[གནད་བཏུས] དཔྱད་རྩོམ་འདིར་རང་རེའི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འགྲེལ་རྣམས་སུ་ར་བཏགས་ཀྱི་གྲངས་ངེས་ཅི་ཙམ་ཡོད་པ་སོ་སོའི་གཞུང་དང་གུང་བསྒྲིགས་ནས་མཐར་ཆགས་སུ་བཀྲམས་ཏེ་བཞེད་ཚུལ་དག་གི་ཐུན་མོང་དང་ཐུན་མིན་གྱི་ཆར་དཔྱད་པ་བཏང་ཡོད།
[གནད་ཚིག] བརྡ་སྤྲོད། ར་བཏགས། གྲངས་ངེས།
བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དུ་མཁས་པ་སྔ་ཕྱི་མང་པོས་མཛད་པའི་སྦྱར་བྱ་ཡི་གེའི་རྣམ་གཞག་ཏུ་གྲངས་ངེས་མང་པོ་ཞིག་མཆིས་པ་ལས། ར་བཏགས་ཀྱི་གྲངས་ངེས་ནི་སྣ་ཚོགས་ཤིག་མཆིས་པ་རྗེས་ཕྱོགས་གཅིག་གྱུར་ཡོང་སླད་དཔྱད་གཞིའི་ཚུལ་དུ་རིམ་བཞིན་བཀོད་ན།
༡. ར་བཏགས་བཅུ་རུ་བཞེད་པ་ནི།
རང་རེ་བོད་ཀྱི་བརྡའི་བསྟན་བཅོས་སྔ་ཤོས་རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱི《དག་ཡིག་ཉེར་མཁོ་བསྡུས་པ》རུ། ཡི་གེ་སུམ་ཅུ་བུ་ནི་བཞི། ། ཡ་བཏགས་བདུན་དང་ར་བཏགས་བཅུ། ། དེ་བཞིན་འོག་ཏུ་ལ་བཏགས་དྲུག ། ཅེས་འབྱུང་བའི་ར་བཏགས་བཅུའི་དཔེར་བརྗོད་དུ། བཀྲ་ཤིས་འཁྲིགས་པའི་གྲྭ་ས་འདིར། ། དྲ་སྒོས་སྤྲས་པའི་འཕྲེད་སྒོ་ཅན། ། ཕོ་བྲང་ནང་ན་སྨྲ་མཁན་བྱ། ། སྐེ་བ་བསྲིང་ནས་ཧྲིག་གེ་བལྟ། །①ཞེས་བཀོད་པ་ལས་དེ་བཅུ་ནི་ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་ཡིན་པ་ཤེས་ཐུབ་པ་མ་ཟད། འདོགས་ཅན་འདི་རིགས་ལ་ར་བཏགས་ཞེས་འབོད་པའི་དཔྱད་གཞི་སྔ་ཤོས་ཀྱང་འདི་ཡིན་ནོ། །
དེ་རྗེས་དུས་རབས་བཅུ་བདུན་པའི་མཇུག་གི་ཆར་དབྱངས་ཅན་རོལ་བའི་འོ་མཚོས་བརྩམས་པའི《དག་ཡིག་མཁས་པ་དགའ་སྐྱེད་རྩ་འགྲེལ》དུ། གསལ་བྱེད་རྣམས་ལས་ཡ་བཏགས་བདུན། །ར་བཏགས་བཅུ་དང་ལ་བཏགས་དྲུག ། ཝ་བཏགས་བཅུ་གཉིས་མགོ་ཅན་གསུམ། ། འཕུལ་དང་མཐའ་རྟེན་སོགས་སུ་དབྱེ། །ཞེས་ར་བཏགས་ཀྱི་གྲངས་ངེས་བཅུར་བགྲངས་ཤིང་། བཅུ་བོ་ནི་དག་ཡིག་དེའིི་འགྲེལ་བ་རུ། ཀ་ར་བཏགས་ཀྲ་ལ་བས་འཕུལ་ཡོད་ན་བཀྲ་ཤིས་སོགས་དང་། ཁ་ར་བཏགས་ཁྲ་ནི་བྱ་ཁྲ་སོགས་དང་། ག་ར་བཏགས་གྲ་ནི་གྲྭ་བ་སོགས་དང་། ད་ར་བཏགས་དྲ་ནི་དྲ་ཕད་སོགས་དང་། པ་ར་བཏགས་པྲ་ནི་པྲ་ཕབ་སོགས་དང་། ཕ་ར་བཏགས་ཕྲ་ནི་ཕྲ་མོ་སོགས་དང་། བ་ར་བཏགས་བྲ་ནི་བྲ་བོ་སོགས་དང་།
