མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཞེས་པའི་སློབ་ཁྲིད་གྲ་སྒྲིག

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང2013ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ། མཐུ་སྟོབས་རྒྱལ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18


[གནད་བཏུས] འདིར་མཐོ་འབྲིང་སློབ་མའི་བློ་ཁ་དང་བསྟུན་ཏེ་སྒྲུང་གཏམ་འདིའི་དཀའ་གནད་དང་གཙོ་གནད། མི་སྣ་དང་བྱུང་རིམ། ཁོར་ཡུག་བཅས་ལ་དབྱེ་ཞིབ་རགས་ཙམ་བྱས་ཤིང་། རྩོམ་འདིའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མདོར་བསྡུས་སུ་བྲིས་ཡོད།

[གནད་ཚིག] མེ་ཏོག ཀླན་ཀ མི་སྣ། བྱུང་རིམ། ཁོར་ཡུག


དང་པོ། སློབ་ཚན་གྱི་དཀའ་གནད་དང་གཙོ་གནད།

༡. སློབ་ཚན་གྱི་མི་སྣའི་སྣང་བརྙན་ལ་དབྱེ་ཞིབ་བྱེད་པ།

སྒྲུང་གཏམ་འདི་ནི་སྐྱེ་དངོས་ལ་བརྟེན་ནས་བྲིས་པའི་རབ་རྟོག་སྒྲུང་གཏམ་ཞིག་ཡིན་པས་མི་སྣའི་གཤིས་ཀ་ནི་སྐྱེ་དངོས་ཏེ་མེ་ཏོག་རིགས་མི་འདྲ་བ་དག་གི་རྣམ་པར་བརྟེན་ནས་རྟོག་བཟོ་དང་གསར་བཞེངས་བྱས་པ་ཞིག་རེད། མེ་ཏོག་དེ་དག་གི་ཐུན་མོང་མ་ཡིན་པའི་གཤིས་ཀ་དེ་དག་ཀྱང་གཙོ་བོ་རང་རང་གི་སྐད་ཆར་བརྟེན་ནས་མཚོན་པར་བྱས་ཡོད། རྩོམ་པ་པོས་ཐོག་མཐའ་བར་གསུམ་དུ་མི་སྣའི་བར་གྱི་གཏམ་གླེང་དང་ཤགས་འགྱེད་སོགས་གནའ་རབས་ཀྱི་སྒྲུང་དང་། གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་སྲོལ་རྒྱུན་གྱི་རབ་བཏགས་སམ་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་དང་། དེང་རབས་སྒྲུང་གཏམ་གྱི་མི་སྣའི་གཤིས་ཀ་དང་བསམ་བློའི་འཕེལ་འགྱུར་འགོད་སྟངས་ཟུང་དུ་སྦྲེལ་ཡོད་པས། སློབ་མར་མཚོན་ན་དཀའ་གནད་ཀྱི་མདུད་པར་སྣང་བས། རེ་རེ་བཞིན་བཀྲོལ་བར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེའོ།། (བར་སྐབས་ཀྱི་བྱ་འགུལ། ཚན་ཆུང་བགོས་ཏེ་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་རེ་རེ་ངོས་འཛིན་དང་དེ་དག་གི་ཐུན་མོང་མ་ཡིན་པའི་གཤིས་ཀར་དབྱེ་ཞིབ་བྱེད་དུ་འཇུག་པ།)

(༡) ཨ་མ་གཡུ་སྒྲོན་ནི་ལས་ལ་བརྩོན་ཞིང་བློ་རྒྱ་ཆེ་བ། སྤང་བླང་གི་གནས་འབྱེད་ཤེས་པའི་གཟུ་བོའི་བློ་གྲོས་དང་ལྡན་པ། མིག་རྒྱང་རིང་བ་ཞིག་ཡིན་པ་མཚོན་ཡོད།

