འབའ་ཆོས་སྡེ་དགའ་ལྡན་ཕན་བདེ་གླིང་གི་ངོ་སྤྲོད་མདོར་བསྡུས།

བློ་བཟང་ཐབས་མཁས་ཀྱིས་བྲིས། སྐལ་བཟང་ཐུབ་བསྟན་གྱིས་པར་བླངས། རྩོམ་སྒྲིག་པ།སྒྲོལ་མ་ལྷ་མོ།ཡོང་ཁུངས།མི་རིགས། སྤེལ་དུས། 02-15


དང་པོ། དགོན་པ་ཆགས་ཡུལ།

མདོ་སྨད་སྤོ་འབོར་སྒང་གི་ཆ་གཏོགས། གསེར་ལྡན་འབྲི་ཆུའི་ཤར་འདབས། རང་བྱུང་གནམ་གཤིས་ཀྱི་དྲོ་གྲང་མཉམ་པ། གཞས་དང་རྣམ་ཐར་གྱིས་འགྱུར་ཁུག་སྙན་ས། འབྲུ་རིགས་དང་ཤིང་ཐོག་མོད་སའི་ཡུལ་ཁྱད་པར་ཅན་དེ་ནི་ཡུལ་མི་རྣམས་ཀྱིས་སྔ་ནས་འཕགས་པ་མ་འགག་པའི་གདུལ་ཞིང་དུ་འདོད་སྲོལ་ཡོད་ཅིང་། ས་དང་པོར་ཆགས་དུས་གཡང་དཀར་ལུ་གུའི་འབའ་སྒྲ་ཐོག་མར་སྒྲོག་པས་ན་འབའ་དང་། ས་ཁོད་ཡངས་པའི་ཐང་ཆེན་ཡིན་པས་ན་ཐང་སྟེ་འབའ་ཐང་དུ་གྲགས། གཞན་ཡང་འབའ་ཡུལ་གྱི་གཞས་ཚིག་ཏུ། འབའ་བ་མ་ཆགས་འབའ་བ་ཆགས། །འབའ་བ་བྱ་ཁྱུང་སྟེང་ལ་ཆགས་ཞེས་པ་ནི་སའི་ཆགས་དབྱིབས་ནི་གནམ་འཕང་གཅོད་པའི་མཁའ་ལྡིང་དབང་པོ་དང་མཚུངས་པས་ན་བྱ་ཁྱུང་གྲོང་ཡང་མིང་གི་རྣམ་གྲངས་སོ། 

དགོན་པ་ཆགས་སའི་གནས་དེའི་བྱེ་བྲག་གི་དགེ་མཚན་ནི་འབའ་བདེ་ཆེན་གླིང་གི་ཕོ་བྲང་ངམ་འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་ཞེས་སྔར་འཇང་ས་ཐང་རྒྱལ་པོས་དབང་དུ་བསྡུས༡༥༦༨ནས༡༦༣༩ནས་ལོ་བདུན་ཅུ་ཙམ་དབང་བསྒྱུར་བའི་རྫོང་མཁར་དེ་ཉིད་ཀྱི་མལ་དུ་ཆགས་ཡོད། དེའང་ཕྱོགས་བཞིར་སའི་སྲུང་བཞིན་ཚང་སྟེ། ས་དཔྱད་རིན་ཆེན་ཀུན་འདུས་ལས། ཤར་གྱི་ལམ་ནི་སྟག་སྐྱ་བོ། །ལྷོ་ཆུ་གཡུ་འབྲུག་སྔོན་མོ་ཡིན། །ནུབ་ཀྱི་ས་དམར་བྲག་དམར་དང་། །བྱང་གི་རྫ་ཤུར་ཝ་ཝོང་བྲག་ཅེས་པ་ལྟར། ཤར་སྟག་སྐྱ་བོ་ནི་དགོན་པའི་ཤར་སྒོ་ནས་ལམ་ཆེན་ཤར་དུ་བསྲིངས་པའམ། ལ་ལས་རྒྱ་སྟག་ཕྲ་མོ་ཚང་ལས་ལངས་འདྲའི་སྟག་མགོ་ལར་འདོད་མཁན་ཡང་འདུག ལྷོ་གཡུ་འབྲུག་སྔོན་མོ་ནི་འབའ་ཆུ་དང་དགོན་ཆུ་གཉིས་གཅིག་ཏུ་འདུས་ནས་ལྷོར་འབྲི་ཆུ་ལ་བསྡོམས་ནས་རིང་དུ་རྒྱུགས་པའམ། ལ་ལས་གཡུ་འབྲུག་སྔོན་མོ་གྱེན་དུ་རྒྱུ་འདྲ་ཁུ་བྱུག་ལར་བཤད། ནུབ་མེ་བྱ་དམར་པོ་ནི་ཚང་ཚིང་ནགས་ཀྱི་ལེགས་པར་བཀླུབས་པའི་གླང་ཆེན་ཉལ་རིའམ། ལྷ་ས་བྲག་ཕུག་ཐད་ཀྱི་ས་དམར་པོར་འདོད་ནའང་འཐུས་པར་སྙམ། བྱང་རུས་སྦལ་རྒྱལ་པོ་ནི། མཚོ་ལ་འཁྱིལ་འདྲའི་ཕག་ལ་སྐྱ་བོའམ་འབའ་སྡེའི་བྱང་ངོས་དགོན་ཆུའི་འགྲམ་གྱི་དེའུ་འབུར་དེ་ལ་ངོས་འཛིན་ནའང་འགྲིག་པར་སྙམ།