མ་ར་བཏགས་མྲ་ནི་ཨ་མྲ་སོགས་དང་། ས་ར་བཏགས་སྲ་ནི་སྲ་འཐས་སོགས་དང་། ཧ་ར་བཏགས་ཧྲ་ལ་མཐའ་རྟེན་ལ་ཡོད་ན་རྩབ་ཧྲལ་སོགས་སོ། །②ཞེས་བཀོད་ཡོད། གཞན་དེང་དུས་ཀྱི་བརྡ་སྤྲོད་མཁས་པའམ་ཞིབ་འཇུག་པ་ཆེན་མོ་དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》དུའང་འདོགས་ཅན་གྱི་གྲངས་ངེས་བརྩི་སྐབས། འདོགས་ཅན་ཡ་ར་ལ་ཝ་སྟེ། ། ཡ་བཏགས་ཀ་ཁ་ག་དང་ནི། ། པ་ཕ་བ་མ་བདུན་ཡིན་ཏེ། ། ར་བཏགས་ཀ་ཁ་ག་ད་དང་། ། པ་ཕ་བ་མ་ས་ཧ་བཅུ། །③ཞེས་དྲངས་ཡོད། གོང་དུ་བཀོད་པའི་བརྡ་སྤྲོད་ཀྱི་གཞུང་གསུམ་དུ་ར་བཏགས་ཀྱི་གྲངས་ངེས་བཅུར་བཞེད་པ་དང་དེ་དག་འདྲེན་ཚུལ་གཅིག་མཚུངས་ཡིན་ནོ། །
༢. ར་བཏགས་བཅུ་གཅིག་ཏུ་བཞེད་པ་ནི།
བོད་ཀྱི་འཇམ་དབྱངས་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ས་སྐྱ་པཎ་ཆེན་གྱི《ཡི་གེ་སྦྱོར་བ》རུ། ཀ་ཁ་ག་པ་ཕ་བ་མ། ། དེ་ལྟར་ཡི་གེ་བདུན་པོ་དང་། །ཀ་ཁ་ག་ཅ་ཙ་ཆ་ཚ། ། ཞ་ར་ཤ་ས་བཅུ་གཅིག་དང་། ། ཀ་ཁ་ག་ཏ་ད་པ་ཕ། ། བ་མ་ས་ཧ་བཅུ་གཅིག་ལ། ། ཡ་སྟ་ར་སྟ་ཝ་སྟ་གསུམ། ། གོ་རིམ་བཞིན་དུ་ཤེས་པར་བྱ། །④ཞེས་འདོགས་ཅན་ར་བཏགས་ལ་ར་སྟ་ཞེས་པའི་འབོད་སྟངས་དེ་ཐོག་མར་བྱུང་བ་རེད། གཞུང་ཚིིག་འདིའི་གོ་རིམ་བཞིན་དུ་ཡ་བཏགས་སོགས་སྦྱར་ན་རང་རེའི་བརྡ་སྤྲོད་གཞུང་གི་བརྗོད་སྟངས་དང་མི་མཐུན་པས་ར་སྟ་དང་ཝ་སྟ་གཉིས་ཀྱི་གོ་རིམ་བརྗེས་ནས་འགྲེལ་ན་ད་གཟོད་གཞུང་གི་འགྲོས་དང་མཐུན་པས། གཞུང་ཚིག་བུ་བཤུ་གནང་སྐབས་ཡིག་མཁན་གྱིས་ཐུགས་མཉམ་མ་བཞག་པ་ཨེ་ཡིན་སྙམ་མོ། ། བརྡ་སྤྲོད་ཀྱི་གཞུང་ཕལ་མོ་ཆེར་ར་བཏགས་བཅུ་གཅིག་ཏུ་བཞེད་ནའང་རེ་རེ་འདྲེན་པའི་དུས་ན་མི་མཐུན་པ་དུ་མ་ཞིག་ཡོད་དེ། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པའི《ཡིག་བཤད་མཁས་པའི་ཁ་རྒྱན》དང་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོའི《བརྡ་སྤྲོད་བློ་གསལ་དགའ་སྟོན》རྗེ་འཇིགས་མེད་རིགས་པའི་བློ་གྲོས་སམ་ཚེ་ཏན་ཞབས་དྲུང་མཆོག་གི《གངས་ཅན་སྒྲ་རིག་པའི་བསྟན་བཅོས་ལས་ལེ་ཚན་འགའ་ཕྱོགས་བསྒྲིགས》བཅས་ཞལ་མཐུན་པར། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་ཞེས་འདྲེན་པ་དང་། ལུགས་འདི་གཞིར་བཟུང་ནས་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་སྟེ2010ལོའི་ཟླ5བའི་དཔར་ཐེངས་གཉིས་པའི་སློབ་ཆུང་ལོ་རིམ་ལྔ་བའི་སྟོད་ཆ་རུའང་འདི་བཞིན་དྲངས་ཡོད། དཀའ་ཆེན་རྡོ་རྗེ་རྒྱལ་མཚན་གྱི《ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་བ་གཟོང་ཆུང་རྣོན་པོ》དང་། རྭ་རྒྱ་དགེ་འདུན་ཤེས་རབ་ཀྱི《དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག》 རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི《མདོ་རྒྱུད་རིན་པོ་ཆེ་མཛོད་ཀྱི་རྒྱས་འགྲེལ་ལས་དག་ཡིག་དང་བརྡ་གསར་རྙིང》བཅས་སུ་ཀྲ་ཁྲ་གྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་ཞེས་གོ་རིམ་ཙམ་མ་གཏོགས་འདྲེན་ཚུལ་མཚུངས་པ་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཚང་གི་སུམ་རྟགས་འགྲེལ་བ།⑤ 《བོད་རྒྱ་ཚིག་མཛོད་ཆེན་མོ》 དགེ་བཤེས་གསུང་རབ་རྒྱ་མཚོའི《སུམ་ཅུ་བའི་ཚིག་དོན་མདོར་བསྡུས》བཅས་སུ་ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་ཞེས་ས་པཎ་དང་མཐུན་པར་དྲངས་ཡོད། 《དུང་དཀར་ཚིག་མཛོད》དང《བོད་རྒྱ་ཤན་སྦྱར་གྱི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ཚིག་མཛོད》གཉིས་སུ་ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་ཞེས་མཚུངས་པར་དྲངས་ཡོད། དེ་ལྟར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ཕལ་མོ་ཆེར་ར་བཏགས་ཀྱི་གྲངས་ངེས་བཅུ་གཅིག་ཏུ་བཞེད་ནའང་། དེ་དག་ལ་ཞིབ་ཏུ་དཔྱད་ཅིང་བསྡུར་ན་གྲངས་ངེས་བཅུ་གཅིག་ལ་ཡང་འདྲེན་ཚུལ་མི་མཐུན་པ་བཞི་ཙམ་ཡོད། གོང་གི་འདྲེན་ཚུལ་སོ་སོས་ཐུན་མོང་དུ་བཞེད་པའི་ར་བཏགས་ཀྱི་ཡི་གེ་ནི་ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་བཅས་དགུ་དང་། བྱེ་བྲག་ཏུ་ཐུན་མོང་མ་ཡིན་ལ་ཐ་དད་དུ་འདྲེན་གཞིར་གྱུར་པའི་ཡི་གེ་ནི་ཏྲ་ཐྲ་མྲ་ཤྲ་བཅས་བཞི་ཡིན།
༣. ར་བཏགས་བཅུ་གཉིས་སུ་བཞེད་པ་ནི།
བོན་གྱི《བརྡ་སྤྲོད་ཉི་ཤུ་བདུན་པ》རུ། ར་སྟ་ཐོབ་པ་བཅུ་གཉིས་ཏེ།། ཀ་ཁ་ག་ཏ་ད་པ་ཕ། ། བ་མ་ཤ་ས་ཧ་རྣམས་སོ། །⑥ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི《དག་ཡིག་ཚིག་གསལ་སྒྲོན་མེ》རུ་ཡི་གེའི་དབྱེ་བ་འཆད་སྐབས། ར་བཏགས་བཅུ་གཉིས་ཀྲ་ཁྲ་གྲ། ། ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲའོ། །⑦ཞེས་འབྱུང་ཞིང་། ཡང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ་གྱི《ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན》དུ། ས་མགོ་བཅུ་གཅིག་ཡ་འདོགས་རྣམ་པ་བདུན། ། ར་འདོགས་བཅུ་གཉིས་ལ་འདོགས་རྣམ་པ་དྲུག །⑧ཅེས་འབྱུང་ཞིང་། དེའི་འགྲེལ་བ་རུ་ར་བཏགས་བཅུ་གཉིས་ནི། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་ཞེས་བགྲངས་ཡོད་པ་མ་ཟད། ར་བཏགས་ལ་ར་འདོགས་ཞེས་པའི་འབོད་སྟངས་བྱུང་ཡོད། གཞན་ཡང་རིག་གསར་གོད་ཆག་གི་རྗེས་ནས་བ་ཡན་པ་ཤེས་བཞིན་བསམ་གཏན་གཙོ་བྱས་པའི་དམ་པ་སྐོར་ཞིག་གིས་བརྡ་དག་དུ་མའི་རྨང་གཞིའི་སྟེང་བསྒྲིགས་པའི《དག་ཡིག་གསར་བསྒྲིགས》སུ་ར་བཏགས་བཅུ་གཉིས་སུ་བགྲངས་ཡོད་པ་མ་ཟད། འདྲེན་ཚུལ་གོང་བཀོད་ཞེ་ཆེན་པ་དང་མཚུངས་པར་ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་ཞེས་དྲངས་ཡོད། འདི་དག་དང་མཚུངས་པར2012ལོའི་ཟླ8པའི་དཔར་ཐེངས་བརྒྱད་པ་སྟེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་སྒྲིག་བྱས་པའི《བོད་ཡིག་ངོས་འཛིན་སློབ་དེབ》ཏུའང་གོང་གི་གྲངས་ངེས་ལྟར་བགྲངས་ཡོད། དེ་ལྟར་ན་ར་བཏགས་བཅུ་གཉིས་སུ་གྲངས་ངེས་མཛད་པའི་གོང་བཀོད་བརྡ་སྤྲོད་ཀྱི་གཞུང་དག་ཕན་ཚུན་བསྡུར་ན། གྲངས་ངེས་འདིར་འདྲེན་ཚུལ་གཉིས་ཡོད་དེ། འདྲེན་ཚུལ་གཉི་གས་ཐུན་མོང་དུ་བཞེད་པའི་ར་བཏགས་ཀྱི་ཡི་གེ་ནི་ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་བཅུ་གཅིག་དང་། སོ་སོས་ཐུན་མིན་དུ་བཞེད་ལ་ཐ་དད་དུ་འདྲེན་གཞིར་གྱུར་པའི་ཡི་གེ་ནི་ཐྲ་དང་ཤྲ་གཉིས་ཡིན་ཏེ། བརྡ་སྤྲོད་ཉི་ཤུ་བདུན་པས་ཐྲ་ཡིག་མི་བཞེད་པར་ཤྲ་ཡིག་བཞེད་པ་དང་། དེ་འཕྲོས་གོང་བཀོད་གཞུང་དག་གིས་འདྲེན་ཚུལ་བཤད་མ་ཐག་པ་ལས་ལྡོག་སྟེ་ཐྲ་ཡིག་ལས་ཤྲ་ཡིག་ར་བཏགས་སུ་མི་བཞེད་དོ། །
༤. ར་བཏགས་བཅུ་གསུམ་དུ་བཞེད་པ་ནི།