(༢) མེ་ཏོག་ཧ་ལོ་ནི་གཉིད་ལ་དགའ་ཞིང་ཕྲག་དོག་ཆེ་བ། ཁ་ཡག་ངོ་བསྟོད་ལ་དགའ་བ། མཐོ་འདོད་གྲགས་འདོད་ལ་དགའ་བ། ང་རྒྱལ་ཆེ་ཞིང་གཞན་ལ་ཁྱད་གསོད་དང་དམའ་འབེབས་བྱེད་པར་ཡང་འཛེམས་དོགས་མེད་པ་ཞིག་ཡིན་པ་བྲིས་ཡོད།

(༣) ཐག་འཁྱུད་མེ་ཏོག་ནི་ཡིན་མིན་གྱི་དབྱེ་བ་ཤེས་བཞིན་དུ་རང་གི་གྱོང་ལ་དམིགས་ཏེ། བདེན་དོན་སྦས་ཤིང་ཟོལ་ཚིག་སྨྲ་བ། མཐོ་ལ་ངོ་དགའ་དང་དམའ་ལ་ངན་སྨྲ། རང་གི་ཁེ་ཕན་ཁོ་ནར་དམིགས་ཏེ་བྱ་བར་འཇུག་ལྡོག་བྱེད་མཁན་ཞིག་གོ།

(༤) མེ་ཏོག་ཁྲ་ཐིག་ནི་བདེན་ལུགས་འཛིན་ཅིང་སྙིང་སྟོབས་ཡོད་པ། དོན་ཆེན་གང་ལ་འཕྲད་ཀྱང་བློ་གཟུ་བོར་གནས་པའི་དཔང་པོ་བྱེད་མཁས་པ་ཞིག་ཡིན་པ་བྲིས་ཡོད།

(༥) ཧད་ད་མཚལ་ཀ་ནི་ཞི་དུལ་བག་ཡོད་ཚུལ་དང་ལྡན་ལ། བསམ་པ་དཀར་ཞིང་གཞན་ལ་གནོད་མི་སྐྱེལ་བ། རང་བཞིན་བཟང་ཡང་། ལྷག་བསམ་ཆེ་ཐལ་བས་བདེན་དོན་གྱི་མཐར་འཁྱོལ་བྱེད་མི་ཐུབ་པ་ཞིག་ཡིན་པ་བྲིས་ཡོད།

(༦) སེ་བ་མེ་ཏོག་ནི་སྨྲ་བ་ཉུང་ཞིང་དྲང་གཏམ་བརྗོད་མཁན་ཞིག་ཡིན་པ་བྲིས་ཡོད།

(༧) བུང་བ་བློ་གསལ་ནི་བློ་རིག་གསལ་ཞིང་ལེགས་ཉེས་བླང་དོར་གྱི་གནས་འབྱེད་ལ་མཁས་པ། རང་གཞན་སུ་ལའང་ཕྱོགས་རིས་མེད་པ་ཞིག་ཡིན་པ་བྲིས་ཡོད།

༢. མི་སྣའི་གཏམ་གླེང་ཐད་ཀྱི་དཀའ་གནད་འགའ།

དེ་ཡང་སྒྲུང་གཏམ་འདི་ནི་སྲོལ་རྒྱུན་རབ་རྟོག་གི་འབྲི་ཐབས་དང་། དེང་རབས་སྒྲུང་གཏམ་གྱི་མི་སྣའི་གཤིས་ཀ་དང་བསམ་བློའི་འཕེལ་འགྱུར་འགོད་སྟངས་ཟུང་དུ་འབྲེལ་ནས་བྲིས་པ་ཞིག་ཡིན་ལ། མི་སྣའི་གཏམ་གླེང་དག་ཚིགས་བཅད་ཀྱི་ལམ་ནས་བརྗོད་ཅིང་། དེར་དཔེ་རྒྱན་དང་གཟུགས་རྒྱན་སོགས་འོས་འཚམ་གྱིས་བཀོལ་ནས་ཚིག་ཉམས་ཐོན་པར་བྱས་པ་དང་། ད་དུང་མངོན་བརྗོད་དང་བརྡ་རྙིང་ཡང་མི་ཉུང་བ་ཞིག་བཀོལ་ཡོད་པ། དེ་དག་ལ་ང་ཚོ་རང་ངོས་ནས་གོ་བ་ཙམ་ལེན་ཐུབ་མོད། བྱ་དཀའ་བའི་རྒྱན་གྱིས་བཅིངས་པའི་ཚིགས་བཅད་དག་ནི་ཅུང་དཀའ་བའི་གནས་སུ་སྣང་བས། དེར་མཆན་འགྲེལ་ཉུང་ངུ་ཙམ་འགོད་པར་བྱའོ།།

