༄༅།།རྒྱ་བོད་ཡིག་སྒྱུར་ཐད་མ་ཡིག་གི་གོ་དོན་ཇི་བཞིན་མཚོན་ཐབས་སྐོར་རགས་ཙམ་གླེང་བ།

ཚེ་བརྟན་དཔལ་འབྱོར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-21


བོད་ལྗོངས་རླུང་འཕྲིན་ལས་ཁུངས་བོད་སྐད་ལྟེ་གནས་ཀྱི་ཚེ་བརྟན་དཔལ་འབྱོར་གྱིས།
        བོད་དུ་མི་ལོ་1300ཡི་སྔོན་ནས་ཡིག་སྒྱུར་ཡོད་ཅེས་པ་དང་། སྲོང་བཙན་དུས་ཀྱི་ཐོན་མི་སམ་བྷོ་ཊ་ལོ་ཙཱ་བ་ཐོག་མ་ཡིན་ཞེས་པ། གཤེན་རབས་མི་བོ་ཆེའི་དུས་ནས་ཡིག་སྒྱུར་བོད་དུ་དར་ཡོད་པའི་སྐོར་གླེང་ཡོད་ལ། གཡུང་དྲུང་བོན་གྱི་དཔེ་ཆ་མདོ་འདུས་པ་  《摄要经》དང་སྟག་གཟིག་འོད་མའི་གླིང་བཅས་ལས་ཡིག་སྒྱུར་དེའི་སྔ་རོལ་ནས་ཡོད་པར་བཞེད། རྒྱུད་ཉི་སྒྲོལ《续论日光之》ལས་བོན་གྱི་ཡི་གེ་བོད་སྐད་དུ་སྒྱུར་བ་དེ་དག་ལས་བོད་འདིར་བོན་གྱི་སྐབས་ནས་ཡིག་སྒྱུར་གྱི་སྲོལ་ཡོད་པ་གསལ་པོར་རྟོགས་ཞེས་པ་སོགས་བོད་ཀྱི་ཡིག་སྒྱུར་དར་ཚུལ་སྐོར་གྱི་དཔེ་ཆ་མང་པོ་ཡོད་པ་གང་ཞིག་བཞེད་པ་མི་གཅིག་པ་ཡང་མང་པོ་མཆིས། བོད་དུ་ཡིག་སྒྱུར་དུས་གང་ཞིག་ནས་བྱུང་ཡོད་མེད་ཐད་བཞེད་པ་མི་གཅིག་ཀྱང་བོད་ཀྱི་ཡིག་སྒྱུར་གྱི་རྩ་དོན་གསུམ་དང་ཐབས་དམ་པ་བཞི། ཡིད་འཇོག་བྱེད་དགོས་པ་བཞི་བཅས་ནི་ཡོངས་བསྒྲགས་སུ་ཁས་ལེན་བྱེད་པ་ཞིག་ཡིན། མཚམས་འདིར་བདག་གིས་ཐ་སྙད་དོན་ལ་མི་གནས་པ་དང་། སྒྱུར་ཤུགས་ཆུང་བ། མ་ཡིག་གི་འཆིང་རྒྱ་ལས་གྲོལ་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་རང་བློས་ཟིན་ཙམ་གྱི་དཔྱད་པ་བྱ་བར་འདོད།
དང་པོ། ཐ་སྙད་དོན་ལ་མི་གནས་པའི་སྒྱུར་སྟངས་ལས་མ་ཡིག་གྱི་གོ་དོན་ཁ་གསལ་གོ་བདེ་མེད་པའི་སྐྱོན་ཐོན་ཚུལ་བཤད་པ།
      ཐ་སྙད་སྤྱོད་ཚུལ་དང་ཚིག་སྦྱོར་བྱ་ཡུལ་ལ་དོ་སྣང་མ་བྱས་པར་མ་ཡིག་རང་དགར་སྒྱུར་ན། འགྱུར་ཡིག་གིས་མ་ཡིག་གི་དོན་གསལ་བར་སྟོན་མི་ནུས་པ་གང་ཞིག་གོ་བ་ལོག་སྒྲུབ་ཡོང་བར་ངེས། དཔེར་ན། 打ཞེས་པའི་ཡིག་འབྲུ་དེ་ཕྲད་རིམ་བཞིན་གཞུས་པ་ཁོ་ན་མ་བསྒྱུར་བར་བོད་རང་གི་སྐད་ཀྱི་འགྲོས་དང་བསྟུན་ནས་ཉེས་པ། ལག་པ་བཀྱག་པ། གཏོར། བརྡུང་བ། རྫོགས་པ་ཞེས་པའི་སྒྱུར་སྟངས་བེད་སྤྱད་ན་འཚམ་པར་མཐོང་། རང་རེའི་བོད་འདིར་ཕུན་སུམ་ཚོགས་པའི་རིག་གནས་ཡོད་པ་བཞིན་ཐ་སྙད་ཀྱང་དེ་བཞིན་ཕུན་སུམ་ཚོགས་པོ་ཡོད་པས། ང་ཚོ་ལོ་ཙཱ་བ་ཚོས་ཐ་སྙད་དེ་དག་བེད་སྤྱོད་བཏང་ན་འགྱུར་ཡིག་ནང་གི་ཟློས་སྐྱོན་སེལ་ཐུབ་པ་མ་ཟད་ཚིག་སྦྱོར་སྙན་ལ་གོ་བདེ་བ་ཡོང་གི་རེད།
      ཡིག་སྒྱུར་བྱེད་སྐབས་ཐ་སྙད་རྐྱང་པ་གཅིག་ཁོ་ནར་བསམ་བློ་བཏང་ནས་མ་བསྡད་པར་དོན་གཅིག་མིང་གི་རྣམ་གྲངས་དང་མིང་གཅིག་དོན་གྱི་རྣམ་གྲངས་བེད་སྤྱོད་བྱེད་དགོས་གལ་ཆེ་བར་མཐོང་། གང་ལགས་ཤེ་ན། རྒྱ་ཡིག་问题ཟེར་བ་དེ་ཕྲད་སྐབས་ཡི་གེ་དེ་དོན་གང་ལ་དམིགས་ནས་བྲིས་ཡོད་མེད་ལ་བལྟས་ནས་བསྒྱུར་བ་ལས། གནད་དོན་ཟེར་བ་ཁོ་ནར་སྒྱུར་ན་གོ་བ་ལོག་སྒྲུབ་ཡོང་སྲིད། ཡིག་འབྲུ་དེ་གཉིས་སྒྱུར་སྐབས་གང་ལ་གང་འཚམས་ཀྱིས་བོད་ཡིག་བེད་སྤྱོད་དགོས་པ་སྟེ་དཔེར་ན། གནད་དོན། དོན་ཚན། འགག་རྩ་དང་འགག་གནད། སྐྱོན། དཀའ་ངལ། དཀའ་རྙོག་སོགས་གང་ལ་གང་འཚམས་སྤྱོད་དགོས།
     ཡི་གེ་སྒྱུར་སྐབས་བོད་རང་གི་སྐད་ཆའི་འགྲོས་དང་བསྟུན་ནས་སྒྱུར་དགོས་པ་ལས་མ་ཡིག་ལ་ཤི་འབྱར་རོ་འབྱར་བྱེད་རྒྱུ་མེད། བོད་རང་གི་སྐད་ཀྱི་འགྲོས་དང་མ་བསྟུན་པར་མ་ཡིག་དང་བསྟུན་ཆེ་ན་རྒྱ་སྐད་ཀྱི་ཤན་ཞུགས་པའི་བོད་སྐད་ཆགས་སྲིད། དཔེར་ན། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་ལས་བཟོའི་ཁྱིམ་དུ་སྐྱེལ་ཞེས་པ་ལྟ་བུ་ཆགས་སྲིད་པས་བོད་རང་གི་ཡི་གེའི་འགྲོ་སྟངས་བྱས་ན། ཏང་དང་སྲིད་གཞུང་གི་བཀའ་དྲིན་རྒྱ་ཆེའི་ལས་བཟོའི་ཐོག་སྨིན་པ་བྱས་ཞེས་པའམ་མཚོན་པ་བྱས་ཞེས་སྒྱུར་ན་གོ་བདེ་བ་ཡོད། ཡང་ལོ་ཙཱ་བ་ཁག་གཅིག་གིས་ཡིག་སྒྱུར་སྐབས་མ་ཡིག་ལ་བསྟུན་ཆེ་བ་དང་སྒྱུར་ཤུགས་ཆུང་དྲགས་ནས་མ་ཡིག་གི་གཙོ་གནད་གང་ཡིན་ཧ་གོ་འདི་གོ་མེད་པ་བཟོས་པ་ཡང་མཐོང་རྒྱུ་ཡོད་པས་སྒྱུར་བ་པོ་ཚོས་ཡིག་སྒྱུར་བྱེད་སྐབས་སྒྱུར་ཤུགས་ཆུང་དྲགས་རྒྱུ་མེད། ཡིག་སྒྱུར་བྱེད་སྐབས་ཐོག་མར་མ་ཡིག་གི་ནང་དོན་བློ་ལ་ངེས་རྗེས་གཞི་ནས་སྒྱུར་དགོས་པ་དང་། སྒྱུར་སྐབས་མ་ཡིག་གི་ཕྱིའི་རྣམ་པ་བརྗེད་ཐུབ་པ་བྱས་ནས་བོད་སྐད་ཡིག་གི་འགྲོ་སྟངས་ལྟར་བྲིས་ན་དོན་གོ་བདེ་ལ་ཚིག་སྦྱོར་སྙན་འཇེབས་ལྡན་པ་ཡོང་སྲིད། དེས་ན། ཡིག་སྒྱུར་སྐབས་སྒྱུར་ཡིག་དེ་ངག་ནས་བརྗོད་བདེ་བ་དང་སྒྲ་ཟློས་ཚིག་ཟློས་མེད་པ། འབྲུ་རྫོབ་ཆེན་པོ་མེད་པ་ཡོང་གང་ཐུབ་བྱེད་དགོས་པ་གལ་ཆེ་བར་མཐོང་།
གཉིས་པ། བརྗོད་དོན་ཁ་སྣོན་དང་ཉུང་འཕྲི་མི་བྱེད་པར་ཡིག་འབྲུ་ཁ་སྣོན་དང་ཉུང་འཕྲི་བྱེད་དགོས་ཚུལ་བཤད་པ།
     努力学习 提高自己ལྟ་བུ་སྣོན་སྒྱུར་གྱི་ཐབས་སྤྱད་དེ་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་རང་ཉིད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་སྒྱུར་ན་དོན་གོ་བདེ་ལ་བོད་རང་གི་སྐད་ཆའི་འགྲོས་དང་མཐུན་ཆེ་བ་ཡོད། གོང་གི་རྒྱ་ཡིག་དེའི་ནང་བྱང་ཚད་ཞེས་པ་དེ་དངོས་སུ་མེད་ཀྱང་ཤུགས་སུ་བྱང་ཚད་གོ་རྒྱུ་ཡོད། གཞན་ཡང་我区召开房改工作会议ལྟ་བུར་ཆ་བཞག་ན། ཚིག་དེའི་ནང་དངོས་སུ་ལམ་ལུགས་ཞེས་པའི་ཐ་སྙད་དེ་བསྟན་མེད་ཀྱང་ཤུགས་སུ་ལམ་ལུགས་ཞེས་པ་དེ་གོ་རྒྱུ་ཡོད་པས། ང་ཚོས་གོང་གི་སྐད་ཆ་དུམ་བུ་དེ་སྒྱུར་སྐབས་རང་ལྗོངས་ཀྱིས་སྡོད་ཁང་ལམ་ལུགས་སྒྱུར་བཅོས་ལས་དོན་ཚོགས་འདུ་འཚོགས་པ་ཞེས་སྒྱུར་ན་སྒྲ་ཟློས་ཚིག་ཟློས་མེད་པའི་ཁར་བོད་ཀྱི་ཡི་གེའི་འགྲོ་སྟངས་དང་མཐུན་ཆེ་བ་ཡོད།
        མདོར་ན། མ་ཡིག་གི་འབྲུ་ངོས་སུ་དངོས་སུ་བསྟན་མེད་ན་ཡང་ཤུགས་ལ་བསྟན་པའི་ཚིག་དོན་མང་པོ་ཞིག་བོད་ཡིག་ནང་དུ་དངོས་སུ་ཕབ་སྒྱུར་བྱས་ཏེ་བསྟན་དོན་ཆ་ཚང་མཚོན་པ་བྱེད་དགོས་པ་ནི་གལ་ཆེ་བར་སྣང་།
གསུམ་པ། སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་སྐོར་ལ་ཅུང་ཟད་དཔྱད་པ།
        སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་སྤྱོད་སྐབས་སྒྲ་དོན་མཉམ་སྒྱུར་གྱི་སྒྱུར་ཐབས་དང་གཟུགས་བཙན་པོའི་སྒྱུར་ཐབས་ཏེ། གཟུགས་རང་སོར་འཇོག་པའི་སྒྱུར་ཐབས་སོགས་སྒྱུར་ཐབས་རྣམ་པ་བཞི་ཙམ་སྤྱད་ཆོག
