དགའ་སྤྲོ་འཁོལ་བའི་ མྱི་ཟུར་ལོ་གསར།

པདྨ་ཚེ་རིང་གིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།སྒྲོལ་མ་ལྷ་མོ།ཡོང་ཁུངས།མི་རིགས། སྤེལ་དུས། 02-15


                      ལོ་གསར་སྐབས་སུ་བསང་མཆོད་གཏོང་བའི་ལམ་བར་དུ་ངལ་གསོ་བྱེད་པ།

མྱི་ཟུར་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་དུ་འབབ་པའི་ཕར་ཆུའི་ཟུར་ངོགས་གཉིས་སུ་གནས་པའི་བོད་རིགས་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དང་། ལྷོ་ཕྱོགས་སུ་རྒྱ་རིགས་དང་། འཇང་རིགས། ལི་སུའུ་རིགས། དབྱིས་རིགས་སོགས་ཡོད་པའི་ལུའོ་ཅི་སྲིད་འཛིན་གྲོང་ཚོ་དང་ཉེ་འབྲེལ་བྱས་ཡོད་པ་རེད། གནས་འདིར་ཆགས་པའི་མྱི་ཟུར་བོད་རིགས་རྣམས་ཀྱིས་གནའ་ནས་ད་བར་དུ་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཡོད་པ་དང་། དུས་མཚུངས་སུ་མཐའ་འཁོར་གྱི་མི་རིགས་གཞན་དག་གི་ཕུལ་བྱུང་རིག་གནས་ཀྱང་སྡུད་ལེན་བྱས་ཡོད་པས། མྱི་ཟུར་གྱི་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡིད་དབང་འཕྲོག་པའི་འགུག་ཤུགས་ལྡན་པ་རེད། ལོ་གསར་གྱི་སྐབས་སུ། ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དུས་ཆེན་གྱི་རིག་གནས་དེ་རྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་དེ། ཁོ་ཚོས་འཁྲུག་ཆ་དོད་པོས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། དུས་ཆེན་རོལ་ནས་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་པ་རེད།

འདྲ་མིན་སྣ་ཚོགས་ཀྱི་ལོ་གསར་དམངས་སྲོལ།

ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བར་ལ་བར་ཁྱད་ཉིན་གཅིག་མ་གཏོགས་མེད་པ་དང་། ལུའུ་ཅའི་ཤང་གི་མྱི་ཟུར་ལོ་གསར་དེར་རྒྱ་བོད་རིག་གནས་མཉམ་འདྲེས་དང་། དམངས་སྲོལ་རིག་གནས་སྣ་མང་ལྡན་པའི་ཁྱད་ཆོས་ཡོད་པ་དང་། ས་གནས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ཡང་ཡོད་པ་རེད།

                                                          མཉམ་འབྲེལ་དགོང་ཚོགས་ཐོག་གཞས་འཆམ་པ།

ཐབ་ཀ་ནི་བོད་རིགས་ཁྱིམ་ཚང་ནང་དུ་གོ་གནས་ཧ་ཅང་གལ་ཆེན་པོ་བཟུང་ཡོད་པ་དང་། མྱི་ཟུར་བོད་རིགས་ཀྱིས་ལོ་ལྟར་ཚེས༢༧ཉིན་ཐབ་ཀ་གསབ་བཅོས་བྱེད་པའི་གོམས་གཤིས་ཡོད། དེ་ནི་ཁྱིམ་ཚང་དར་རྒྱས་གོང་འཕེལ་གཏོང་བ་མཚོན། གྲོང་མི་བསྟན་འཛིན་ཚེ་རིང་གིས་བཤད་རྒྱུར། ཐབ་ཀ་ལ་རིག་གནས་མང་པོ་ཡོད་དེ། དཔེར་ན་ཐབ་ཀར་ཐབ་ལྷ་གནས་ཡོད་པས། ལོ་ལྟར་གྱི་ལོ་གསར་སླེབས་ལ་ཉེ་དུས་ཐབ་ཀ་གསབ་བཅོས་བྱེད་པའི་སྲོལ་ཡོད། དེ་ལས་མ་ཚད་དུས་རྒྱུན་དུ་ཐབ་བསང་དང་ཐབ་ཁྲུས་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད།

འདས་པའི་དུས་ལ་མྱི་ཟུར་བོད་རིགས་ཀྱིས་ལོ་གསར་ཆ་ཡིག་མི་སྦྱོར། ཡིན་ནའང་དེང་སྐབས་སུ་རྒྱ་ཡིག་དང་བོད་ཡིག་གི་ལོ་གསར་ཆ་ཡིག་དང་རི་མོ་སྦྱོར་ཡོད། དེ་ནི་ལོ་གསར་གྱི་རྟེན་འབྲེལ་སྨོན་འདུན་ཞུ་བ་མཚོན་པ་རེད། གྲོང་མི་བསོད་ནམས་ཚེ་རིང་གིས་ཁྱིམ་སྒོ་ཐོག་བོད་ཡིག་གི་ཆ་ཡིག་སྦྱོར་བཞིན་འདུག ཁོང་གིས་གྲོང་ཚོའི་ནང་དུ་དུད་ཁ་ཁ་ཤས་ཀྱིས་རྒྱ་ཡིག་གི་ཆ་ཡིག་དང་རི་མོ་སྦྱོར་སྲོལ་ཡོད། དུད་ཁ་ཁ་ཤས་ཀྱིས་བོད་ཡིག་གི་ཆ་ཡིག་དང་རི་མོ་སྦྱོར་སྲོལ་ཡོད། བདག་ནི་བོད་ཡིག་སྦྱོང་མཁན་ཞིག་ཡིན་པས་ལོ་ལྟར་ལོ་གསར་སྐབས་སུ་བོད་ཡིག་གི་ཆ་ཡིག་དང་རི་མོ་སྦྱར་བ་ཡིན་ཟེར།

མྱི་ཟུར་བོད་རིགས་ཀྱིས་ལོ་གསར་ཚེས༢༩ཉིན་ནས་མགོ་བརྩམས་པ་དང་། དགོང་ཟས་དེ་ནི་དགུ་ཟས་ཟེར་སྲོལ་ཡོད། སྔོན་མར་མྱི་ཟུར་བོད་མི་ཚོས་ཐབ་ཀ་བསྐོར་ཞིང་བསྡད་ནས་རང་སྐལ་བགོས་ནས་ཟ་མ་ཟ་བ་ཡིན། ད་ཆ་ཧ་ལམ་གསོལ་ལྕོག་སྟེང་དུ་སྡེར་ཁ་སྒྲིག་ནས་ཟ་མ་ཟ་བའི་གོམས་སྲོལ་ཆགས་ཡོད། ད་ལྟ་བོད་ཟས་མ་གཏོགས་རྒྱ་ཟས་སོགས་ཟས་རིགས་རྣམ་པ་་སྣ་ཚོགས་ཡོད་པ་རེད།

ཁ་ཟས་ནི་མྱི་ཟུར་ལོ་གསར་སྐབས་སྐུ་མགྲོན་སྣེ་ལེན་ཞུ་བ་ལ་མེད་དུ་མི་རུང་བའི་བཟའ་བཅའ་ཞིག་རེད། ལོ་གསར་དགུ་ཟས་འཐུང་རྗེས་སུ་ཁ་ཟས་བཟོ་སྲོལ་ཡོད། ལོ་གསར་ཚེས་གཅིག་ཉིན་མགྲོན་པོ་ལ་སྣེ་ལེན་ཞུ་བར་གྲ་སྒྲིག་བྱེད་པ་རེད། ཁ་ཟས་ལ་མྱི་ཟུར་ཡུལ་སྐད་དུ་ཟས་སྣ་ཞེས་བརྗོད་པ་རེད།

ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་ཡར་ལངས་ནས་བྱ་ཆུ་བླངས་རྗེས་མཆོད་གཤོམ་བྱེད་མགོ་བརྩམས་ཏེ། དེའི་ནང་ཤོག་ཁྲ་དང་། ཤིང་འབྲས། ཀ་ར། མེ་ཏོག་གསར་པ།ཤུག་དུད་སོགས་གཤོམ་སྲོལ་ཡོད། དེ་ནི་རྒྱུ་ནོར་ཡོངས་ཁྱབ་མངོན་པར་མཚོན་ཡོད