(༡) ལྐུགས་པ་མིན་ཡང་སྨྱོན་པ་མིན་པ་ལྐུགས།། ཞེས་པའི་དོན་ནི་ལྐུགས་པ་ནི་ངག་ནས་སྐད་ཆ་མི་ཤོད་པ་ལ་ཟེར། ངག་ནས་སྐད་ཆ་མི་ཤོད་པའི་ལྐུགས་པ་ནི་ཁྱོད་མ་ཡིན་ལ། ཤེས་པ་འཁྲུགས་པའི་སྨྱོན་པའང་ཁྱོད་མ་ཡིན། ཁྱོད་ནི་གང་ལ་ཁ་ཡག་ངོ་དགའ་བྱེད་དགོས་པ་དང་། གང་ལ་རྒྱབ་རྟེན་བཅོལ་དགོས་པ་མི་ཤེས་པ་སྟེ། བཟང་ངན་ལེགས་ཉེས་འབྱེད་མི་ཤེས་པས་དོན་ལ་ལྐུགས་པ་རེད་ཅེས་པའི་དོན་ནོ།།

(༢) བཟང་པོར་ངན་བྱེད་གནོད་བྱེད་ངན་པོར་བཟང་།། ཞེས་པའི་དོན་ནི་ཁྱོད་ནི་མི་བཟང་པོའམ་ཁྱོད་ལ་བཟང་བའི་མི་ལ་ཁྱོད་ཀྱིས་ངན་བྱེད་པ་དང་། ཁྱོད་ལ་གནོད་པ་བྱེད་པའི་མི་ངན་ལ་ཁྱོད་བཟང་བ་རེད་ཅེས་པའི་དོན་ནོ།།

(༣) ངན་ཤོར་ལང་ལ་སེམས་ལ་ལང་ཤོར་ངན།། ཞེས་པའི་དོན་ནི་ངན་གྱི་རིགས་བྱེད་པར་གོམས་པའི་མི་ནི། ལང་ཤོར་ཏེ་བྱ་ངན་སྤྱོད་ངན་གཤིས་སུ་གྱུར་པ་ཡིན་ལ། སེམས་བཙོག་པའི་མི་ནི་ལང་ཤོར་ངོ་མ་ཡིན་ཞེས་པའི་དོན་ནོ།།

(༤) ངན་ཅན་མཁས་ལ་ཁ་ལ་མཁས་ཅན་ངན།། ཞེས་པའི་དོན་ནི་སེམས་ལ་ངན་པ་དྲན་པའི་མི་ནི་བྱ་ངན་སྒྲུབ་པར་མཁས་པ་དང་། ཁ་མཁས་པའི་མིའི་སེམས་པ་ངན་པའོ་ཞེས་པའི་དོན་ནོ།།

(༥) ལེགས་པ་སེམས་ལ་འཆར་བ་སེམས་པ་ལེགས།། ཞེས་པའི་དོན་ནི་བྱ་བ་བཟང་བོ་སེམས་ལ་འཆར་བའི་མིའི་སེམས་པ་ནི་བཟང་ཞེས་པའི་དོན་ནོ།།

(༦) མཁས་པ་ཁྲམ་མེད་བློ་མེད་ཁྲམ་པར་མཁས།།
ཞེས་པའི་དོན་ནི་མཁས་པ་ཡིན་ན་གཞན་ལ་མགོ་སྐོར་གཏོང་བའི་གཡོ་སྒྱུ་མེད་པ་དང་། བློ་མེད་དེ་ཆ་འཇོག་མེད་པའི་མི་ནི་གཡོ་སྒྱུ་བྱེད་པར་མཁས་ཞེས་པའི་དོན་ནོ།།

