ་ཐར་འདི་གཉིས་ལ་མཚོན་ན་ཡང་། རྒྱ་གར་དང་བོད་རང་གི་སྤྱི་ཚོགས་སུ་དུས་སྐབས་ངེས་ཅན་ཞིག་གི་ནང་དུ་བྱུང་བའི་དོན་རྐྱེན་ག་གེ་མོ་ཞིག་ལ་གཞི་བཅོལ་ཏེ་བརྩམས་པ་ཡིན་པས། མི་རིགས་དང་དུས་རབས་ཀྱི་ཁྱད་ཆོས་དང་དན་རྟགས་ངེས་ཅན་ཞིག་ལྡན། སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་།
སྤྱི་ཚོགས་འཚོ་བ་དང་། རྩོམ་པ་པོའི་བསམ་བློ། མཛེས་འཛིན་ལྟ་བ། མཚོན་ཐབས་སྣ་ཚོགས་ལ་འགྱུར་བ་ཆེན་པོ་བྱུང་ཡང་། ཆེ་བཀུར་ཆུང་བྱམས་དང་། རྒྱལ་པོས་རྒྱལ་སྲིད་ཆོས་བཞིན་སྐྱོང་བ། འབངས་མི་བདེ་ལ་བཀོད་ཅིང་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ། དྲིན་ཆེན་ལ་དྲིན་ལན། མི་ཆོས་གཙིགས་སུ་འཛིན་པ་སོགས་ནི་དུས་སྐབས་ག་འདྲ་ཞིག་ལ་སླེབས་ཀྱང་འགྱུར་བ་མེད་པའི་རྩོམ་རིག་བརྗོད་བྱ་ཕུལ་དུ་བྱུང་བ་དག་ཡིན་པར་སེམས།

དེས་ན། སྐྱེས་རབས་རྣམ་ཐར་འདི་གཉིས་ནང་གི་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ཆོས་རྒྱལ་ནོར་བཟང་དང་། རང་ཉིད་ཀྱི་ཚེ་སྲོག་ལ་རྒོལ་བའི་ངན་ཇུས་བརྩམས་ཀྱང་། ཕ་རོལ་ལ་སྙིང་རྗེའི་བྱམས་སེམས་བཅངས་པ་ལས། འཁོན་ལན་མི་སློག་པའི་ཡིད་འཕྲོག་མ་ལྟ་བུ་དང་། རང་རྒྱུད་དམ་པའི་ཆོས་ལ་གཏད་དེ་བློ་སེམས་རྩེ་གཅིག་གིས་ཉམས་ལེན་བྱེད་པའི་དྲང་སྲོང་དང་། རྒྱལ་པོར་བློ་སེམས་དཀར་ཞིང་རྒྱལ་ཁྲིམས་ཚུལ་བཞིན་སྲུང་བའི་རྔོན་པ་དག་གི་མཛད་སྤྱོད་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རངས་བྱེད་པ་དང་། ང་རྒྱལ་དྲག་གཏུམ་ཆེ་བའི་རྒྱལ་པོ་ཤག་པ་གཞོན་ནུ་དང་། ཕྲག་དོག་དུག་གི་ཚེར་མ་རྣོ་བའི་བཙུན་མོ་དོན་གྲུབ་དཔལ་མོ། དམ་པའི་ཆོས་སྒོར་ཞུགས་ཀྱང་ངང་རྒྱུད་རྭ་ལྟར་གྱོང་བའི་སྔགས་པ་སྦྲུལ་ནག་ཁ་འཛིན་སོགས་ལ་སུན་འབྱིན་དང་ཁ་རྡུང་དྲག་པོ་བཏང་ཡོད།

མདོར་ན། རྩོམ་རིག་བརྩམས་ཆོས་འདི་དག་གིས་ང་ཚོ་རྗེས་རབས་པ་རྣམས་ལ་ལེགས་ཕྱོགས་བདེན་དགེ་མཛེས་གསུམ་ལ་སློབ་སྦྱོང་དང་། མ་རབས་ཐ་ཤལ་སྐྱུག་བྲོ་བའི་བྱ་ངན་ལ་མི་ཞུགས་པའི་དགེ་སྐུལ་གྱི་ཅོང་བརྡ་སྙན་མོ་ཞིག་ལྷང་ལྷིང་བསྒྲགས་པ་མ་ཟད། རང་རེའི་བོད་པའི་ཡབ་མེས་རྣམ་པས་གནའ་སྔ་མོ་ནས་རང་མི་རིགས་ཁག་གི་གུ་དོག་པོ་དང་ཚད་བཀག་ཆེ་བའི་རྩོམ་རིག་ལམ་བུ་ལས་བརྒལ་ཏེ་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཁག་གི་རྩོམ་རིག་བརྩམས་ཆོས་རྣམས་ཀྱི་ལེགས་ཆ་དག་འཚོལ་སྡུད་དང་དང་ལེན་བྱས་ཏེ་རང་རེའི་རྩོམ་རིག་སྔར་ལས་ལྷག་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་དོ། །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1