             ལོ་གསར་པའི་ནང་ཕ་དང་བུ་མོ་གཉིས་ཀྱིས་ལག་འཁྱེར་ཁ་པར་ཐོག་གི་སྨོན་ཚིག་ལ་ལྟ་བཞིན་པ།

ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་ཡར་ལངས་ནས་བྱ་ཆུ་བླངས་རྗེས་མཆོད་གཤོམ་བྱེད་མགོ་བརྩམས་ཏེ། དེའི་ནང་ཤོག་ཁྲ་དང་། ཤིང་འབྲས། ཀ་ར། མེ་ཏོག་གསར་པ།ཤུག་དུད་སོགས་གཤོམ་སྲོལ་ཡོད། དེ་ནི་རྒྱུ་ནོར་ཡོངས་ཁྱབ་མངོན་པར་མཚོན་ཡོད།

དུས་རབས་ཡར་རྒྱས་འགྲོ་བ་དང་ཆབས་ཅིག མྱི་ཟུར་བོད་རིགས་ཀྱང་རྗེས་ཟིན་ཐུབ་པ་བྱུང་ཡོད། ཆ་འཕྲིན་དར་ཁྱབ་ཀྱི་རླབས་རྒྱུན་ཁྲོད་སྐད་འཕྲིན་བརྒྱུད་དེ་གཉེན་ཉེ་དང་གྲོགས་པོར་དུས་ཆེན་གྱི་འཚམས་འདྲི་བསྐུར་བ་ཡིན།

བསང་གཏོང་བ་ནི་མྱི་ཟུར་ལོ་གསར་གྱི་གལ་ཆེའི་ནང་དོན་ཡིན་པ་དང་། ལོ་གསར་ཚེས་གཅིག་ཉིན་ཉུང་མཐར་ཡང་བསང་ཐེངས༤གཏོང་སྲོལ་ཡོད་པ་སྟེ། ཞོགས་པ་ནས་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་བར་དུ་ཁྱིམ་ནང་ནས་གཞི་བདག་བར་བསང་དུད་ཀྱིས་ཁེངས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་གྱི་རིག་གནས་སྙིང་དོན་འདུས་ཡོད། གྲོང་མི་བསྟན་འཛིན་ཚེ་རིང་གིས་ལོ་གསར་གནམ་གང་ཚེས་གཅིག་ལ་བསང་གཏོང་སྤོས་མཆོད་ཀྱིས་ཚེས་བཟང་དུས་བཟང་དང་ ཁོང་ཅག་ཡིན་ན་བསང་ཐེངས་བཞི་གཏོང་དགོས། ཡར་ལངས་ནས་ཐབ་ཀར་ཐབ་བསང་ཞིག་དང་། དེའི་རྗེས་སུ་བཙན་བསང་ཞིག་གཏོང་བ་རེད། ནམ་གསལ་ནས་ལ་བཙས་བསྟོད་དུས་ལ་བཙས་་སྐྱེལ་བསང་ཞིག་གཏོང་བ། ཞོགས་ཇ་འཐུང་ཚར་རྗེས་གཞི་བདག་གནས་རིའི་ཐོག་ལ་སོང་ནས་ཡུལ་ལྷ་གཞི་བདག་གི་བསང་ཞིག་གཏོང་དགོས་པ་རེད། ལོ་གཅིག་གི་ནང་ཉིན་གཅིག་ལ་བསང་གཏོང་བ་ཆེས་མང་ཤོས་ཀྱི་ཉི་མ་རེད་ཟེར་བྱུང་།