(༧) མཁས་པ་ཀློ་ལས་མི་ལས་ཀློ་པ་མཁས།། ཞེས་པའི་དོན་ནི་མཁས་པས་ཀློ་ལས་ཏེ་མ་ཤེས་པར་རྨོངས་པ་དང་། རྩུབ་སྤྱོད་ཀྱི་བྱ་བ་མི་སྒྲུབ་པ་དང་། ཀློ་པ་སྟེ་ཤེས་མེད་སྨྱོན་པ་ནི་ཀློ་ལས་བྱེད་པར་མཁས་ཞེས་པའི་དོན་ནོ།།

༣. སློབ་ཚན་གྱི་བྱུང་རིམ་ལ་དབྱེ་ཞིབ་བྱེད་པ།

(༡) བྱུང་རིམ་གྱི་འགལ་བ་མགོ་རྩོམ་པའི་རིམ་པ།

ལས་ལ་བརྩོན་ཞིང་ཁོག་རྒྱ་ཡངས་པའི་ཁྱིམ་འཛིན་མ་ཨ་མ་གཡུ་སྒྲོན་གྱིས་ལྡུམ་རའི་ནང་གི་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་ལ་ལྟད་མོར་གཡེང་ནས་སྡོད་སྐབས། མེ་ཏོག་ཧ་ལོས་རང་གི་སྒྱིད་ལུག་སྐྱུར་ནས་ཨ་མ་གཡུ་སྒྲོན་ལ་སྐུར་འདེབས་བྱས་པ་དང་། མེ་ཏོག་སེ་བས་ཧ་ལོ་ལ་དྲང་གཏམ་བརྗོད་པ། ཧ་ལོས་དེར་ཞེ་སྡང་ལངས་ནས་ཁེངས་དྲེགས་ཀྱིས་ལན་བཏབ་པའི་རིམ་པ་ནི། མེ་ཏོག་ཧ་ལོས་མེ་ཏོག་ལྡུམ་རའི་ནང་ཀླན་ཀ་སློང་བའི་རྒྱུ་བསྐྲུན་པའམ་བྱུང་རིམ་གྱི་འགལ་བ་མགོ་བརྩམས་པའི་རིམ་པ་ཡིན་ལ། དེ་ལས་སྤྱི་ཚོགས་འཚོ་བའི་ནང་གི་རང་མཐོ་ང་རྒྱལ་ཅན་དང་གཞན་དག་མིག་ནང་དུ་མི་སྣང་བའི་སྐྱེ་བོ་དག་གི་རང་གཤིས་ངན་པ་ཐེར་འདོན་བྱས་ཡོད།

(༢) བྱུང་རིམ་གྱི་འགལ་བ་འཕེལ་རྒྱས་སུ་ཕྱིན་པའི་རིམ་པ།

ཧད་ད་མཚལ་ཀས་ཧ་ལོར་བསླབ་བྱའི་ཁ་ཏ་ཅི་མང་བཏང་རུང་ཧ་ལོས་ཉན་པ་ཕར་ཞོག་ཞེ་སྡང་ལྷག་པར་ཇེ་ཆེར་སོང་བ་དང་། ཐག་འཁྱུད་ཀྱིས་ཧ་ལོར་ངན་གྲོགས་བྱས་ནས་ཟོལ་བསྟོད་བྱས་པས་ཧ་ལོའི་ང་རྒྱལ་ཇེ་ཆེར་སོང་བ། ཧ་ལོས་རང་གི་མཛེས་ཆོས་ལ་འགྲན་ནུས་གཅིག་ཀྱང་མི་འདུག་སྙམ་པའི་འཁྲུལ་སྣང་གིས་རང་ཉིད་ཀུན་གྱི་གཙུག་ཏུ་འཛིན་པའི་ཧམ་སེམས་བཅངས་པའི་རིམ་པ་ནི། བྱུང་རིམ་གྱི་འགལ་བ་མགོ་བརྩམས་པ་ནས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པའི་རིམ་པ་སྟེ། ཧ་ལོས་ཀླན་ཀ་བསླངས་པ་ནས་རིམ་བཞིན་ཞེ་སྡང་ཇེ་ཆེ་དང་། ང་རྒྱལ་ཇེ་ཆེ། ཧམ་སེམས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་བྱུང་རིམ་ཡང་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་དོ།། རྣམ་པ་དེ་ལས་སྤྱི་ཚོགས་འཚོ་བའི་ནང་གི་སྐྱེ་བོ་སྣ་ཚོགས་པའི་གཤིས་ཀ་རྗེན་པར་མཚོན་ཡོད་ལ། ལྷག་པར་ཐག་འཁྱུད་ལྟ་བུའི་འཚོ་བ་གཞན་བརྟེན་དུ་གནས་པ་དང་། རང་ཚུགས་མི་ཐུབ་པའི་ཐ་ཤལ་གྱི་བྱ་སྤྱོད་དག་ལ་མཚང་འབྲུ་བྱས་ཡོད་པའོ།།

