༄༅།། བཀའ་གདམས་པའི་གྲུབ་མཐའ་དབུས་སུ་དར་ཚུལ།

བྱིའུ་ཆུང་། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-02


        དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྟོད་མངའ་རིས་སུ་བཞུགས་སྐབས་འབྲོམ་སྟོན་པས་ཇོ་བོ་དབུས་སུ་གདན་འདྲེན་དུ་བྱོན་པ་དང་། དབུས་སུ་བཞུགས་པའི་མཁས་པ་རྣམས་ལ་འཕྲིན་ཤོག་བསྐུར་ནས་ཕེབས་བསུ་ཞུ་དགོས་པའི་བཀའ་ལྟར་དབུས་ཀྱི་མཁས་པ་རྣམས་མངའ་རིས་དཔལ་ཐང་སྟོད་དུ་ཕེབས་ནས། ཇོ་བོའི་ཞབས་དྲུང་དུ་ཉེ་བ་ན་ཆིབས་ལས་བབས་ཏེ་བེར་དང་དབུ་ཞྭ་བཞག སྣམ་སྦྱར་དང་ཆོས་གོས་གྱོན་པ་ཤ་སྟག་ཏུ་བྱས་ནས་བྱུང་བ་ལ་ཇོ་བོ་ཡང་དགྱེས་ནས་དགེ་མདུན་ལ་སྤྲོ་ཕྱག་མཛད།
        དེ་ནས་དབུས་སུ་ཕེབས་སྐབས་གན་པ་བྱང་ཐང་དུ་ཕེབས་དུས་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས་ཕ་གི་ན་ཅི་ཡོད་གསུངས་པར་ལྷ་སའི་གཙུག་ལག་ཁང་ཡོད་པ་ལགས་ཞུས་པར་དེ་ག་ཡིན་པ་འདྲ། ནམ་མཁའ་ནས་ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་བཞིན་འདུག་ཅེས་གསུངས་པར་གྲགས།
        དེ་ནས་བསམ་ཡས་སུ་ཕེབས་སྐབས་ལྷ་བཙུན་བོ་དྷི་ར་ཛས་ཞབས་ཏོག་ལེགས་པར་མཛད་ཅིང་། བོད་ཀྱི་མཁས་པ་མང་པོ་ཞིག་ཀྱང་དེར་འདུས། སྐབས་དེར་ཁུ་སྟོན་གྱིས་ཡར་ལུང་བཟང་བའི་བསྔགས་པ་བརྗོད་ནས་ཇོ་བོ་ཁོ་རང་གི་བཞུགས་གནས་ཐང་པོ་ཆེར་གདན་དྲངས་ནས་ཟླ་བ་གཅིག་ཙམ་བཞུགས་ཤིང་འབྲོམ་སྟོན་པ་ཡང་ལྷན་དུ་ཕེབས། སྔོན་འབྲོམ་སྟོན་པས་མངའ་རིས་ནས་དབུས་ཀྱི་མཁས་པ་རྣམས་ལ་ཕུལ་བའི་འཕྲིན་ཤོག་ནང་ཁུ་སྟོན་གྱི་མཚན་འཁོད་མེད་པར་སོགས་ཁོངས་ནང་དུ་ཚུད་ཡོད་ཅེས་པའི་འགྲེལ་བཤད་ལ་ཐུགས་མ་མཉེས་པའི་ཚུལ་བྱུང་བ་དང་ཐང་པོར་བཞུགས་རིང་ཁུ་སྟོན་གྱིས་ཞབས་ཏོག་ཚུལ་བཞིན་མ་བྱུང་བའི་རྐྱེན་བྱས་ཏེ། ཁུ་སྟོན་གྱིས་མ་མཁྱེན་པར་ཇོ་བོ་དཔོན་སློབ་རྣམས་མྱང་པོའི་གྲུ་ལ་ཞུགས་ཏེ་ཕེབས་སྐབས་ཁུ་སྟོན་རྗེས་སྙེག་ཏུ་བྱོན་ནས་ཡང་བསྐྱར་ཕྱིར་ལོག་འབྱོན་པའི་རེ་བ་ཞུས་ཀྱང་ཞལ་གྱི་མ་བཞེས་པར་དབུ་ཞྭ་ཕྱིར་འཕངས་ཏེ་བྱིན་རླབས་ཀྱི་རྟེན་དུ་གནང་།             