དུས་ཆེན་གྱི་ཡོ་ལང་རྒྱས་པའི་ལོ་གསར་དགོང་ཚོགས།

ཟླ༢པའི་ཚེས༡༠ཉིན་ནི་བོད་ཀྱི་ལོ་གསར་གྱི་ཚེས་གཉིས་ཡིན་པ་སྟེ། ལུའོ་ཅི་ཤང་མྱི་ཟུར་ཕ་ལྷག་གྲོང་མིའི་ཚོ་ཆུང་གིས་རང་འགུལ་ངང་འཕྲེད་དར་སྦྱར་ཡིག་མེད་ལ། གར་སྟེགས་ཀྱི་རྒྱབ་ལྗོངས་མེད་པ། མདོར་བསྡུས་ཤིང་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་དགོང་ཚོགས་ཤིག་སྒྲིག་འཛུགས་བྱས་པ་རེད། འཁྲབ་ཚན་ལ་བོད་རིགས་ཀྱི་སྐོར་བྲོ་དང་། རྐྱང་གཞས། ལ་གླུ་སོགས་ལས་གཞན། རྒྱ་རིགས་ཀྱི་དར་ཁྱབ་ཆེ་བའི་གླུ་གཞས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད། ད་དུང་འཇང་རིགས་ཀྱི་གླུ་གཞས་སོགས་འཁྲབ་སྟོན་བྱེད་པས། འཁྲབ་རའི་ཁྲོད་དུ་དགའ་བསུ་ཟམ་མི་ཆད་ཅིང་། དགའ་འབོད་བྱེད་པ་དང་། བོད་ཡུལ་དུ་དམིགས་བསལ་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་ཡོ་ལང་གིས་ཁེངས་ཡོད།

དགོངས་ཚོགས་སུ་ཞུགས་པའི་གྲོང་མི་རྣམས་ཀྱིས་རང་མོས་ངང་འཁྲབ་སྟོན་ལེ་ཚན་དེ་འཚང་ཁ་ཤིག་ཤིག་ཏུ་མིང་ཐོ་ལ་བཀོད་ནས་མྱུར་དུ་རིག་གནས་ཀྱི་སྟོན་མོ་ཞིག་རྩ་འཛུགས་བྱེད་པ་དང་། རང་འཁྲབ་རང་དགའ་བྱས་ནས་སྤྲོ་སྐྱིད་ཀྱི་རིག་གནས་འཚོ་བ་རོལ་བ། འཁྲབ་སྟོན་པའི་གྲས་སུ་དགུང་ལོ༦༠ ལྷག་ཙམ་ཟིན་པའི་རྒན་རྒོན་ཡོད་པ་དང་། ལོ༥ལ་སླེབས་པའི་བྱིས་པ་ཡང་ཞུགས་ཡོད་པ་རེད། དགོང་ཚོགས་སུ་ཞུགས་ཡོད་པའི་ས་གནས་དེ་གའི་གྲོང་མི་ཕུད། ད་དུང་ཕྱི་རུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་སློབ་མ་དང་ཞོར་ལས་པ་ཡང་ཡོད་པ་རེད། ཁོ་ཚོས་གར་སྟེགས་སྟེང་བག་ཚ་སྤུ་ཙམ་མེད་པའི་སྒོ་ནས་ལེ་ཚན་འཁྲབ་སྟོན་བྱེད་པ་དང་། ཁོ་ཚོ་ཚང་མ་ཆེད་ལས་འཁྲབ་སྟོན་པ་ཞིག་དང་འདྲ་བ་རེད། ལྷན་སྐྱེས་སུ་ཡོད་པའི་སྒྱུ་རྩལ་ཕྲ་ཕུང་དེ་ནི་མྱི་ཟུར་ལ་དམིགས་བསལ་དུ་ཡོད་པའི་སྐྱེས་ཐོབ་ལེགས་པོ་ཞིག་རེད།

དགོང་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་ལེ་ཚན་ནི་སྲོལ་རྒྱུན་གྱི་བོད་རིགས་ཀྱི་སྐོར་བྲོ་འཁྲབ་སྟོན་ཡིན་པ་དང་། ཕ་ལྷག་གྲོང་མིའི་ཚོ་ཆུང་ལ་རང་བྱུང་གྲོང་ཚོ༥ཡོད་པ། འདིའི་ཚོ་ཆུང་རེའི་སྐྱེས་པ་དང་བུད་མེད་ཚང་མ་ཚོ་ཆུང་ཁག་བགོས་ནས་རང་མོས་སྡེབ་སྒྲིག་གིས་འཁྲབ་སྟོན་བྱེད་པ་དང་། སྐོར་བྲོ་འཁྲབ་པ་སྤྱིར་བཏང་དུ་སྐྱེས་པ་དང་བུད་མེད་མཉམ་དུ་བསྲེས་ནས་ཞབས་བྲོ་འཁྲབ་སྲོལ་མེད་པས། སྐྱེས་པ་དང་བུད་མེད་ཚོ་ཆུང་བགོས་ནས་འཁྲབ་སྲོལ་ཡོད་པ་དང་། འཆམ་མཐུན་གྱི་ཕོ་མོ་དོ་མཉམ་ཡོང་བ་དེ་མཚོན་པ་རེད། ཚོགས་པ་གཅིག་ནི་ཡང་བྲོ་འཁྲབ་པ་དང་། ཚོགས་པ་གཅིག་ནི་འཛོམས་བྲོ་འཁྲབ་པ། ཚོགས་པ་གཅིག་ནི་བྲོ་རྙིང་འཁྲབ་པ་དང་། ཚོགས་པ་གཅིག་ནི་བྲོ་གསར་འཁྲབ་པ། བྲོ་རིགས་འདྲ་མིན་སྣ་ཚོགས་འཁྲབ་པ་སྟེ། གནམ་ལ་སྐར་མ་ག་ཚོད་ཡོད་ན་ས་ལ་སྐོར་བྲོ་ག་ཚོད་ཡོད་པ་ཟེར་བའི་གཏམ་དཔེ་དེ་ལ་མཚོན་པར་བྱས་ཡོད་པ་རེད།