(༣) བྱུང་རིམ་གྱི་འགལ་བ་འཕེལ་རྒྱས་ནས་ཛ་དྲག་ཏུ་གྱུར་པའི་རིམ་པ།

མེ་ཏོག་ཁྲ་ཐིག་གིས་ཡིན་མིན་གོ་ལྡོག་འབྱེད་པའི་གཏམ་སྨྲས་པ་དང་། ཨ་མ་གཡུ་སྒྲོན་གྱིས་བདེན་དཔང་བྱས་པ། ཀུན་གྱིས་ཧ་ལོའི་ཧམ་སེམས་རང་སྐྱོན་དེ་ཐེར་འདོན་བྱས་མཐར་ཐག་འཁྱུད་ངོ་ལོག་ནས་གྲོགས་གཞན་འཚོལ་བར་ཕྱིན་ཏེ་ཕྱིར་ཧ་ལོར་མཚང་འབྲུ་བྱས་པའི་རིམ་པ་ནི། བྱུང་རིམ་གྱི་འགལ་བ་གདོང་ཐུག་གམ་ཛ་དྲག་ཏུ་ཕྱིན་པ་སྟེ། ཧ་ལོ་དང་ཐག་འཁྱུད་གཉིས་ཕན་ཚུན་འགྲོགས་པ་ནས་རིམ་བཞིན་འགལ་བར་གྱུར་མཐར་ཕན་ཚུན་གདོང་ཐུག་ཏུ་ལངས་ཏེ་མཚང་འབྲུ་བྱས་པ་ནི་བྱུང་རིམ་གྱི་འགལ་བ་གདོང་ཐུག་གམ་ཛ་དྲག་གི་རིམ་པའོ།།

