རི་མཐོ་ས་གཙང་གི་མཐོ་སྒང་དུ་འཚོ་ཞིང་གནས་པའི་རང་རེའི་མི་རིགས་ནི་གནའ་སྔ་མོ་ནས་བཟུང་རང་བྱུང་གི་སྣང་ཚུལ་སྣ་ཚོགས་ལ་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་དགའ་ཞིང་། དེང་གི་དུས་འདི་ལའང་བོད་ཀྱི་ཡུལ་གྲུ་མང་པོ་ཞིག་ན་ནམ་མཁའི་སྐར་མ་ལ་བལྟས་ནས་ནམ་ཚོད་འཛིན་པ་དང་། བྱ་བའི་ལེགས་ཉེས་ལ་བརྟག་པ། དུས་ཚིགས་དབྱེ་བའི་སྣང་ཚུལ་སོགས་མཐོང་རྒྱུ་ཡོད། སྤྱིར་བཏང་ལོ་རུས་བཅུ་གཉིས་ནི་ལོ་རེ་རེའི་མཚོན་བྱ་ཡིན་ཞིང་། ལོ་རུས་བཅུ་གཉིས་ལ་འབྱུང་བ་ཤིང་མེ་ས་ལྕགས་ཆུ་བཅས་ལྔ་བོ་ཐེངས་གཅིག་འཁོར་ན་ལོ་དྲུག་ཅུ་འདས་པ་དང་། རབ་བྱུང་གཅིག་གི་དུས་ཡུན་རེད། འོ་ན་ལོ་རུས་བཅུ་གཉིས་དང་ཁྱིམ་བཅུ་གཉིས་བར་ན་འབྲེལ་བ་ཅི་ཞིག་ཡོད་དམ་ཟེར་ན།
སྟག་གིས་ལོ་མགོ་བཟུང་བའི་རི་མོ་ནས་བལྟས་ན་སྟག་གི་ལག་ཏུ་གཞུ་ཐོགས་པ་དེས་ཉི་མ་གཞུ་ཡི་ཁྱིམ་ལ་བབ་པའི་ཚེ་ནམ་ཟླའི་དབང་གིས་ས་གཞི་གཞུ་ལྟར་ཅུང་འཁུམས་སྲིད་པའམ་ཡང་ན་གཞུ་སྲ་བའི་དུས་དང་། སྟག་དང་ཝ་མོ་སོགས་གཅན་གཟན་རྣམས་ཀྱི་གྲ་འདོན་པའི་དུས་ཀྱང་ཡིན་པས་རྒྱུན་དུ་བོད་ཟླ་བཅུ་གཅིག་པ་སྟག་གིས་མཚོན། གཞུ་སྲ་བའི་དུས་ནི་སྟག་གིས་མཚོན་པའི་བོད་ཟླ་བཅུ་གཅིག་པ་ཡིན་པའང་ཤེས་དགོས།
ལོ་རུས་ཡོས་བུ་དང་ཉི་མའི་ཁྱིམ་ཆུ་སྲིན་གཉིས་མཉམ་དུ་ཡོད་པའི་རི་མོ་ཡིས་ཉི་མ་ཆུ་སྲིན་གྱི་ཁྱིམ་ལ་གནས་པའི་ཚེ་ནམ་ཟླ་ཧ་ཅང་གྲང་བའི་རྐྱེན་གྱིས་ཆུ་སྲིན་རྒྱ་མཚོ་ལས་ཕྱིར་བུད་དེ་ཕྱི་རོལ་ནས་ཉི་མ་ལ་བསྟན་ནས་འདུག་པ་དང་། ཡོས་བུས་ཚང་དྲུས་ནས་ཡིབ་པས་ཡེས་བུ་ནི་བོད་ཟླ་བཅུ་གཉིས་ཀྱི་མཚོན་བྱེད་དང་། ཆུ་སྲིན་རྒྱ་མཚོ་ལས་ཕྱིར་འབུད་པའི་དུས་ཀྱང་སྐབས་འདི་དུས་རེད།