ད་དུང་ཤར་གྱི་ལམ་དེ་འབའ་ཆུ་དང་འགྲོགས་པས་ཤར་རྒྱ་སྟག་ཕོ་མོ་འཛོམས་པས་བདེ་སྐྱིད་ཀྱི་རྒྱུན་རིང་བ་དང་། ལྷོ་ཡི་ལམ་དེ་དགོན་ཆུ་དང་འབའ་ཆུ་གཉིས་འབྲི་ཆུར་བསྲིངས་པས་གཡུ་འབྲུག་ཕོ་མོ་འཛོམས་པས་འདོད་ཡོན་གཡང་དུ་ཁུག་པ་དང་། ནུབ་ན་དགེ་བསྙེན་བྲག་སྔོན་ཤུག་པ་འཐབ་པས་རྨ་བྱ་ཕོ་མོ་འཛོམས་པས་ནག་པོ་བདུད་ཀྱི་ཁ་གནོན་དང་། བྱང་ན་མཚོ་དང་འདང་ཆེན་གངས་དཀར་སོགས་འཛོམས་པ་དེ་རུས་སྦལ་ཕོ་མོ་འཛོམས་པ་ཡིན་པས་དཀར་ཕྱོགས་རྣམ་པར་རྒྱལ་བའི་དགེ་མཚན་སོགས་ནི་གཙུག་ལག་ཁང་དང་ཕོ་བྲང་། གཞིས་མཁར་སོགས་ཀུན་ལ་གལ་ཆེ་བའི་ས་གཞུང་ཀུན་ལས་གསུངས་པ་ལྟར་ལེགས་པར་འཛོམས་ཡོད་དོ། །གཞན་ཡང་ཤར་གྱི་འབའ་ཆེན་མདུང་ལོང་ནི་སྟོན་པ་ཁྲི་ལ་བཞུགས་འདྲ་། བྲག་གཅལ་སྟེང་དང་སྟག་མགོ་ལ་ནི་གཡས་ས་གནོན་དང་གཡོན་མཉམ་བཞག་སྟེང་དུ་ལྷུང་བཟེད་བསྣམས་འདྲ། བྲག་བཀའ་འགྱུར་ནི་རྡོ་རྗེ་རྩེ་ལྔའི་སྣང་ཚུལ། བྲག་ཏང་ཏང་ནི་དགེ་འདུན་འདུས་པའི་མཁར་རྔ་བཤམས་འདྲ། བྲག་ཝ་སི་ནི་དགོས་འདོད་འབྱུང་བའི་དཔག་བསམ་འཁྲི་ཤིང་སྐྱེས་འདྲ། རི་མགོར་གཞི་བདག་རྣམས་ཀྱིས་བསྐོར་ཞིང་། རི་སྐེད་དབེན་གནས་རི་ཁྲོད་ཀྱིས་མཛེས་པ། རི་མཐའ་ཆུ་ཡིས་བསྐོར་བ་སོགས་བཀྲ་ཤིས་བག་ཕེབས་པའི་དགེ་མཚན་རྣམ་པར་བཀྲ་བ། ད་དུང་སྟག་མགོ་ལ་སྟག་མོ་ཚང་ནས་ཕྱུང་འདྲ། འབའ་ཆེན་མདུང་ལོང་གངས་སེང་ས་ལ་འགྱིང་འདྲ། ཡུལ་སྤྱིའི་རྣམ་པ་ནི་ཁྱུང་རྒྱལ་གནམ་འཕང་གཅོད་འདྲ། འབའ་ཆུ་དང་དགོན་ཆུ་གཉིས་ནི་གཡུ་འབྲུག་མཁའ་ལ་འཕྱོ་འདྲ་བཅས་སྟག་སེང་ཁྱུང་འབྲུག་གི་སྣང་ཚུལ་ཡང་དཔའ་བོ་དང་དམ་པ་སོགས་ཀྱི་སྐྱེས་རྒྱུན་མ་ཆད་པའི་རླུང་རྟ་ངང་གིས་དར་བའི་རྟགས་དང་རྟེན་འབྲེལ་ལྷུན་གྱིས་གྲུབ་བོ། 

