ད་ལོ་བོད་ལྗོངས་ཀྱིས་སྒོར་དུང་ཕྱུར་300དམངས་འཚོའི་ཐད་གཏོང་རྩིས་ཡོད་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 03-13
ཉེ་བའི་ལོའི་ནང༌། རང་ལྗོངས་ཀྱིས་དམངས་འཚོ་སྤྱོད་རྒྱུའི་ཐད་མ་དངུལ་རྒྱབ་སྐྱོར་མུ་མཐུད་གཏོང་ཤུགས་ཆེ་རུ་བཏང་བ་དང༌། ད་ལོ་སྒོར་དུང་ཕྱུར་300 བཀོད་སྒྲིག་བྱས་ནས་དམངས་འཚོའི་སྲིད་ཇུས་33 ལག་བསྟར་བྱས་ཏེ་གཞི་རིམ་གོང་འཕེལ་གྱི་ཞན་ཆ་གསབ་པ་དང་ཆབས་ཅིག དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཐུབ་པ་བྱེད་རྩིས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་མཐའ་མཚམས་ཁུལ་གོང་འཕེལ་ཐད་སྤྱོད་རྒྱུའི་ཕྱོགས་མང་པོའི་མ་དངུལ་སྒོར་དུང་ཕྱུར་150 ཙམ་གཅིག་བསྡུས་བྱེད་པའི་ནང་མ་དངུལ་སྒོར་དུང་ཕྱུར་88.26 གཅིག་བསྡུ་བྱས་ནས། དབུལ་སྐྱོར་གནད་འཕིགས་དང་དབུལ་སྒྲོལ་གནད་འཕིགས་ལ་སྐུལ་འདེད་ནུས་ལྡན་གཏང་རྒྱུ་རེད།
རང་ལྗོངས་ཀྱིས་ད་ལོ་ད་དུང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དང་མཐའ་མཚམས་ཁུལ་གྱི་སྤོ་བསྒྱུར་གཏོང་སྤྲོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཐའ་མཚམས་གོང་འཕེལ་ཐད་མ་དངུལ་སྒོར་དུང་ཕྱུར་60 གཏང་རྒྱུ་དང་ཆབས་ཅིག མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོ་དང་གཉིས་པའི་ཤང་གྲོང་རྡལ་གྱི་མཐའ་མཚམས་མི་དམངས་ཀྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་1700 དང་སྒོར་1500 དེ་ཁག་སོ་སོར་སྒོར་2700 རེ་དང་སྒོར་2500 བར་མཐོ་རུ་གཏང་རྒྱུ་རེད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་འགན་ཁུར་བས་ད་ལོ་ནས་བཟུང་གྲོང་ཁྱེར༼གྲོང་རྡལ༽གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མི་རེར་ཟླ་རེར་སྒོར་640 དང་སྒོར་700 བར་དང༌། གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མི་རེར་ཟླ་རེར་སྒོར་2550 ནས་སྒོར་3311 བར་མཐོ་རུ་གཏོང་རྒྱུ། འགན་ལེན་ལྔའི་དུད་ཚང་གི་འཚོ་བའི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་4740 ནས་སྒོར་4940 བར་མཐོ་རུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང༌། སྨན་བཅོས་འགན་སྲུང༌། གྲོང་ཚོ་རིམ་པའི་རྩ་འཛུགས་སོགས་ཐད་ཚང་མའི་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད།།