སུམ་པ་ཡེ་ཤེས་དཔལ་འབྱོར་གྱི《ཡི་གེའི་རྣམ་གཞག་རབ་གསལ་མེ་ལོང་ཞེས་པའི་མཆན་འགྲེལ་སོགས》ཞེས་པར་འདོགས་ཅན་གྱི་གྲངས་ངེས་འདྲེན་སྐབས། ར་འདོགས་ཅན་བཅུ་གསུམ་ནི། ཀྲ་ཁྲ་གྲ་ཏྲ་སླེ་ཏྲེས་པ་ཏྲ་ཏྲེས་སམ་ཐྲ་ཐྲིག་ཐྲིག་ལྷམ་སྒྲ་དྲ་ནྲ་སྣྲོན་པྲ་པྲོག་ཞུ་ཕྲ་བྲ་མྲ་སྲ་ཧྲ་ཧྲིག་གེ་བལྟ་དང་།⑨ཞེས་རེ་འགར་དཔེ་དང་བཅས་ཏེ་ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་བཀོད་ཡོད་པ་དང་། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའི《བརྡ་སྤྲོད་ཀུན་གྱི་སྙིང་བོ་སྲིད་པའི་སྒྲོན་མེ》རུ། ར་སྟ་ཐོབ་པ་བཅུ་གསུམ་སྟེ། ། ཀ་ཁ་ག་ཏ་ད་ན་པ། ། ཕ་བ་མ་ཤ་ས་ཧ། ། ར་སྟ་བཏགས་པས་ཀྲ་ཁྲ་གྲ། །
ཏྲ་དྲ་ནྲ་པྲ་ཕྲ་བྲ་མྲ། ། ཤྲ་སྲ་ཧྲ་བཅས་གྲུབ་པ་ཡིན། །⑩
ཞེས་འབྱུང་ཞིང་། ཡང་ཀརྨ་རྒྱལ་མཚན་དང་བྱང་ཆུབ་སྒྲོལ་མ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི《བོད་སྐད་གཙང་མ་ལ་འཇུག་པའི་བརྡ་དག་གསལ་བའི་སྒོ་འབྱེད》དུ། ར་འདོགས་ཅན་བཅུ་གསུམ་དུ་གྲངས་ངེས་པར་བྱས་རྗེས། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་ཞེས་རེ་རེ་བཞིན་དྲངས་ཡོད། ད་དུང་ཧོར་བཙུན་བསྟན་འཛིན་བློ་གྲོས་ཀྱི《གངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྤྲོད་པར་བྱེད་པའི་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ》རུ་ར་སྟ་ཐོབ་པ་བཅུ་གཉིས་ཞེས་བརྗོད་ཀྱང་འདྲེན་པའི་སྐབས་སུ་ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་ཐྲ་མྲ་ཤྲ་སྲ་ཧྲ་ཞེས་བཅུ་གསུམ་དྲངས་ཡོད། གོང་བཀོད་བརྡ་སྤྲོད་ཀྱི་གཞུང་དག་ལས་ར་བཏགས་བཅུ་གསུམ་དུ་གྲངས་ངེས་མཛད་པ་ཞལ་མཐུན་ནའང་འདྲེན་པའི་ཚེ་ན་ཐ་དང་ན། ཤ་ཡིག་བཅས་ལ་ར་བཏགས་འཐོབ་མིན་གྱི་བཞེས་ཁྱད་ལས་འདྲེན་ཚུལ་གསུམ་ཙམ་བྱུང་ཡོད། དེ་དག་གིས་ཐུན་མོང་དུ་འདོད་པའི་ར་བཏགས་ཀྱི་ཡི་གེ་ནི་ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་བཅུ་གཅིག་དང་། སོ་སོའི་ཐུན་མིན་གྱི་འདྲེན་སྟངས་ཐ་དད་དུ་གྱུར་པའི་ར་བཏགས་ཀྱི་ཡི་གེ་ནི་ཐྲ་དང་ནྲ། ཤྲ་ཡིག་གསུམ་ཡིན།
༥. ར་བཏགས་བཅུ་བཞི་རུ་བཞེད་པ་ནི།
གསེར་ཏོག་སྐུ་ཕྲེང་ལྔ་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས་ཤིང་བློ་བཟང་རྒྱལ་མཚན་གྱིས་བསྒྲིགས་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《གསེར་ཏོག་སུམ་རྟགས་ཀྱི་ཉེར་མཁོའི་བརྡ་སྤྲོད་ཀྱི་རེའུ་མིག》ཏུ། ར་སྟ་ཅན་གྱི་སྐབས་སུ་ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་ཞེས་བཅུ་བཞི་བགྲངས་ཡོད་པ་དང་།