ཡུལ་འདིར་སྔར་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དང་རིགས་ཀྱི་དཔའ་བོ་སུ་དང་སུས་ཞབས་ཀྱིས་བཅགས་རབས་སོགས་བརྗོད་དཀའ་མོད། ཕྱིས་སུ་ཀརྨ་པ་དུས་གསུམ་མཁྱེན་པས་རྗེ་བླ་མའི་ལུང་བསྟན་ལྟར་ཁམས་ཀྱི་ཀམ་པོ་གངས་རར་བསྒྲུབ་གནས་མཛད་དེ་བསྟན་པ་སྤོ་འབོར་སྒང་ཕྱོགས་སུ་རབ་ཏུ་སྤེལ་ནས་འདང་ཆེན་བརྩེགས་རའི་གཞི་བདག་གི་གདན་ཞུ་ལྟར་ཞབས་ཀྱིས་བཅགས་པ་དང་། རྗེས་སུ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་ཡང་ཡུལ་འདི་ཕྱོགས་སུ་བྱོན་རབས་འདུག གཞན་ཡང་ས་པཎ་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་འབའ་ཡུལ་བརྒྱུད་དེ་ཕེབས་ཡོད་པ་དང་། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ། སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་སོགས་དངོས་སུ་བྱོན་ནས་བསྟན་པ་སྤེལ་ཡོད་ཅིང་། རྡོ་རིང་བསྟན་འཛིན་དཔལ་འབྱོར་སོགས་ཀྱང་ལམ་བརྒྱུད་དེ་རྒྱ་ནག་ཏུ་ཕེབས་པ་སོགས་ནི་རྣམ་ཐར་དུ་གསལ་ལོ། 

གཉིས་པ། དགོན་པ་འདེབས་ཚུལ།

ཡུལ་འདིར་དགོན་པ་འདི་ཉིད་མ་བཏབ་གོང་དུ་བོན་དང་བཀའ་བརྒྱུད་སོགས་ཀྱི་དགོན་པ་བཏབ་རབས་ངག་སྒྲོས་སོགས་ལས་གསལ། དགོན་པ་འདི་ནི་པད་དཀར་འཆང་བ་ལྔ་པ་རིན་པོ་ཆེའི་བཀའ་ལྟར། རབ་བྱུང་བཅུ་གཅིག་པའི་ས་ཕག་གི་ལོ་སྟེ་སྤྱི་ལོ་༡༦༥༩ལོར་དཔལ་ལྡན་བློ་གསལ་གླིང་གི་བཀོད་པ་ལ་དཔེ་བཅད་དེ་ཤུག་པའི་སྡོང་བུས་ལྕགས་རིར་གྲུབ་པའི་འཇང་རྫོང་གི་ཆགས་ཤུལ་དུ་ཕྱག་བཏབ། ཆེད་གཉེར་གྱི་དགོན་འཛིན་སློབ་དཔོན་འཕན་པོ་ངག་དབང་རྒྱ་མཚོ་སོགས་བཏང་། ཕྱག་བཏབ་ཚེ་གདམ་ལྡི་ལ་བརྒྱ་དཔོན་དང་།གྲུ་བ་ཆོས་བློ་བཟང་། གཞིས་མགོ་བུ་ཅའ་ཡིག་ཚེ་རིང་། རྩེ་གསུམ་བནྡེ་རྣམ་རྒྱལ་བཅས་ཡུལ་གྱི་མི་ཆེན་བཞིས་ཕྱོགས་བཞིར་རྡོ་བཞི་བསླངས་ནས། ལྷ་སྡེ་མི་སྡེ་ཀུན་གྱིས་བསོད་ནམས་ཀྱི་མཆོད་སྡོང་བསྐྲུན་པར་ཅི་ནུས་ཀྱིས་ཞབས་འདེབས་ཞུས་པས། དགོན་གནས་རྟེན་དང་བརྟེན་པ་ལེགས་པར་གྲུབ། དགོན་མིང་དུ་འབའ་ཆོས་སྡེ་དགའ་ལྡན་ཕན་བདེ་གླིང་ཞེས་གསོལ། དམ་ཆོས་འདུལ་བ་དང་མཐུན་པའི་བཅའ་ཡིག་ཆེན་མོ། ཆོས་ཕོགས་མཐུན་འགྱུར་སོགས་ཀྱང་བསྩལ། དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་ཀྱིས་རབ་ཏུ་གནས་པའི་ཆོ་ག་མཛད།དེ་ཡང་བེེ་སེར་ལས། སྨད་མདོ་ཁམས་ཞིང་དང་འདྲ་བའི་སའི་ཆ་འབའ་ལྷུན་འགྲུབ་རབ་བརྟན་ས་ཕག་ལོར་ཚུགས་པ་དགའ་ལྡན་ཕན་བདེ་གླིང་། ཐོ་བཙུན་རྣམས་ཀྱི་བར་མ་རབ་བྱུང་སྒྲུབ་པའི་མཁན་པོ་དེ་མོ་སྤྲུལ་པའི་སྐུ་ངག་དབང་དགེ་ལེགས་ཀྱིས་མཛད། ཐོག་མའི་སློབ་དཔོན་འཕན་པོ་ངག་དབང་རྒྱ་མཚོ། དེ་ནས་སེ་ར་ཤར་སངས་རྒྱས་འཕྲིན་ལས། སྡིང་ཁ་བློ་བཟང་ལྷུན་གྲུབ། ད་ལྟར་དོག་སྡེ་བློ་བཟང་བསྟན་པ། བདེ་གསང་སོགས་སྔགས་ལུགས་ཀྱི་ཕྱག་ལེན་རྒྱུད་སྨད་པར་ཉེ། གྲྭ་རྒྱུན་ཕ་ར་གོ་བོ་སོགས་ངེས་མེད་དུ་འགྲོ། གྲྭ་སུམ་བརྒྱ་བཅུ་སྐོར། ཞེས་གསུངས་སོ། །དེ་ནས་དགོན་པ་ལ་ཆགས་འཇིག་ཐེངས་ཁ་ཤས་བྱུང་ནས་དམངས་གཙོའི་བསྒྱུར་བཅོས་མ་བྱས་སྔོན་དུ་དགེ་འདུན་འདུས་པ་རྒྱ་མཚོའི་ཞལ་གྲངས་ཆིག་སྟོང་བརྒྱད་བརྒྱའི་གྲངས་སུ་འཕེལ། ད་ལྟ་རབ་བྱུང་བ་བཞི་བརྒྱ་ལ་ཉེ་བ་བཞུགས་སོ། 

