མཁས་པའི་བཤད་སྲོལ་གང་ཡིན་རྗེས་མི་འབྲང་། །ནུས་ལྡན་གཏན་ཚིགས་སྦྱར་ནས་སྒྲུབ་པར་བྱེད། །དཔྱད་ཚུལ་ཐབས་དང་རྣམ་པ་མང་པོ་ཡིས། །ཁྱབ་དང་མ་ཁྱབ་འགལ་འདུ་ཡོད་མེད་སོགས། །གོ་སྦོམ་མ་ཡིན་ཆུ་ཐུབ་རིགས་པ་ཡིས། །ནན་ཏན་བྱེད་པ་ཤིན་ཏུ་གལ་ཆེན་ཡིན། །དཔྱད་འབྲས་དམ་བཅའ་དེ་ཡང་ལུང་རིགས་ཀྱིས། །ངེས་པ་རྙེད་པའི་བྲག་ཐོག་ཕུར་པ་དགོས། །
རིགས་པའི་གཏད་སོ་མེད་པའི་དམ་བཅས་ན། །རྩོམ་ཡིག་གྲངས་བསོག་ཙམ་ལས་རིན་ཐང་མེད། །སྔོན་ལ་དཔྱད་འཇོག་བྱས་ཏེ་རྟོག་བཟོ་ཡིས། །སྟོང་པའི་དབྱིངས་སུ་སྤྱི་དབྱིབས་ཁོག་འབུབ་ཅིང་། །དེ་མཐུན་དཔྱད་འབྲས་དཔེར་བརྗོད་རྙེད་པའི་ཚེ། །ཡིད་ཆེས་ཚན་རིག་གཞུང་དུ་བརྩི་བ་ཡིན། །དོན་གྱི་གནས་ལུགས་ཕྲ་ཞིབ་འགྱུར་ལྡོག་མང་། །བློ་ཡི་འཆར་སྒོ་འདྲ་མིན་ཁྱད་པར་ཆེ། །དེ་ཕྱིར་སྤྱི་མཐུན་འགྱུར་མེད་ངེས་སྲོལ་ཞིག །ཚན་རིག་གཞུང་ན་མེད་ཅེས་མཁས་རྣམས་གླེང་། །