གཙང་སྟོད་པ་བརྡ་སྤྲོད་སྨྲ་བའི་མཁས་པ་དཀར་ལེབས་དྲུང་ཡིག་གི་དངོས་སློབ་རྡོ་རྗེ་རྒྱལ་བོས་མཛད་པའི《སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ》རུ་ཡང་ར་བཏགས་ཅན་ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ་ཞེས་བཅུ་བཞི་བགྲངས་ཡོད། དེ་བཞིན་དུ་བརྡ་སྤྲོད་ཀྱི་གཞུང་འདི་གཉིས་ལ་བརྟེན་ནས་དེང་གི་བརྡ་སྤྲོད་སྨྲ་བ་ལྕགས་ཐར་རྒྱལ་གྱི《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》དང་པན་གཞུང་ནོར་བུ་བསམ་གྲུབ་ཀྱི《བརྡ་སྤྲོད་བློ་གསལ་ཉེར་མཁོ》 སློབ་དཔོན་དམ་པ་རེབ་གོང་བ་རྡོ་རྗེ་རྒྱལ་བོ་ལགས་ཀྱི《བརྡ་སྤྲོད་ཉི་མའི་འོད་ཟེར》 མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་དོན་གྲུབ་ལགས་ཀྱི《བརྡ་སྤྲོད་རིག་པའི་རྣམ་བཤད་བློ་གསལ་འཇུག་པའི་བདེ་ལམ》སོགས་སུའང་ར་བཏགས་བཅུ་བཞིར་བགྲངས་ཡོད། གོང་གི་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱི་བརྡ་སྤྲོད་ཀྱི་གཞུང་དག་ཏུ་ར་བཏགས་ཀྱི་གྲངས་ངེས་བཅུ་བཞིར་བཞེད་པ་མ་ཟད་འདྲེན་ཚུལ་གྱི་ངོས་ནས་བལྟས་ན་མི་མཐུན་པ་མེད་པར་ཕན་ཚུན་ཞལ་མཚུངས་སོ། །
དེས་ན་གོང་ནས་གྲངས་ངེས་མི་མཚུངས་པའི་ར་བཏགས་ཀྱི་འདྲེན་ལུགས་རྣམས་མཐར་ཆགས་སུ་བཀོད་དེ་ཞིབ་བསྡུར་དང་དཔྱད་པ་བྱས་པ་བརྒྱུད་ང་ཚོས་ཤེས་རྟོགས་བྱུང་བ་ནི་བརྡ་སྤྲོད་སྨྲ་བ་དག་གིས་ཐུན་མོང་དུ་བཞེད་པའི་ར་བཏགས་ཀྱི་ཡི་གེ་ནི། ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་བཅས་དགུ་ཡིན་པ་དང་། དེ་འཕྲོས་ཀྱི་ཏྲ་ཐྲ་ནྲ་མྲ་ཤྲ་བཅས་ལྔའི་ཐད་སྔ་ཕྱིའི་མཁས་པ་རྣམས་བཞེད་པ་མི་མཚུངས་སྟབས་རང་རེའི་བརྡ་སྤྲོད་ཀྱི་གཞུང་རྣམས་སུ་ར་བཏགས་ཀྱི་གྲངས་ངེས་སྐོར་ལ་བཞེད་ཚུལ་མི་མཐུན་པ་ལྔ་ཙམ་བྱུང་ཡོད།།
མཆན།
① རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱི《དག་ཡིག་ཉེར་མཁོ་བསྡུས་པ》སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་བསྒྲིགས་ཤིང་།
2014ལོའི་ཟླ12པར་སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་བཅུ་དགུ་བའི་ཤོག་ངོས4ནས5བར་གསལ།