གསུམ་པ། དགོན་པའི་བླ་སྤྲུལ་དང་གདན་རབས།

སྤྱིར་དགོན་པའི་བླ་རབས་དང་མཁན་རབས་སོགས་ནི་བསྟར་ཆགས་སུ་ཡོད་མོད། དུས་ཟིང་སོགས་ཀྱི་སྐབས་སུ་དཔྱད་གཞི་ཡིག་ཆ་ཐམས་ཅད་འབྱུང་བའི་འཇིག་པར་བསྐུར། ཡུལ་འདིའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ནི་འབའ་ལཱ་ཁ་ཀླུ་དབང་གི་རྒྱལ་པོ་འདི་ཉིད་ཡིན། དད་ལྡན་བགྲེས་སོང་དག་གི་ངག་ཐོག་ཏུ་ལྷག་ཅིང་དགེ་བཤེས་བློ་བཟང་རྒྱལ་མཚན་རིན་པོ་ཆེས་ཕྱག་བྲིས་སུ་བཏབ་པའི་རྗེ་འདི་ཉིད་ཀྱི་སྐྱེ་ཕྲེང་རིམ་བྱོན་ནི། དང་པོ་འཕགས་པ་མ་འགག་པ། གཉིས་པ་སློབ་དཔོན་སངས་རྒྱས་གསང་བ། གསུམ་པ་གྲུབ་ཆེན་ཤན་ཏི་པ།བཞི་པ་ཨ་ཙ་རྱ་དཔལ་དབྱངས། ལྔ་པ་མགོ་ལོག་བསོད་ནམས་རྒྱལ་མཚན་ཡན་ཆོད་ནི་ཡུལ་འདིར་ནང་པའི་གྲུབ་མཐའ་མ་ཕྱེ་གོང་ཙམ་ཡིན་པར་བཤད། དྲུག་པ་སྲས་དར་མ་མདོ་སྡེ། བདུན་པ་གཏེར་ཕུ་གསང་སྔགས་སྡོང་པོ། བརྒྱད་པ་གྲོང་དགེ་ཧ་དགའ་རིན་ཆེན། དགུ་པ་བདེ་ཆེན་བཟང་པོ་རྡོ་རྗེ། བཅུ་པ་ཀརྨ་ངག་བདེ་སྤྲུལ་སྐུ། བཅུ་གཅིག་པ་སྟག་མགོ་བླ་མ་ཀརྨ་བསྟན་འཛིན་དབང་ཕྱུག བཅུ་གཉིས་པ་སྟག་མགོ་བླ་མ་ཆོས་གྲུབ་སྤེན་པ་བཅས་ནི་བཀའ་བརྒྱུད་ཀྱི་བླ་མ་ཡིན་པར་འདོད། བཅུ་གསུམ་པ་ཝང་ཆེན་ཞེས་པ་ངག་དབང་བློ་བཟང་དཔལ་ལྡན། བཅུ་བཞི་པ་མགོན་དཀར་བློ་བཟང་ཆོས་གྲུབ། བཅོ་ལྔ་པ་མགོན་དཀར་བློ་བཟང་རྣམ་རྒྱལ། བཅུ་དྲུག་པ་སྤྲུལ་སྐུ་འཇམ་དབྱངས་གྲགས་པ། བཅུ་བདུན་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག བཅོ་བརྒྱད་པ་ངག་དབང་དམ་ཆོས། བཅུ་དགུ་པ་ངག་དབང་བློ་བཟང་བསྟན་པའི་སྒྲོན་མེ་མཁྱེན་རབ་འཕྲིན་ལས་རྒྱ་མཚོ། དེང་གི་ཉི་ཤུ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་འདིའི་བར་སྐྱེ་ཕྲེང་ཉི་ཤུ་བྱུང་ཞིང་། དེ་དག་ཕལ་ཆེ་ནི་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་ཅིང་། ལྷ་སྲིན་སྡེ་བརྒྱད་བྲན་དུ་བསྐུལ་ནུས་པའི་སྐྱེས་བུ་དམ་པ་ཤ་སྟག་ཡིན་པར་གྲགས། གཞན་ཡང་འཇོལ་བླ་མ། གཉའ་ངོས་བླ་མ། མགར་ཐར་བླ་མ། མདའ་ར་མཁན་ཟུར། བྱང་རྩེ་བླ་མ། མོ་གཏོར་བླ་མ། བར་སྒོ་བླ་མ། མདོ་ཤོད་བླ་མ་བཅས་བླ་སྤྲུལ་ཁག་ནི་སྐྱེ་འགྲོའི་དཔལ་དུ་རེས་སུ་བལྟམས་ནས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་མཛད། དགོན་འདི་ཟིང་འཁྲུག་གིས་མེས་འཇིག་ནས་སླར་ཉམས་གསོའི་རྗེས་སུ་མཁན་རབས་བཅུ་གསུམ་ཙམ་དམངས་གཙོ་བཅོས་བསྒྱུར་མ་བྱེད་བར་དུ་བྱུང་སྟེ། དང་པོ་དཔལ་ངག་དབང་དང་། གཉིས་པ་ཚུལ་ཁྲིམས་ཆོས་འཕེལ། གསུམ་པ་མདའ་ར་མཁན་ཟུར། བཞི་པ་དགེ་བཤེས་ཨ་བློན། ལྔ་པ་དགེ་བཤེས་ཨ་དགའ། དྲུག་པ་མོ་གཏོར་མཁན་ཟུར་ཚེ་བརྟན། བདུན་པ་མོ་གཏོར་མཁན་ཟུར། བརྒྱད་པ་དགེ་བཤེས་ཨ་སྐལ། དགུ་པ་དགེ་བཤེས་འཕྲིན་ལས་རྒྱལ་མཚན། བཅུ་པ་དགེ་བཤེས་བློ་བཟང་དོན་འགྲུབ། བཅུ་གཅིག་པ་དགེ་བཤེས་ཨ་བཟང་། བཅུ་གཉིས་པ་གཉའ་ངོས་སྤྲུལ་སྐུ། བཅུ་གསུམ་པ་འཇོལ་བླ་མ་ངག་དབང་བློ་བཟང་ཡེ་ཤེས་བར་བྱུང་ནས་དུས་འགྱུར་ལ་འཁེལ་ཏེ་རེ་ཞིག་འཕྲོ་ཆད། ཆོས་ཀྱི་སྒོ་འཕར་སླར་ཡང་ཕྱེ་དུས་འཇོལ་བླ་མ་དང་། དགེ་བཤེས་བློ་ཚེ་རིང་། དགེ་བཤེས་ལྷུན་གྲུབ། དགེ་བཤེས་རྒྱལ་མཚན་གྲགས་པ། དགེ་བཤེས་བློ་བཟང་རྒྱལ་མཚན། དགེ་བཤེས་འགྱུར་མེད་རྡོ་རྗེ། དགེ་བཤེས་ཨ་འབྲུག དགེ་བཤེས་དར་རྒྱས་བཅས་ད་བར་རིམ་པར་དགོན་པའི་ཁྲི་འཛིན་གྱི་མཁན་པོར་ཕེབས་ནས་བསྟན་པ་ལ་མཛད་རྗེས་བླ་ན་ཆེའོ། 

བཞི་པ། དགོན་པའི་དར་རྒུད།

རབ་བྱུང་བཅུ་གཉིས་པའི་ཆུ་སྟག་ལོར་འབའ་ཡུལ་དུ་ས་ཡོམ་ཆེན་པོ་བྱུང་ནས་དགོན་པ་འདི་ཆགས་འཇིག་ཅི་ཙམ་བྱུང་ཡོད་པ་མི་གསལ། རབ་བྱུང་བཅོ་ལྔ་པའི་ལྩགས་རྟ་ལོའི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་སླར་ཡང་ས་ཡོམ་བྱུང་སྟེ་དགོན་པའི་རྟེན་དང་བརྟེན་པ་ཐམས་ཅད་འབྱུང་བ་སའི་འཇིག་པས་བརླག་པར་གྲགས། རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ལོར་༼ཀང་ཞུའུ་ཁྲི་ལོ་སོ་གཅིག་པ༽འབའ་སྡེའི་སྐྱ་སེར་ཚང་མས་མན་ཇུའི་སྲིད་གཞུང་གི་བོད་སྡོད་བློན་པོ་ཧྥོང་ཆོན་འབའ་རུ་བསྡད་དེ་ཡུལ་མི་རྣམས་ལ་ཁྱད་གསོད་དང་དགོན་པ་ལ་དམན་ལྟ་བྱས་པས་དགོན་ཡུལ་སྐྱ་སེར་གཉིས་ནས་ངོ་རྒོལ་བྱས་ཏེ་ཧྥོང་ཆོན་གཙོ་འཁོར་ལྔ་བཅུ་ལྷག་ལྔ་ལམ་དུ་བཏང་། དེ་ནས་ཀྲབ་འོར་ཧྥོང་དེའི་འཁོན་ལན་ལེན་པར་འབའ་ཡུལ་དུ་སླེབས་ནས། འབའ་ཆོས་སྡེ་མཁན་པོ་བར་སྒོ་བླ་མ་གཙོས་པའི་སྐྱ་སེར་དུ་མའི་སྐུ་བཀྲོངས་པ་མ་ཟད་ཆོས་སྡེ་དགོན་པ་རྟེན་དང་བརྟེན་པ་ཡང་འབྱུང་བ་མེའི་ཟས་ལ་སྦྱར། རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོར་འབའ་ལཱ་ཁ་མཆོག་སྤྲུལ་སྐུ་སྐྱེ་བཅུ་དགུ་པ་ངག་དབང་བློ་བཟང་བསྟན་པའི་སྒྲོན་མེ་མཁྱེན་རབ་འཕྲིན་ལས་རྒྱ་མཚོ་མཆོག་ལྷ་ས་ནས་རང་ཡུལ་དུ་ལོགསི་ཁྲོན་གྱི་ས་མཚམས་སྲུང་དཔོན་ཁྲན་ཞཱ་ལིང་ལ་རེ་བ་བཅོལ་ནས་འདུ་ཁང་གསར་བསྐྲུན་གྱི་བཀའ་ཁྲོལ་ཐོབ། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་ནུབ་ཁམས་ཞིང་ཆེན་གྱི་དམག་སྡོད་ས་སློག་བློན་ཆེན་ལུའུ་ཁྲན་ཞུན་གྱིས་གནང་བ་ལྟར་གྲྭ་ཤག་གསར་དུ་བསྐྲུན། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་ནུབ་ཁམས་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་ལུའུ་ཝུན་ཧུན་གྱིས་གནང་བ་ལྟར་དགོན་ས་ཡོངས་རྫོགས་ཕྱིར་དགོན་པར་སྤྲོད། ལྕགས་སྦྲུལ་ལོར་གོ་མིང་ཏང་ཀྲུང་དབྱང་རྒྱུགས་ལེན་གླིང་གི་གླིང་གཙོ་ཏེལ་ཁྲོན་ཞན་གྱིས་དགོན་འདིར་ཁམས་ལྷིང་དགོན་ཞེས་རྒྱ་ཡིག་གི་སྒོ་བྱང་བསྩལ། རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོར་དགོན་པའི་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་པར་གྲུབ། དམངས་གཙོ་བཅོས་བསྒྱུར་མ་བྱས་གོང་ལ་དགོན་པར་ཤུག་པས་ལྕགས་རིས་བསྐོར་བའི་དགོན་སར་ཁྱོན་ས་མཱུ་དྲུག་བཅུ་ཡོད་པ་དང་། དེར་འདུ་ཁང་དང་ལྷ་ཁང་སོགས་བཀོད་པ་མཛེས་ཤིང་ཡིད་དུ་འོང་བ་དང་། ནང་དུ་ཙན་དན་ལས་གྲུབ་པའི་ཇོ་བོ་གསུང་བྱོན་མ་དང་ཐུབ་དབང་ཚུལ་ཁྲིམས་འབར་སོགས་སྐུ་རྟེན་བྱིན་ཅན་གྱི་རིགས་དང་། རིན་ཆེན་དང་པོའི་རྒྱུ་ལས་བཞེངས་པའི་རྒྱལ་བའི་བཀའ་བསྟན་རིན་པོ་ཆེས་མཚོན་པའི་གསུང་རྟེན་རིན་པོ་ཆེའི་སྐོར་དང་། བཀའ་གདམས་མཆོད་རྟེན་དང་སྐུ་གདུང་མཆོད་རྟེན་སྣ་ཚོགས། ཞལ་གྲངས་ཆིག་སྟོང་བརྒྱད་བརྒྱར་ལོངས་པའི་དགེ་འདུན་འདུ་ཚོགས་ཀྱིས་གཙོས་པའི་ཐུགས་རྟེན་དམ་པའི་རིགས་ཀྱི་ངོ་མཚར་དཔལ་དུ་འབར་ཞིང་། གཞན་ཡང་མཆོད་རྫས་དང་འཆམ་ཆས། རོལ་ཆ་དང་གཡང་རྫས། ལྡེབས་རིས་དང་ཐང་ག་སོགས་མེས་པོའི་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པ་ལྡན་ནོ། 