(༤) བྱུང་རིམ་གྱི་འགལ་བ་མཇུག་བསྡུ་བའི་རིམ་པ།

ཨ་མ་གཡུ་སྒྲོན་གྱིས་མེ་ཏོག་ལྡུམ་རའི་མཛེས་པའི་དཔལ་ནི་མེ་ཏོག་གི་མཛེས་ཆོས་ལས་གྲུབ་པའི་གནས་ལུགས་དང་། ཧ་ལོ་དང་ཐག་འཁྱུད་གཉིས་ཀྱང་རང་སྐྱོན་ངོས་ལེན་པ་དང་འགྱོད་སེམས་སྐྱེས་པ་ལ་གཟིགས་ནས་ཚང་མས་ཁོ་གཉིས་རྒྱང་ཕུད་གཏོང་བ་ཕར་ཞོག་དེ་ལས་ལྡོག་སྟེ། མཐུན་སྒྲིལ་དང་རོགས་རམ་གཅེས་སྐྱོང་བྱས་པར་བརྟེན་མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཡོངས་སུ་འཇགས་ནས། དེ་སྔར་བཞིན་སྤྲོ་ཉམས་ལྡན་པའི་རྣམ་པ་ཡིད་དུ་འོང་བ་ཞིག་མངོན་ཡོང་བར་བསྟན་པའི་རིམ་པ་ནི་བྱུང་རིམ་གྱི་མཇུག་བསྡུ་བའམ་ཐག་བཅད་པའི་རིམ་པ་སྟེ། སྤྱིར་སྒྲུང་གང་ཞིག་ཡིན་རུང་མཇུག་འབྲས་ནི་སྤྲོ་གར་དང་སྐྱོ་གར་དེ་གཉིས་གང་ཡང་མ་ཡིན་པའི་བར་མ་སྟེ་རྣམ་པ་གསུམ་ལས་མ་འདས་པས། སྒྲུང་གཏམ་འདི་ཡང་སྤྲོ་གར་གྱི་རྣམ་པའི་སྒོ་ནས་མཇུག་བསྡུས་པ་ཞིག་གོ། དེ་ལས་ང་ཚོའི་ཁ་དཔེར། ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད།། མི་སྐྱོན་མེད་འཛམ་བུ་གླིང་ན་མེད།། ཅེས་པའི་དཔེ་ལྟར་མི་སུ་ཞིག་ཡིན་རུང་ནོར་འཁྲུལ་བཟོ་སྲིད་ཀྱང་། འོན་ཏེ་རང་རང་གི་ནོར་འཁྲུལ་ངོས་ལེན་དང་དེ་ལས་ཀྱང་བཅོས་སྒྱུར་བྱེད་ཐུབ་པ་ནི་སྤྱོད་བཟང་ཞིག་སྟེ། དེ་ནི་མི་གཤིས་ཀྱི་སྲོག་ཤིང་དང་། མཐུན་སྒྲིལ་དང་ཞི་བདེའི་རྩ་བའང་ཡིན་པས། དེ་ལྟ་བུའི་སྤྱོད་བཟང་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བར་ནན་གྱིས་བསྐུལ་ཞིང་སྨོན་པ་བྱས་ཡོད་དོ།།

གཉིས་པ། སློབ་ཚན་གྱི་བརྗོད་བྱའི་སྙིང་བོ།

སློབ་ཚན་འདིར་རྩོམ་པ་པོས་ཡིད་དུ་འོངས་པའི་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་བསྐྲུན་ཞིང་། དེ་ལས་མེ་ཏོག་ཧ་ལོས་ལྡུམ་ར་དེར་ཀླན་ཀ་བསླངས་ཏེ། མེ་ཏོག་ཕན་ཚུན་བར་རྩོད་གླེང་བྱུང་ནས་འགལ་བ་ཛ་དྲག་ཏུ་ཕྱིན་པ་དང་། མཐར་ཨ་མ་གཡུ་སྒྲོན་གྱིས་འགལ་བ་དེ་དག་ཐག་བཅད་དེ། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཡོངས་སུ་འཇགས་ནས། སྔར་བཞིན་སྤྲོ་ཉམས་ལྡན་པའི་རྣམ་པ་ཡིད་དུ་འོང་བ་ཞིག་མངོན་པར་བྱས་པ་ནི་སློབ་ཚན་འདིའི་བརྗོད་བྱ་ཡིན། དེ་ལས་སྤྱི་ཚོགས་འཚོ་བའི་ནང་གི་རང་མཐོ་ང་རྒྱལ་ཅན་དང་གཞན་དག་མིག་ནང་དུ་མི་སྣང་བའི་སྐྱེ་བོ་དག་གི་རང་གཤིས་ངན་པ་ཐེར་འདོན་བྱས་ཡོད་པ་དང་། ལྷག་པར་ཐག་འཁྱུད་ལྟ་བུའི་འཚོ་བ་གཞན་བརྟེན་དུ་གནས་པ་དང་། རང་ཚུགས་མི་ཐུབ་པའི་ཐ་ཤལ་གྱི་བྱ་སྤྱོད་དག་ལ་མཚང་འདྲུ་བྱས་ཡོད། མི་སུ་ཞིག་ཡིན་རུང་ནོར་འཁྲུལ་བཟོ་སྲིད་ཀྱང་། རང་རང་གི་ནོར་འཁྲུལ་དེ་ངོས་ལེན་དང་དེ་ལས་ཀྱང་བཅོས་སྒྱུར་བྱེད་ཐུབ་པ་ནི་སྤྱོད་བཟང་ཞིག་སྟེ། དེ་ནི་མི་གཤིས་ཀྱི་སྲོག་ཤིང་དང་། མཐུན་སྒྲིལ་དང་ཞི་བདེའི་རྩ་བའང་ཡིན་པས། དེ་ལྟ་བུའི་སྤྱོད་བཟང་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བར་ནན་གྱིས་བསྐུལ་བ་ནི་ཤུགས་བསྟན་གྱི་བརྗོད་བྱ་གཙོ་བོ་ཡིན།