② དབྱངས་ཅན་རོལ་བའི་འོ་མཚོའི《དག་ཡིག་མཁས་པ་དགའ་སྐྱེད་རྩ་འགྲེལ》1981ལོའི་ཟླ6པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཐེངས་དང་པོར་པར་དུ་བཏབ། ཤོག་ངོས1ན་གསལ།
③ དཔའ་རིས་སངས་རྒྱས་ཀྱི《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》2014ལོའི་ཟླ7བར་མི་རིགས་དཔེ་སྐྲུན་ཁང་གིས་ཐེངས་གསུམ་པར་པར་དུ་བཏབ། ཤོག་ངོས1ན་གསལ།
④མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ཁང་ནས་པར་དུ་བསྐྲུན་པའི་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་གླེགས་བམ་དང་པོའི་ཤོག་ངོས559ན་གསལ།
⑤མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཇ་བའི་ཤོག་ངོས6པར་གསལ། མི་རིགས་དཔེ་སྐྲུན་ཁང་གི2013ལོའི་ཟླ4བའི་པར་ཐེངས་གཉིས་པ།
⑥ཚུལ་ཁྲིམས་ཕུན་ཚོགས་ཀྱིས་མཛད་པའི《བརྡ་སྤྲོད་ཉི་ཤུ་བདུན་པ》1996ལོའི12པར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བཏབ་ཅིང་གཞོན་ནུ་ནོར་བཟང་གིས་བསྒྲིགས་པའི《བོན་གྱི་ཐ་སྙད་རིག་གནས་བསྟན་བཅོས་ཕྱོགས་བསྒྲིགས》ཏེ་གངས་ཅན་རིག་མཛོད་དེབ29བའི་ཤོག་ངོས233ན་གསལ།
⑦ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི《དག་ཡིག་ཚིག་གསལ་སྒྲོན་མེ》སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་བསྒྲིགས་ཤིང་།
2014ལོའི་ཟླ12པར་སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་ཉེར་གཅིག་པའི་ཤོག་ངོས114ན་གསལ།
⑧ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ་གྱི《ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན》2014ལོའི་ཟླ4བར་སི་ཁྲོན་ཏང་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་ཐེངས་གཉིས་པའི་ཤོག་ངོས32ན་གསལ།
⑨སུམ་པ་ཡེ་ཤེས་དཔལ་འབྱོར་གྱི《ཡི་གེའི་རྣམ་གཞག་རབ་གསལ་མེ་ལོང་ཞེས་པའི་མཆན་འགྲེལ་སོགས》2014ལོའི་ཟླ12པར་སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་ཉེར་བཞི་བའི་ཤོག་ངོས10ན་གསལ།
⑩ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའི《བརྡ་སྤྲོད་ཀུན་གྱི་སྙིང་བོ་སྲིད་པའི་སྒྲོན་མེ》 2014ལོའི་ཟླ12པར་སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་བཅུ་བཞི་བའི་ཤོག་ངོས293ན་གསལ།