དེང་སང་དགོན་པའི་འདུ་ཁང་དང་གྲྭ་ཤག ཇོ་ཁང་དང་མཚན་ཉིད་ཁང་སོགས་བཀོད་བ་ལེགས་ཤིང་བརྗིད་ཆགས་ཉམས་དགའ་བ་དང་། ནང་རྟེན་དུ་གསང་བདེ་འཇིགས་གསུམ་གཙོས་པའི་རྒྱུད་སྡེའི་ལྷ་ཚོགས་དང་། ཐུབ་པ་གསུང་བྱོན་མ་གཙོས་པའི་མཉམ་མེད་ཐུབ་པའི་དབང་པོ་སོགས་བདེ་བར་གཤེགས་པ་དང་། རིགས་གསུམ་མགོན་པོ་སོགས་བྱང་ཆུབ་སེམས་དཔའི་རིགས། དམར་ནག་གཉིས་སོགས་དཀར་ཕྱོགས་སྲུང་བའི་སྲུང་མའི་རིགས་སོགས་ཀྱི་སྣང་བརྙན་བཟོད་བཀོད་ལེགས་ཤིང་བྱིན་བརླབ་ཀྱི་ཚན་ཁ་འབར་བ་རྣམས་དད་ལྡན་གྱི་མཆོད་ཞིང་དུ་བསྐྲུན། གློག་པར་ལས་གྲུབ་པའི་རྒྱལ་བའི་བཀའ་བསྟན་དང་མཁས་དབང་དམ་པའི་གསུང་འབུམ་སོགས་གསུང་རྟེན་སྐོར་ཕུན་སུམ་ཚོགས་པ་དང་། མཆོད་ཡུལ་བླ་མ་དམ་པའི་སྐུ་གདུང་མཆོད་རྟེན་གྱི་རིགས་སོགས་ནི་དད་ལྡན་མང་ཚོགས་ཀྱི་ཕྱག་སྐོར་སྒྲིབ་སྦྱོང་བྱ་ཡུལ་གྱི་མཆོད་སྡོང་གཙོ་བོར་གྱུར། གཞན་ཡང་རབ་བྱུང་བ་ཞལ་གྲངས་བཞི་བཅུ་ལ་ཉེ་བའི་མཚན་ཉིད་ཁང་བཙུགས་ཏེ། རི་བོ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་རྩོད་པའི་རིགས་ལམ་གྱིས་གཞུང་ལུགས་གཏན་ལ་འབེབས་པའི་ཕྱག་སྲོལ་གྱི་རྒྱུན་སྐྱོང་བཞིན་པ་དང་། ལྷག་པར་དུ་མཚན་སྙན་གྱི་བ་དན་ཕྱོགས་སུ་བསྐྱོད་པའི་མཁས་པའི་དབང་པོ། གཞོན་ནུ་མ་གཏུམ་དྲག་རོལ་པའི་སྒྲུང་གི་མཛད་པ་པོ། རྒྱ་གར་ཝ་ན་སིའི་ནང་བསྟན་མཐོ་རིམ་སློབ་གྲྭའི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་གི་ཐུགས་བསྐྱེད་དང་སྨོན་ལམ་ལས་མཆེད་པའི་སྙན་ངག་སོགས་ཐུན་མོང་རིག་གནས་ཀྱི་རྒྱུན་ཡང་ཅི་རིགས་སུ་སྤེལ་པ་དང་། ལྷག་བསམ་དུང་ལས་དཀར་བའི་དགེ་རྒན་བསྟན་དར་ཆོས་འཕེལ་སོགས་ཀྱིས་འབད་པའི་རྩོལ་བ་ལས་སུམ་རྟགས་དག་ཡིག་སོགས་ཀྱི་རྨང་གཞི་ཡང་ཡུན་རིང་དུ་བསྐྲུན་ནས་ལེགས་པའི་འབྲས་བུ་ཡང་ཐོབ་དང་འཐོབ་མུས་སུ་ཡོད།

ལྔ་པ། རྒྱུན་སྲོལ་དུས་མཆོད།

དགོན་པའི་དཔལ་འབྱོར་ནི་ཚོང་ལས་རང་སྟོབས་རང་འཕེལ་གྱི་ཚོང་གཉེར་དང་འབྲི་ཆུ་ཤར་ནུབ་གཉིས་ལ་ཁྱབ་པའི་དད་ལྡན་མང་ཚོགས་ཀྱི་དད་འབུལ་ལས་བྱུང་བའོ། །ལོ་འཁོར་མོའི་སྒྲུབ་མཆོད་ནི། བོད་ལུགས་ལོ་ཐོའི ལུགས་ལ་བརྟེན་ནས་ཟླ་དང་པོར་སྨོན་ལམ་ཉིན་བཅུ་དང་། ཟླ་གཉིས་པར་གསང་འདུས་ཉིན་ལྔ། ཟླ་གསུམ་པར་མགོན་པོ་དང་ལྷ་མོའི་གཏོར་སྒྲུབ་ཉིན་བདུན། བདེ་མཆོག་ཉིན་ལྔ། བོད་ཟླ་བཞི་པར་འཇིགས་བྱེད་ཉིན་ལྔ། བོད་ཟླ་བརྒྱད་པར་དབྱར་གནས་དང་དགག་དབྱེར་ཉིན་བརྒྱད། བོད་ཟླ་བཅུ་པར་དགའ་ལྡན་ལྔ་མཆོད་ཉིན་གསུམ། ཟླ་བཅུ་གཉིས་པར་དགུ་གཏོར་ཉིན་བདུན་སོགས་ཚོགས་སྲོལ་མཆིས།