གསུམ་པ། རྩོམ་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས།

༡. སྲོལ་རྒྱུན་སྒྲུང་གཏམ་གྱི་ཁྱད་ཆོས་མངོན་ཡོད་པ།

བརྩམས་སྒྲུང་འདིར་སྲོལ་རྒྱུན་སྒྲུང་གཏམ་གྱི་ཁྱད་ཆོས་ཕྱོགས་གསུམ་ནས་མངོན་ཡོད་དེ། སྐྱེ་དངོས་མེ་ཏོག་འགའ་མི་རུ་རྟོག་བཟོ་བྱས་ཏེ་མིའི་བསམ་སྤྱོད་དང་ལྡན་པར་བྲིས་པ་ཏེ་ཡིན་ཡང་འབྲི་སྟངས་ཀྱི་ཆ་ནས་སྔར་གྱི་གནའ་གཏམ་དང་སྒྲུང་། གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་ཀྱི་རབ་བཏགས་སམ་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ཡོད་པ་དང་གཅིག རྩོམ་ལུས་ནི་བཅད་ལྷུག་སྤེལ་མས་གྲུབ་པ་དང་། མི་སྣའི་བར་གྱི་གཏམ་གླེང་ནི་ཚིགས་བཅད་ཡིན་ལ། མངོན་བརྗོད་དང་བརྡ་རྙིང་ཡང་ཅུང་བཀོད་ཡོད་པ་དང་གཉིས། མི་སྣའི་བར་གྱི་གཏམ་གླེང་ངམ་ཚིགས་བཅད་དེ་དག་ལ་སྲོལ་རྒྱུན་སྙན་ངག་གི་ཉམས་ཡོངས་སུ་ཐོན་ཡོད་པ་དང་གསུམ་མོ། །

༢. དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད་པ།

མེ་ཏོག་རེ་རེར་རྩོམ་གྱི་བསྟན་དོན་དང་འབྲེལ་བའི་གཤིས་ཀ་རེ་གསར་བཞེངས་བྱས་ཏེ། སྤྱི་ཚོགས་འཚོ་བའི་ནང་གི་གནས་ཚུལ་དངོས་དེ་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད་པ་དང་། གཏམ་རྒྱུད་བྱུང་རིམ་གྱི་ཆ་ནས་ཀྱང་འགལ་བའི་མགོ་ཚུགས་པ་ནས་འཕེལ་བ་དང་། རིམ་བཞིན་འགལ་བ་གདོང་ཐུག་ཏུ་ལངས་པ། མཐར་འགལ་བ་ཐག་བཅད་པ་སྟེ། བསམ་བློའི་འཕེལ་འགྱུར་འགོད་སྟངས་ཏེ་གསལ་བོར་མངོན་ཡོད་པ། ཡིད་དུ་འོང་བའི་ལྡུམ་ར་སྟེ་ཁོར་ཡུག་ཆུང་ཆུང་གི་རྟོག་ངོས་ལས། སྤྱི་ཚོགས་འཚོ་བའི་ཟུར་ངོས་རེ་རེ་དང་། རྩོམ་པ་པོའི་མཛེས་དཔྱོད་ཀྱི་མྱོང་ཚོར་ཡང་མཚོན་པར་བྱས་ཡོད་པ་བཅས་སོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1