ལ་གླུ་དང་དེང་རབས་ཀྱི་གླུ་གཞས་འཁྲབ་སྟོན་ལ་ཡང་་ཁྱད་ཆོས་ཆེས་ཆེར་ལྡན་པ་སྟེ། ལ་གླུ་ནི་མྱི་ཟུར་བོད་རིགས་ཆེས་མཁས་པའི་གཞས་ཤིག་རེད། ཕོ་མོ་རྒན་གཞོན་ཚང་མས་ལེན་ཤེས་པ་རེད། ཁོང་ཚོས་ཁ་ལ་བྱང་ནས་ཁོག་དུ་ཆུབ་ཞིང་སྐབས་བབ་གསར་རྩོམ་ཐུབ་པ། དེས་མི་སྒེར་གྱི་བློ་རིག་དེ་ངོམ་ཐུབ་པ་རེད། ལོ༥ལ་སླེབས་པའི་བུ་ཆུང་ཆུང་བློ་བཟང་ཀརྨ་ཡིས་དེང་རབས་ཀྱི་གླུ་གཞས་ཤམ་བྷ་ལ་དང་རྒྱང་ཐག་མི་རིང་ཞེས་པ་བླངས་པས། ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་དགའ་བསུ་ཐོབ་པ་དང་། ལྟད་མོ་བ་ཚེ་རིང་ཆོས་འཛོམས་ཀྱིས་བློ་བཟང་ཀརྨ་ལོ་ན་ཆུང་བ་དང་། སྤོབས་པ་ཆེ་ཞིང་འཁྲབ་སྟོན་འགྲན་བསྡུར་ལ་ཞུགས་ཐུབ་པ་དང་། སྐད་ཡང་ཧ་ཅང་སྙན་མོ་འདུག་ཟེར་བྱུང་།

ཡུན་ནན་སྒྱུ་རྩལ་སློབ་གླིང་ནས་སྦྱངས་བརྩོན་བྱེད་ཀྱི་ཡོད་པའི་སློབ་ཆེན་སློབ་མ་བློ་བཟང་མཁས་གྲུབ་ཀྱིས་འཇང་རིགས་ཀྱི་གླུ་དབྱངསཟླ་བ་མེ་ཏོགཅེས་པ་བླངས་པས། དགོང་ཚོགས་དེ་སྙན་འཇེབས་ལྡན་པའི་གླུ་སྒྲ་དང་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་མཇུག་རྫོགས་སོང་། བཤད་པ་ལྟར་ན། ཁོང་གིས་བླངས་པའི་འཇང་རིགས་ཀྱི་གླུ་དབྱངསཟླ་བ་མེ་ཏོགཅེས་པ་དེ་སྔ་ཡུན་ནན་མཐོ་རིམ་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེན་པོའི་ཁྲོད་བྱ་དགའ་ཨང་དང་པོ་བླངས་མྱོང་ཡོད་པ་རེད།