འབྲུག་གི་ལག་ཏུ་བུམ་པ་བསྣམས་པའི་རི་མོ་ཡིས་ཉི་མ་བུམ་པའི་ཁྱིམ་ལ་བབ་ཚེ་བུམ་པའི་ཆང་གི་ཆང་རོ་ནུས་པ་དང་ལྡན་པའམ་ཡང་ན་ཆུ་ཞུ་བའི་དུས་ཡིན་ཟེར། འབྲུག་སྒྲའང་ཐོག་མར་གྲགས་པས་འབྲུག་ནི་བོད་ཟླ་དང་པོའི་མཚོན་བྱེད་དང་། བོད་ཟླ་དང་པོ་ནི་ཆུ་ཞུ་ཞིང་ཆང་རོ་ཞུམ་པའི་དུས་ཡིན་པ་འབྲུག་དང་བུམ་པའི་རི་མོ་གཉིས་ཀྱིས་མཚོན།
བཤད་རྒྱུན་ལ་སྦྲུལ་ནི་ཟླ་དང་པོའི་མཚོན་བྱེད་ཡིན་ཀྱང་སྦྲུལ་ཤུན་མ་བརྗེས་པས་ཟླ་གཅིག་ཕྱིར་འགྱངས་བྱས་པར་གྲགས་པས་སྦྲུལ་ཡིས་བོད་ཟླ་གཉིས་པ་མཚོན། སྦྲུལ་དང་ཉ་གཉིས་མཉམ་དུ་གནས་པའི་རི་མོ་ཡིས་ཉི་མ་ཉའི་ཁྱིམ་ལ་བབ་པའི་ཚེ་ཉ་རྣམས་གནས་ནས་ལྡང་ཏེ་ཤེད་བཟང་ཞིང་ཆུ་ལ་རྒྱུ་བའི་དུས་ཡིན་པ་མ་ཟད། སྦྲུལ་ཀྱང་ས་ཁར་བུད་ནས་སྦྲུལ་ཤུན་བརྗེ་བའི་དུས་ལ་ཐོན་ཡོད་པས་སྐབས་འདི་ནི་བོད་ཟླ་གཉིས་པ་ཡིན་ཞིང་། ཉ་ཡང་ཤེད་བཟང་བའི་དུས་ཡིན་པ་མཚོན།
ལུག་དང་རྟ་གཉིས་མཉམ་དུ་ཡོད་པའི་རི་མོ་ཡིས་ཉི་མ་ལུག་གི་ཁྱིམ་ལ་བབ་ཚེ་དུས་ཚིགས་དང་བསྟུན་ནས་རང་རེའི་བོད་པ་རྣམས་ཀྱིས་ལུག་བལ་འབྲེག་པ་དང་། ལུ་གུ་སྐྱེ་བ། རྟ་རྒོད་མར་རྟེའུ་གནོན་པའི་དུས་ལ་སླེབས་ཡོད་པས་རྟ་ནི་བོད་ཟླ་གསུམ་པའི་མཚོན་བྱེད་དང་། ལུ་གུ་སྐྱེ་བའི་དུས་ཀྱང་བོད་ཟླ་གསུམ་པ་ཡིན་པ་ཤེས་དགོས།
ལུག་གཅིག་དང་གླང་གཉིས་ཀྱིས་ཞིང་རྨོ་བའི་རི་མོའི་མཚོན་དོན་ནི་ཉི་མ་གླང་ཁྱིམ་ལ་གནས་ཚེ་གླང་རྣམས་རོལ་དུ་འཇུག་པ་དང་། གླང་རྣམས་ཀྱིས་ཞིང་རྨོ་བའི་དུས་ལ་སླེབས་ཡོད་པར་བཤད། (བོད་ཀྱི་ས་ཆ་སོ་སོའི་ཞིང་འདེབས་པའི་དུས་ཚོད་མི་མཐུན་པ་ལས་གོ་བ་ལེན་དགོས།) ལུག་དཀར་ནག་སྤང་རིའི་ལོགས་ནས་འགྲངས་ཞེས་ལུག་གིས་མཚོན་པའི་བོད་ཟླ་བཞི་བའི་སྐབས་སུ་རྩྭ་ཆུ་བཟང་བ་ཡང་ཤེས་ཐུབ།
