༄༅།། སྲིན་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-19


        སྲིན་བྱ་ནི་གཏུམ་བྱ་འབྲིང་གྲས་ཀྱི་རིགས་སུ་གཏོགས་པ་དང་བྱ་སྒྲོ་ཁམ་སེར་ཡིན། རི་ཁུལ་གྱི་ནགས་ཁྲོད་དང་ཐང་གཞོང་གི་སྡོང་གསེང་ན་འཚོ་སྡོད་བྱས་ཡོད། ཁ་ཟས་གཙོ་བོར་བྱི་བའི་རིགས་དང་བྱིའུ། ཉ་དང་སྦལ་བ། འབུ་སྲིན་གྱི་རིགས་སོགས་ཡིན། བྱི་བའི་གནོད་པ་འགོག་པའི་གཉན་པོ་གཙོ་བོའི་གྲས་ཡིན་ཞིང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ལ་གཏོགས། གཟུགས་པོའི་རིང་ཚད་ལ་ཕལ་ཆེར་ལི་སྨི་30ཡས་མས་ཡོད། སྲིན་བྱ་ནི་འཛམ་གླིང་གི་ས་ཆ་མང་ཆེ་ཤོས་སུ་མཐོང་རྒྱུ་ཡོད་པ་དང་རང་རྒྱལ་དུའང་ས་ཆ་མང་ཆེ་བ་རུ་འཚོ་སྡོད་བྱས་ཡོད་མོད། མཚོ་སྔོན་དང་དང་ཤིན་ཅང་གི་ས་ཆ་འགའ་ཤས་སུ་མ་གཏོགས་དུས་བསྟུན་གནས་སྤོའི་བྱ་རིགས་ཡིན། སྲིན་བྱའི་གཟུགས་པོའི་རིང་ཚད་ལ་ཧ་ལམ་ལི་སྨི་35ནས་ལི་སྨི་40ཡོད་ཅིང་མགོ་བོའི་གཡས་གཡོན་ན་རྣ་ཅོག་དང་འདྲ་བའི་སྤུ་ཚོམ་བུ་རེ་སྐྱེས་ཡོད་པ་དང་སྤུ་མདོག་ཁམ་ནག་ཡིན། མགོ་དང་ངོ་གདོང་དཀར་པོ་ཡིན་མོད་སྟེང་དུ་ཐིག་ལེ་ཁམ་ནག་བབས་ཡོད། ལུས་སྟོད་ཁམ་སེར་ཡིན་ཞིང་དེའི་ནང་དུ་དཀར་པོ་དང་ནག་པོ། ཁམ་མདོག་ཡིན་པའི་ཁྲ་ཐིག་བབས་ཡོད། ལུས་སྨད་ཁམ་སེར་ཡིན་ལ་དེའི་ནང་དུ་ཁམ་ནག་གི་འཕྲེད་ཐིག་བབས་འདུག ལྟོ་བའི་སྨད་ངོས་དཀར་སྐྱ་དང་རྐང་པའི་ངོས་སུ་སྒྲོ་སྤུས་ཡོངས་སུ་ཁྱབ་ཡོད། སྲིན་བྱའི་མིག་གཉིས་བར་གྱི་སྒྲོ་སྤུ་དཀར་པོ་དེས་ངོ་གདོང་ནས་བཞི་བཀྱིག་གིས་ཁྱབ་ཡོད་པ་ནི་སྲིན་བྱའི་རིགས་གཞན་དང་མི་མཚུངས་པའི་ཁྱད་ཆོས་ལྟ་བུ་ཞིག་ཡིན། སྲིན་བྱས་ངལ་གསོས་ནས་འདུག་སྐབས་ས་ངོས་དང་དྲང་ཐད་དུ་འདུག་ཅིང་སྡེར་མོ་ཆེ་ཞིང་ལྕགས་ཀྱུ་བཞིན་དུ་ནང་ལ་བཀུག་ཡོད། སྡེར་མོའི་སྣེ་མོ་ནག་པོ་ཡིན་ལ་ཕྱི་ངོས་ཀྱི་སྡེར་མོ་གང་འདོད་དུ་གཞུག་ཕྱོགས་སུ་བསྐོར་ཆོག་པ་ཡིན། ཕོ་བྱ་དང་མོ་བྱ་གཉིས་ལ་ཁྱད་པར་ཆེན་པོ་མེད། 

        སྲིན་བྱ་ནི་མཚོ་ངོས་ལས་སྨི་800ནས་སྨི་3500བར་གྱི་སྒང་གཤོང་ངམ་ཁོབ་ཡངས་ཀྱི་ནགས་ཁྲོད་ན་གནས་པ་ཡིན། ཉིན་དཀར་སྡོང་བོའི་ཡལ་གའི་སྟེང་དུ་གྲགས་འགུལ་མེད་པར་གཉིད་པ་དང་མཚན་མོར་ཁ་ཟས་འཚོལ་དུ་འགྲོ་བ་ཡིན། སྲིན་བྱའི་འཕུར་རྩལ་ཧ་ཅང་མགྱོགས་པ་དང་བར་སྣང་ནས་འཕུར་བའི་ཚེ་ན་གཤོག་པ་རྡེབ་པའི་སྒྲ་ཡང་གོ་དཀའ། སྲིན་བྱ་ནི་རྣམ་རིག་རྒོད་ཅིང་གདུག་རྩུབ་ཆེ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། སྐྱེ་འཕེལ་བྱེད་དུས་བྱ་ཚང་སྡོང་བོའི་ཁུང་བུ་ལ་བཅའ་བ་དང་མོ་བྱ་གཅིག་གིས་ཐེངས་གཅིག་ལ་སྒོ་ང་གཅིག་ནས་གསུམ་རེ་བཏང་ནས་རུམ་པ་ཡིན། 
        སྲིན་བྱས་ཁ་ཟས་སུ་བྱི་བའི་རིགས་འབོར་ཆེན་ཟ་བས་ཞིང་ཕྱུགས་ལས་རིགས་ཀྱི་ཐད་ནས་ཕན་བྱ་གལ་ཆེན་ཞིག་ཡིན་པ་དང་དེའི་ཤའང་བོད་སྨན་དུ་འགྲོ་བས་སྲུང་སྐྱོབ་བྱེད་པ་ལས་གསོད་མི་རུང་། 

        ད་ལྟ་སྲིན་བྱའི་ཁ་གྲངས་ཉུང་བའི་ཁར་མི་རྣམས་ཀྱིས་ཨ་བྲར་དུག་བཞག་ནས་བསད་ཅིང་དེའི་རོ་སྲིན་བྱས་བཟས་ནས་འཆི་བཞིན་ཡོད་པས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སུ་གཏོགས་པ་ཡིན། །

        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1