        དེ་ནས་བསམ་ཡས་སུ་ཕེབས་ནས་དཔེ་དཀར་གླིང་དུ་བཞུགས་སྐབས་རྒྱ་དཔེ་རྣམས་གཟིགས་རྗེས་ཧ་ལས་ཏེ་བོད་དུ་བསྟན་པ་འདི་འདྲ་དར་བ་རྒྱ་གར་ལའང་དཀའ་བ་ཡིན།
        རྒྱ་དཔེ་འདི་འདྲ་བ་སློབ་དཔོན་པདྨས་མི་མ་ཡིན་གྱི་གནས་ནས་རྫུ་འཕྲུལ་གྱིས་བླངས་སམ་གསུངས། སྒོམ་གྲྭ་བཙུགས། སྙེ་ཐང་དུ་ཆོས་ཉན་པ་པོ་མང་པོ་འདུས་པ་ལ་མངོན་རྟོགས་རྒྱན་ཚར་གཅིག་གསུངས་པ་མདོར་བསྡུས་ཙམ་ལས་མ་གནང་བས། སློབ་མ་རྣམས་འདོད་བློ་མ་ཚིམ་པར་རྒྱས་པ་ཞིག་གནང་བས་དེ་ལ་ཕྱག་དར་སྟོན་པས་ཟིན་བྲིས་བཏབ་པར་ཕར་ཕྱིན་ཁམས་ལུགས་མར་གྲགས།
        འབྲོམ་སྟོན་པ་ལ་སྐྱེས་བུ་གསུམ་གྱི་ཁྲིད་ཀྱི་གདམས་པ་རྣམས་ཀྱང་སྙེ་ཐང་དུ་གནང་། དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་སར་གདན་དྲངས། དེར་ལྷ་སའི་གཙུག་ལག་ཁང་ཁྱད་དུ་འཕགས་པ་གཟིགས་ནས་འདི་དག་ཇི་ལྟར་བཞེང་པའི་ལོ་རྒྱུས་ཤིག་ཡོད་དམ་དགོངས་པའི་ཚེ། ལྷ་སའི་སྨྱོན་མ་ཟེར་བའི་མཁའ་འགྲོ་མ་ཞིག་གིས་ལུང་བསྟན་པ་བཞིན་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་གསེབ་ནས་སྲོང་བཙན་སྒམ་པོས(བཀའ་ཆེམས་ཀ་ཁོལ་མ།) གཏེར་ནས་བཞེས། དེ་ཡང་ཇོ་བསྟོད་ལས། གང་དུ་རྒྱལ་པོའི་བཀའ་ཆེམས་གཏེར་དུ་སྦས། མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་བསྟན། །ཤཱཀྱ་མུ་ནེའི་འཇའ་ས་ཁྱོད་ཀྱི་དྲིན། །ཇོ་བོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཞེས་གསུངས། བཀའ་ཆེམས་བཀའ་ཁོལ་མ་ད་ལྟ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་ཞིག་ཡིན། དེ་ནས་བྲག་ཡེར་པ་སོགས་སུ་སློབ་མ་རྣམས་ལ་ཆོས་འཁོར་རྒྱ་ཆེར་སྐོར་ནས། དེ་ལྟར་བཀའ་གདམས་པའི་གཞུང་ལུགས་ཁྱད་པར་ཅན་དེ་ནི་ཇོ་བོ་རྗེས་དབུ་བརྙེས།

        འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་འབྱེད། སྐུ་མཆེད་གསུམ་གྱིས་རྒྱས་པར་མཛད་ནས། མཐར་བོད་དུ་ཇོ་བོ་བཀའ་གདམས་པའི་བསྟན་པ་ཉི་མ་ཤར་བ་ལྟ་བུ་བྱུང་། ། 

        2017ལོའི་《ཁ་བཏགས་དཀར་པོ།》དེབ་དང་པོ་ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1