                                                   ལོ་གསར་སྐབས་སུ་མཆོད་ཁྲི་ཐོག་ལ་གཤམས་མཆོད་ཕུལ་བ།  

ལྟད་མོ་ཆེ་བའི་ལོ་གསར་རྟ་རྒྱུག

ཟླ༢པའི་ཚེས༡༢ཉིན་ནི་བོད་ཀྱི་ལོ་གསར་ཚེས་བཞི་ཡིན་པ་སྟེ། མྱི་ཟུར་ཕ་ལྷག་གྲོང་མི་ཚོ་ཆུང་གིས་བྱ་རོག་ཐང་དུ་བོད་ཀྱི་ལོ་གསར་རྟ་རྒྱུག་གི་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད། གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོ་ཆུང༤ཡི་བོད་རིགས་ཡུལ་མི་ཚོས་བྱ་རོག་ཐང་དུ་རྟ་རྒྱུག་འགྲན་སྡུར་གྱི་ལྟད་མོར་བལྟས་ནས་འཛུམ་བག་སྟོན་པ་དང་། བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་གང་སར་ཁེངས་ཡོད་པ་རེད།

རྟ་རྒྱུག་ཐང་གི་མཐའ་སྐོར་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་། དར་ཚོན་ཐོག་དུ་རིག་གནས་འཕེལ་རྒྱས་གཏོང་བ་དང་རིག་གནས་དར་སྤེལ་གཏོང་བ། ཀྲུང་གོའི་ཕུགས་འདུན་དང་ས་མཐོའི་བརྩེ་སེམས། རིག་གནས་ཀྱིས་གྲོང་ཚོ་འཕེལ་རྒྱས་གཏོང་བ་དང་སྣོད་བཅུད་ལ་བརྟེན་ནས་གྲོང་ཚོ་འཛུགས་པ་ཞེས་པའི་མངོན་གསལ་དོད་པའི་ཡི་གེ་བྲིས་ཡོད་པ་དང་། སྔ་དྲོའི་ཆུ་ཚོད༡༠པའི་ཐོག་སྟབས་བདེ་པའི་འགོ་ཚུགས་མཛད་སྒོ་དེ་འགོ་བརྩམས་པ་དང་། གོས་རྒྱན་གཟབ་མཆོར་ལེགས་པོར་སྤྲས་པའི་རྟ་པ་རྣམ་པ་དང་སྒ་ཆས་ཆ་ཚང་སྒྲིག་པའི་རྟ་མཆོག་ཚོས་དལ་ཞིང་བག་ལྷོད་ཀྱིས་རྒྱུག་ཐང་དུ་བསྐྱོད་ནས་སྐོར་བ་གཅིག་བརྒྱབ་པས། རྣམ་པ་དུས་ཐུང་ལ་སྤྲོ་སེམས་འཁོལ་བ། དེ་ནི་དོན་སྙིང་ལྡན་པ་ཞིག་རེད།

ད་ཐེངས་ཀྱི་རྟ་རྒྱུག་གཙོ་བོ་ནི་གོམ་པ་དང་རྒྱུག་ནག་གཉིས་ཀྱི་འགྲན་བསྡུར་བྱེད་ཀྱིན་ཡོད། གོམ་པ་ནི་སྨི་༡༠༠༠དང་སྨི༣༠༠༠གཉིས་དབྱེ་ཡོད། མཛད་སྒོ་འགོ་ཚུགས་རྗེས་སྨི༣༠༠༠ཡོད་པའི་གོམ་པ་ཚད་བཞིན་ཡོད་པ་རེད། གོམ་པ་ཚད་པ་ནི་རྟ་དང་སྐྱ་མི་ལ་བླང་བྱ་ཅུང་ཙམ་མཐོ་བའི་རྩལ་འགྲན་རྣམ་གྲངས་ཀྱི་གྲས་ཤིག་རེད། རྟ་ལ་ཐེག་ཤུགས་ཡོད་དགོས་པ་མ་ཟད། མྱུར་ཚད་ཀྱང་ཡོད་དགོས་པ། ད་དུང་མི་འཁྲུག་པའི་གོམ་སྟབས་གཅིག་གྱུར་བྱེད་དགོས་པ་རེད། རྟ་རྒྱུག་ཐང་གི་ཐོག་སྐྱ་མི་ཞིག་རྟ་ལ་སྐུལ་ལྕག་སྤྱད་ནས་འགྲན་རྩོད་དྲག་པོ་ལངས་ཏེ། གཅིག་ངར་གཅིག་སློང་ལས་བྱུང་བས། ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐོབ་པ་རེད། ཕྱི་དྲོ་ལ་རྟ་མགྱོགས་འཚོགས་པའི་བྱེད་སྒོ་ནི་སྨི༢༠༠༠རྒྱུག་ནག་ཚད་པ་དང་སྨི༡༠༠༠གོམ་པ་རྒྱུག་ཚད་པ་རེད། ཆེས་ངོ་མཚར་ཆེ་བའི་རྟ་ཚད་འགྲན་བསྡུར་དུ་ཕ་བུ་གཉིས་ཀྱིས་སྨི༢༠༠༠ཀྱི་རྒྱུག་ནག་ཚད་པ་རེད། ཕ་བུ་གཉིས་ཀྱིས་ཚོ་ཆུང་གཅིག་པའི་གདན་འདྲེན་ཞུས་ནས་འགྲན་བསྡུར་བྱེད་པ་དང་། གཅིག་རྗེས་གཅིག་སྙེག གཅིག་ངར་གཅིག་སློང་། རྒྱུག་ར་ཕྱིར་རུའི་ལྟད་མོ་བ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད། རྒྱུག་རའི་ནང་གི་ཕ་བུ་གཉིས་ཀྱིས་འགྲན་རྩོད་སྔར་བས་ཛ་དྲག་ཆེ་བར་གྱུར་ནས་འགྲན་རའི་ཐོག་མཐོ་རླབས་འཕྱུར་པ་རེད།

