གནའ་དཔེ་འདི་ནི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་འཆར་འགོད་ལེགས་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་རེད། ཐེངས་འདིའི《རིག་འཛིན་གྱེར་མི་སྐྱང་འཕགས་ཆེན་པོའི་སྐྱེས་རབས་རྣམ་ཐར་ཡོན་ཏན་ཐུགས་རྗེའི་ཉི་མ།》ཞེས་པ་འདི་ནི་ལོ་ངོ་༡༠༠༠ཡས་མས་ཀྱི་ལོ་རྒྱུས་ལྡན་པའི་དཔེ་རྙིང་ཞིག་ཡིན་པར་མ་ཟད། དཔེ་རྒྱུན་དཀོན་ཞིང་འཚོལ་དཀའ་བ་ཞིག་ཡིན་པས་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཏུ་ངོས་འཛིན་གྱིས་པར་སྐྲུན་བྱས་པ་ལགས། དཔེ་རྙིང་འདི་ཉིད་པར་སྐྲུན་འགྲེམ་སྤེལ་བྱས་པ་ཡིས་རྣམ་དཔྱོད་ཡངས་པའི་ཕྱི་རབས་པ་རྣམས་ལ་ཕན་པའི་རྒྱུ་རུ་གྱུར་ཅིག་གུ །
མདོ་སྨད་ཀྱི་འདྲེན་མཆོག་འཕགས་པ་རྣམ་གསུམ་གྱི་ནང་ཚན་རིག་འཛིན་སྐྱང་འཕགས་ཆེན་པོ་ནི་ལོ་ངོ་ཆིག་སྟོང་ཡར་སྔོན་དུ་མཛོད་དགེ་སྒུར་བའི་ཐང་ཞིང་སྡེ་བའི་སྐྱང་རྩེ་ཚང་ལ་སྐུ་འཁྲུངས་ཤིང། མཚན་ལ་འཕགས་པ་སྐྱབས་ཞེས་འབོད་པ་ཚིག་བསྡུས་ནས་སྐྱང་འཕགས་སུ་གྲགས། ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་ཏེ། གསུང་རྩོམ་གང་མང་ཞིག་མཆིས་རུང་དེང་སང་ཅུང་ཁ་ཚང་བ་ཞིག་ལ་ཁོང་གི་རང་རྣམ་དང་མགུར་འབུམ་གཉིས་མ་གཏོགས་གཞན་རྣམས་དུས་འགྱུར་གྱི་དབང་གིས་མི་མངོན་པའི་དབྱིངས་སུ་གྱུར། དེ་མིན་ཁོང་ནི་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པས། མི་འགྱུར་བཀའ་རྟགས་གང་མང་ཞིག་ཕྱི་རབས་པའི་དད་པའི་གསོས་སུ་བཞག་ཡོད་པ་མ་ཟད་སྤྲུལ་བའི་གཏེར་སྟོན་ཆེན་པོ་ཞིག་ཀྱང་ཡིན། ཁོང་གིས་བོན་བསྟན་རྒྱལ་མཚན་གསར་དུ་བཙུགས་པ་དང་གདུལ་དཀའི་འགྲོ་རྣམས་ཁ་ལོ་གྱེན་དུ་བསྒྱུར་བའི་ཐད་བཀའ་དྲིན་དང་ཐུགས་རྗེ་གཞལ་ཡས་པའོ།།