སྤྲེལ་གཅིག་དང་ཕོ་མོ་གཉིས་ཀྱིས་འཁྲིག་པའི་ལས་བྱེད་པའི་རི་མོས་ཉི་མ་འཁྲིག་པའི་ཁྱིམ་ལ་བབ་ཚེ་སྲོག་ཆགས་ཕལ་ཆེར་འདོད་པ་ཤས་ཆེ་བར་འགྱུར་བ་དང་། སྤྲེའུ་ཡི་བཟའ་ཆས་ཤིང་ཏོག་སྨིན་པས་སྤྲེལ་ནི་བོད་ཟླ་ལྔ་བའི་མཚོན་བྱེད་དང་། བོད་ཟླ་ལྔ་བའི་སྐབས་སུ་དུད་འགྲོ་དང་སྐྱེས་ཕོ་མོ་ཕལ་ཆེར་སྙོམས་པར་འཁྲིག་པའི་བདེ་བ་ལ་ཞུགས་འདོད་པའི་དུས་ཡིན་པ་ཡང་མཚོན།
ཀརྐ་ཊའམ་སྦལ་པ་རུ་འབོད་པའི་སྲོག་ཆགས་གཉིས་དང་བྱ་ཡིས་ཉི་མ་ཀརྐ་ཊའི་ཁྱིམ་ལ་བབ་ཚེ་སྦལ་པ་རྣམས་ཀྱིས་སྐད་འབྱིན་པ་དང་། ལ་དང་ལུང་བའི་བྱ་དང་གཅན་གཟན་རྣམས་ཀྱང་འགྲངས་པའི་དུས་ཡིན་པས་བོད་ཟླ་དྲུག་པ་བྱ་ཡི་ཟླ་བ་དང་། སྦལ་པས་འདིའི་སྐབས་སུ་སྐད་འབྱིན་པ་ཡིན།
ཁྱི་དང་སེང་གེ་གཉིས་ཀྱིས་གྲུབ་པའི་རི་མོས་ཉི་མ་སེང་གེའི་ཁྱིམ་ལ་བབ་ཚེ་སེང་གེས་ཆགས་པ་སྤྱོད་པའི་དུས་དང་སེང་གེ་དང་ཁྱི་རྣམས་འདོད་པ་ལ་འཇུག་ཅེས་བཤད་ཚུལ་གཉིས་ཡོད། བོད་ཟླ་བདུན་པ་ནི་ཁྱི་ཡི་ཟླ་བ་ཡིན་པ་ཡང་འདིས་མཚོན།
བུ་མོ་གཅིག་དང་ཕག་གཉིས་ཀྱིས་ཉི་མ་བུ་མོའི་ཁྱིམ་སྟེ་བུད་མེད་གཞོན་ནུ་མ་ལང་ཚོ་དར་ལ་བབས་པ་གྲུ་ནང་དུ་ཞུགས་ཅིང་སྐྱ་བ་འཛིན་པའི་ཆ་བྱད་ཅན་དེ་ལ་བབ་པའི་ཚེ་བུད་མེད་རྣམས་ཀྱི་མདངས་བཟང་ཞིང་། སྒེག་ཉམས་ཇེ་ཆེར་འགྱུར་བ། ཕག་པའི་ལྟོ་འགྲངས་ཤིང་ཕྲུ་གུ་སྐྱེ་བའི་དུས་ཡིན་པས་བོད་ཟླ་བརྒྱད་པ་ཕག་གི་ཟླ་བ་ཡིན་པ་མཚོན།