ལོ་འདིའི་རྟ་རྒྱུག་དེ་སྔ་དང་མི་འདྲ་བ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ནམ་གསལ་གྲོང་སྡེའི་རྟ་པ༤ཡང་འགྲན་བསྡུར་ནང་ཞུགས་ཡོད་པ་དང་། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། ས་གནས་དེ་གའི་རྟ་པ་བསོད་ནམས་ཚེ་རིང་གིས་ཁོ་ཚོས་ས་ཐག་རྒྱང་རིང་ནས་ཡོང་བ་དང་འགྲན་བསྡུར་ནང་ཞུགས་ནས་ཞོན་རྩལ་རྫོགས་ཤིང་། ང་ཚོའི་མཐོང་རྒྱ་ཆེ་རུ་འགྲོ་ཐུབ་པ་དང་། ང་ཚོས་དཔེ་བལྟས་སློབ་སྦྱོང་བྱེད་རྒྱུ་དང་ཕན་ཚུན་སྤེལ་རེས་དང་དོན་སྙིང་ཆེ་ཙམ་ཡོད་པ་རེད་བཅས་བཤད་བྱུང་།

མྱི་ཟུར་བ་ནི་རྟ་ལ་ཧ་ཅང་དགའ་བའི་ཡུལ་མི་ཞིག་ཡིན། རྟ་ལ་རང་སྲོག་ལྟར་ལྟ་བ་རེད། རྟ་ཡིས་སྐྱེལ་འདྲེན་ད་བར་དུ་ཡང་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད། དུས་སྟོན་དུ་རྟ་རྒྱུག་འགྲན་སྡུར་བྱེད་པ་མེད་དུ་མི་རུང་བ་དང་། གཏན་ཕབ་རང་འགྲིག་ཞིག་ཏུ་གྱུར་བའི་སྲོལ་ཡོད་པ་རེད། གྲོང་མི་བསྟན་འཛིན་ཚེ་རིང་གིས་ཁོ་ཚོའི་གཏམ་དཔེའི་ནང་རྟ་མཆོག་རྒྱུག་གི་ནུས་པ་ཡོད་ན་སའི་གོ་ལའི་ཐོག་ཐང་ཡངས་ཡོད་ཅེས་བཤད་སྲོལ་ཡོད་ཟེར། དེར་བརྟེན་རྟ་གསོ་བ་ལ་སྐྱ་རྩལ་དགོས་པ་མ་ཟད། རྟ་རྒྱུག་འགྲན་བསྡུར་ཡང་བྱེད་དགོས་པ་རེད། དེས་རྟ་ཡི་ནུས་པ་ཕྱིར་མངོན་པ་དང་རྟ་པ་ཞིག་གི་རྩལ་ནུས་ངོམ་སོ་བྱེད་ཐུབ་པ་རེད་བཅས་བརྗོད་བྱུང་།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1