ལྷག་པར་དུ་ཡུལ་གྱི་དུས་ཆེན་ཁག་ཀྱང་དགོན་པའི་དུས་མཆོད་དང་འབྲེལ་ནས་བྱུང་སྟེ། བོད་ཀྱི་གནམ་ལོ་གསར་ཚེ་དགོན་པའི་དགུ་གཏོར་གྱི་འཆམ་དང་གཏོར་རྒྱག

གནམ་གང་ཉིན་གྱི་གོས་སྐུ་བཤམས་པ་དང་། ཆོས་ཀྱི་བརྒལ་བརྟག་མཛད་སྲོལ་རྣམས་ཡུལ་མི་རྣམས་ལོ་རྙིང་པ་ཕར་སྐྱེལ་ཅིང་ལོ་གསར་པ་ཚུར་བསུ་པའི་དུས་ཆེན་གྱི་མཛད་རིམ་མེད་ཐབས་བྲལ་བར་གྱུར། ལོ་གསར་ཚེས་གཅིག་ཉིན་གྱི་ཆོས་མཇལ་དང་ཚེས་ལྔའི་ཚེ་གཏོར། བཅོ་ལྔའི་མཆོད་པ་དང་ཆོ་འཕྲུལ་སྨོན་ལམ་དུས་ཆེན་སོགས་ནི་མི་རིགས་གཞན་ལས་ཐུན་མོང་མ་ཡིན་ཞིང་དད་པ་དང་ཡུལ་སྲོལ། དུས་ཆེན་དང་རིག་གནས་སོགས་གཅིག་ཏུ་འདུས་པའི་ལོ་གསར་གྱི་མཛད་སྒོ་གལ་ཆེན་དུ་གྱུར། གཞན་ཡང་དགོན་པའི་དབྱར་གནས་དང་དགག་དབྱེར་ཆོ་ག་དང་འབྲེལ་ནས། ཟླ་ལྔ་པར་དབྱར་བསུ་ནས་འབའ་ཡུལ་གྱི་སྤྲོ་སྐྱིད་ན་ཆུང་ནོར་བུའི་གླིང་དུ་ལྷ་མོ་ཚོགས་པས་བཀྲ་ཤིས་ཞི་བ་དང་རྒྱལ་རབས་རྣམ་ཐར་གྱི་སྤྱན་གཟིགས་འབུལ་སྲོལ་ཡོད་པ་དང་། ཟླ་བརྒྱད་པར་སླར་ཡང་དབྱར་ཕར་སྐྱེལ་བའི་དུས་ཆེན་ལ་ལྷ་མོ་ཚོགས་པས་རྒྱལ་རབས་སྣ་ཚོགས་དང་འབའ་གཞས་ཀྱང་ཞོར་དུ་འཁྲབ་འབུལ་ཞུ་ནས། སེར་སྐྱ་ཡོངས་རྫོགས་ན་ཆུང་ནོར་བུའི་གླིང་དུ་རི་མོ་སྣ་ཚོགས་ཀྱིས་མཛེས་པར་སྤྲོས་ཤིང་བཟོ་བཀོད་ཡིད་དུ་འོང་བའི་གུར་ཆེ་ཆུང་མང་པོ་གཡང་དཀར་ཐང་ལ་བཀྲམ་པ་ལྟ་བུ་ཕུབ་ཅིང་། ཉིན་བདུན་ནས་ཟླ་ཕྱེད་བར་དུ་རོ་བརྒྱ་ལྡན་པའི་ཟས་མཆོག་སྣ་ཚོགས་དང་ཡིད་དབང་འཕྲོག་པའི་ལྟད་མོ་སྣ་ཚོགས་ལ་རོལ་ཅིང་དགའ་བདེའི་དཔལ་ལ་སྤྱོད་པའི་དུས་ཆེན་ཁྱད་པར་བར་གྱུར་ཏོ། 

གཞན་ཡང་༢༠༡༥ལོར་ཆོས་སྡེ་དགོན་པའི་ཇོ་ཁང་དང་མཚན་ཉིད་གྲྭ་ཚང་གི་ཁང་པ་དང་ལེགས་གྲུབ་ཀྱི་མཛད་སྒོ་ཐོག་ཏུ་འབྲི་ཆུ་ཤར་ནུབ་གཉིས་ཀྱི་སྡེ་ཁག་དགུ་བཅུ་ཙམ་འདུས་ཤིང་ཉིན་གསུམ་རིང་བྲོ་གླུ་གཞས་གསུམ་གྱི་འཁྲབ་འབུལ་ཞུ་བ་དང་། ཡ་རབས་ལ་བསྟོད་བསྔགས་དང་བྱ་དགའ་གནང་བ་ནས་བཟང་པོའི་དབུ་འཕང་བསྟོད་པ་སོགས་ཀྱིས་མཚོན་ཏེ་དེ་སྤྱི་ཚོགས་རིང་ལུགས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཀྱི་དྲང་ཕྱོགས་ཀྱི་ནུས་པ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལགས་སོ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1