དག་གཙང་གི་ལྷ་དར་དཀར་པོ།
རླབས་ཆེན་ཡང་དག་ཏང་གི་ཐུགས་དགོངས་ལས།།
ལེགས་འཁྲུངས་ཀྲུང་ཧྭའི་རྒྱལ་ཁབ་སྟོབས་པོ་ཆེ།།
ཀུན་གསལ་མཁའ་ལ་ཤར་བའི་ཉི་ཟླ་བཞིན།།
རྒྱལ་སྤྱིའི་གནས་བབ་ཉིན་བཞིན་མཐོ་འདིར་བསྔགས།།
ཟླ་མེད་ཏང་གི་ཡང་དག་དབུ་ཁྲིད་འོག།
སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་ཀྱིས།།
མི་རིགས་ང་དྲུག་བདེ་སྐྱིད་དཔལ་ལ་བཀོད།།
རླབས་ཆེན་ཏང་འདི་འཛམ་གླིང་རྒྱན་དུ་བསྔགས།།
འཛམ་གླིང་ཟླུམ་པོའི་ཀུན་གསལ་སྒེག་མོའི་ཁྱོན།།
བགྲང་འདས་རྒྱལ་ཁབ་རྒྱུ་སྐར་ཕྲེང་ལྟར་དབུས།།
ཟླ་མེད་རང་རྒྱལ་ཀྲུང་ཧྭའི་རྒྱལ་མཚན་མཆོག།།
བདེ་འབྱུང་གཙུག་རྒྱན་མཁའ་རུ་བརྗིད་འདིར་བསྔགས།།
རང་རྒྱལ་ས་ཆེན་ཡངས་པའི་ཁོར་ཡུག་ཏུ།།
བསམ་གཏན་ཁང་བརྩེགས་འཛིན་མའི་རྒྱན་དུ་ཆེ།།
མཁོ་དགུ་འཛོམས་པའི་བཟོ་ཚོང་རྒྱ་མཚོ་ཡི།།
རྦ་རླབས་དགུང་དུ་འཕྱོ་བ་ཀུན་གྱིས་བསྔགས།།
ཕྱོགས་ལས་རྣམ་པར་རྒྱལ་བའི་ཀྲུང་གོ་འདིར།།
ཚན་རིག་འཕྲུལ་ལས་བྱུང་བའི་འབྲུ་དྲུག་གི།།
གཡུར་ཟའི་འབྲས་བུ་ལྷུག་ལྷུག་རྒོད་གྱུར་ཏེ།།
དགེ་མཚན་འབུམ་གྱིས་ཕྱུག་པའི་ཚུལ་འདིར་བསྔགས།།
ཚན་རྩལ་ཤེས་བྱའི་རབ་ཡངས་ཐང་ཆེན་དུ།།
རྣམ་དཔྱོད་ཁོ་ལག་རྫོགས་པའི་ཀྲུང་གོ་བས།།
དེང་རབས་འཕྲུལ་ལ་ངལ་བ་ལྷོད་མེད་དགོས།།
འཇུག་ཅིང་སྦྱངས་འབྲས་ལེན་པའི་ཚུལ་འདིར་བསྔགས།།
ཚོང་རའི་དཔལ་འབྱོར་སྤེལ་བའི་གྲུ་གཟིངས་ཀྱིས།།
མི་དམངས་དོན་མཐུན་རྒྱ་མཚོར་ལེགས་དྲངས་ཏེ།
དབུལ་བཅོས་འབྱོར་ཕྱུག་གསེར་གྱི་ལྡེའུ་མིག་གིས།།
གདེངས་ཀའི་ནོར་མཛོད་སྒོ་མོ་ཕྱེས་འདིར་བསྔགས།།
མུ་མཐའ་བྲལ་བའི་མཐའ་མཚམས་རིང་མོ་འདིར།།
སྟག་ཕྲུག་འགྱིང་འདྲའི་མཐའ་སྲུང་དཔའ་རྒོད་ཚོ།།
དགྲ་ཡིས་མཐོང་ན་སྙིང་རྩ་འདར་བ་དང་།།
གཉེན་གྱིས་ཐོས་ན་དགའ་སྤྲོ་འཕེལ་འདིར་བསྔགས།།
མེས་པོའི་ཁབ་ཀྱི་ལྷ་ལམ་ཡངས་པོ་རུ།།
མི་རིགས་མེ་ཏོག་རྒྱུ་སྐར་ལྷམ་མེར་བཀྲ།།
བཟོ་ཞིང་ཚན་རིག་རྒྱལ་སྲུང་ཚོང་སློབ་ཀྱིས།།
དཔྱིད་དཔལ་རྒྱན་དུ་ངོམ་པའི་ཚུལ་འདིར་བསྔགས།།
གཡུ་མདོག་ལྡན་པའི་ཆུ་གཏེར་ཆེན་པོ་ཡི།།
ལྟར་མི་བཟོད་པའི་རླབས་ཕྲེང་འཕྱུར་བ་བཞིན།།
ཁབ་འདིའི་སྟོབས་འབྱོར་མངའ་ཐང་རྒྱས་སོ་ཞེས།།
འཛམ་གླིང་ཡོངས་ཀྱི་སྐྱེ་འགྲོ་ཀུན་གྱིས་བསྔགས།།
བླ་མེད་ཏང་གི་ཡང་དག་དབུ་ཁྲིད་འོག །
རང་རྒྱལ་མི་དམངས་དུང་ཕྱུར་མང་པོ་ཡིས།།
ཕུགས་མདུན་འཕྲིན་ལས་དཀར་པོའི་རྒྱུན་བསྐྱངས་ཏེ།།
གླིང་ལྔའི་སྟོབས་ལྡན་ལམ་དུ་བགྲོད་འདིར་བསྔགས།།
འདི་ལྟའི་ཡིད་ལ་དགའ་བ་འབུམ་སྟེར་བའི།།
ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་པ་དང་།།
མེས་པོའི་རྒྱལ་ཁབ་ཉིན་བཞིན་དར་བཞིན་སྐབས།།
སེམས་ཀྱི་གཏིང་ནས་ལྷ་དར་འདི་ཉིད་ཕུལ།།