བྱི་བ་ཞིག་གིས་དངོས་པོ་སྲང་ལ་འདེགས་པའི་རི་མོ་ཡིས་ཉི་མ་སྲང་ཁྱིམ་ལ་གནས་ཚེ་བོད་ཟླ་དགུ་པ་ཡིན་ལ། སྟོན་ཁའི་དུས་ཚིགས་ནི་ལོ་གཅིག་གི་འབྲས་བུ་བསྡུ་བའི་དུས་ཡིན་ཞིང་། བོད་ལ་མཚོན་ན་རོང་འབྲོག་ཕན་ཚུན་གྱི་ཐོན་རྫས་བརྗེས་ནས་ཚོང་ལས་ཀྱང་འདིའི་སྐབས་སུ་བྱེད། དེ་བས་སྲང་ལ་འདེགས་པའི་དངོས་པོ་ཙག་ཙིག་ནི་ཤ་དང་མར། ཇ་སོགས་ཡིན་ཞིང་། སྐབས་འདིར་བྱི་བ་ཡང་ས་ཁར་མི་འབུད་པར་ཁུང་དུ་ལྟོ་འགྲངས་ཡོད་པས་བོད་ཟླ་དགུ་པ་ནི་བྱི་བའི་ཟླ་བ་ཡིན་པར་བརྗོད།
གླང་དང་སྡིག་གཉིས་ཀྱི་མཚོན་དོན་ནི་ཉི་མ་སྡིག་པའི་ཁྱིམ་ལ་བབ་པའི་ཚེ་སྡིག་པ་ས་འོག་ཏུ་འཛུལ་བ་དང་། ཁ་ཅིག་གིས་དུད་འགྲོ་གསོད་པའི་སྡིག་པའི་དུས་ཀྱང་ཟེར་མོད། སྡིག་པའི་དུས་ཡིན་ན་སྡིག་སྲིན་གྱིས་མཚོན་དགོས་པའི་ངེས་པ་མེད་ལ། དུས་སྐབས་འདིར་མ་གཏོགས་སྡིག་སྲིན་མང་པོ་མེད་པ་ལ་དཔག་ན་ནམ་ཟླའི་དབང་གིས་ཟླ་བ་བཅུ་བར་སྡིག་པ་ས་འོག་ཏུ་འགྲོ་བའི་བཞེད་པ་འདི་བདེན་པར་མངོན། གླང་རྣམས་ཀྱང་ཅུང་ཟད་དལ་བར་གནས་པས་ཟླ་བ་བཅུ་པ་གླང་གི་ཟླ་བ་ཡིན།
འདི་ལྟར་འཛམ་གླིང་ན་གཞུ་སྲ་བའི་དུས་དང་། ཆུ་སྲིན་གྱི་ཁ་ཉི་མ་ལ་བསྟན་ནས་འདུག་པའི་དུས། བུམ་པའི་ཆང་ལ་ཆང་རོ་དང་ལྡན་པའི་དུས། ཉ་རྣམས་ཆུ་ལ་རྒྱུ་བའི་དུས། ལུ་གུ་སྐྱེ་བའི་དུས། དུད་འགྲོ་རྣམས་འདོད་ཆགས་ལངས་པའི་དུས། སྦལ་པས་སྐད་འབྱིན་པའི་དུས། སེང་གེས་ཆགས་པ་སྤྱོད་པའི་དུས། བུ་མོ་རྣམས་མདངས་བཟང་བའི་དུས། སྲང་ལ་ཇ་མར་འདེགས་པའི་དུས། སྡིག་པ་རྣམས་ཁུང་དུ་འགྲོ་བའི་དུས་ཞེས་ཁྱིམ་བཅུ་གཉིས་དང་ལོ་རུས་བཅུ་གཉིས་བར་གྱི་མཚོན་དོན་ལ་བཞེད་པ་མི་མཐུན་པ་ཡོད་པ་ལས་བོད་རང་གི་སྐར་རྩིས་ཀྱི་རིག་པ་ལྟར་ན་གོང་དུ་བརྗོད་པ་བཞིན་ནོ། །