        སྒྲ་སྦྱོར་བམ་གཉིས་ལས་གལ་ཏེ་མིང་གཅིག་དོན་མང་པོར་འཇུག་པ་རྣམས་འགྱུར་ཡིག་གི་ཐ་སྙད་གཅིག་གི་ནང་དུ་བརྗོད་བྱའི་དོན་ཐམས་ཅད་བསྡུ་བར་མི་ནུས་ན། དོན་གཅིག་ཁོ་ནར་བསམས་ནས་ཐ་སྙད་དེ་མི་སྒྱུར་བར་རྒྱ་གར་གྱི་སྐད་རང་སོར་འཇོག་དགོས་ཞེས་བསྟན་ཡོད་པ་བཞིན་ང་ཚོས་公社ཟེར་བ་དེ་སྒྱུར་སྐབས་སྒྲ་རང་སོར་འཇོག་པའི་ཐབས་སྤྱད་ནས་ཀུང་ཧྲེ་ཞེས་སྒྱུར་བ་དང་། དེ་བཞིན་总理ཞེས་པ་སྲིད་བློན་དང་བཀའ་བློན་ཞེས་མ་བསྒྱུར་བར་སྒྲ་སོར་བཞག་གི་སྒྱུར་ཐབས་སྤྱད་ནས་ཙུང་ལི་ཞེས་བརྗོད་ན་ཧ་གོ་བདེ་བ་དང་དོན་གསལ་བ་ཡོད།
བཞི་པ། སྒྲ་སྒྱུར་སྟེང་དུ་འབྲུ་མཆན་འགོད་པའི་དགོས་པ་བཤད་པ།
      སྒྲ་སྦྱོར་བམ་གཉིས་ལས། རི་ཀླུང་སོགས་པ་ཡུལ་གྱི་མིང་དང་ཡུལ་ཅན་རྩི་ཤིང་མེ་ཏོག་སོགས་པའི་མིང་ཕལ་ཆེར་སྒྱུར་བའི་ཚེ་དོན་ལ་ཡིད་གོལ་བ་ཚིག་གི་ཉམས་ཀྱང་མི་བདེ་བ་དེ་དག་འོད་ཕྱིར{འོལ་ཚོད་}བསྒྱུར་དུ་རུང་མོད་དེ་དོན་ལ་དེ་ལྟར་གནས་མིན་གཏོལ་མ་མཆིས་པས་བསྒྱུར་ཆ་དེའི་མིང་གི་མགོར་ཡུལ་ཞེས་པའམ་མེ་ཏོག་ཅེས་པ། ཆུ་བོ་ཞེས་པ་ལ་སོགས་པ་གང་བསྒྱུར་བར་བྱ་བའི་སྒྱུར་བྱེད་སྐད་ཀྱི་མིང་གཅིག་བླ་ཐབས་སུ་བདེ་བར་སྣོན་ལ་རྒྱ་གར་གྱི་སྐད་རང་སོར་ཞོག་ཅིག་ཞེས་བསྟན་པ་བཞིན། ལོ་ཙཱ་བ་ཚོས་རི་ཀླུང་སོགས་ཡུལ་དང་ཡུལ་ཅན་གྱི་མིང་སྒྱུར་སྐབས་འབྲུ་མཆན་འགོད་དགོས་པ་སྟེ། 秦始皇ལྟ་བུར་ཆ་བཞག་ན། གོང་མ་ཆིང་ཧྲེ་ཧོང་དང་། 少将ལ་ཧྲའོ་ཅང་དམག་དཔོན། 虞美人མེ་ཏོག་ཡུལ་མེ་རན་སོགས་འབྲུ་མཆན་བཀོད་ན་གོ་དོན་གསལ་པོ་ཡོང་བར་ངེས།
ལྔ་པ། སྔར་ཡོད་ཀྱི་ཐ་སྙད་བཙལ་འཚོལ་བྱས་ནས་འགྱུར་ཡིག་ནང་བེད་སྤྱོད་བྱས་ན་འགྱུར་ཡིག་གི་ནང་དོན་གོ་བདེ་ཡོང་བའི་སྐོར་བཤད་པ།
     བོད་ཡིག་ནི་ཐ་སྙད་ཕུན་སུམ་ཚོགས་པའི་སྒྲ་སྦྱོར་ཡི་གེ་ཞིག་ཡིན་པས་འཛམ་གླིང་ཐོག་གི་ཐ་སྙད་ཀྱི་མིང་མ་ཟིན་པ་སྤྱིར་ན་མེད་པས། ང་ཚོས་ཐ་སྙད་ཁག་གཅིག་སྒྱུར་སྐབས་ཨ་ན་ཨུ་ཚུགས་བྱས་ནས་ཕབ་སྒྱུར་བྱེད་མི་དགོས་པར་བོད་རང་གི་སྐད་ཆའི་ཁྲོད་གང་ལ་གང་འཚམས་ཀྱི་ཐ་སྙད་བཙལ་འཚོལ་བྱས་ཆོག དཔེར་ན། 空间ཞེས་པར་སྟོང་ཆ་དང་བར་སྟོང་ཟེར་བར་བསྒྱུར་བ་དེ་ལྟར་ན། 我没有活动的空间ཞེས་པར་ང་འགུལ་བསྐྱོད་བྱེད་པའི་སྟོང་ཆ་མི་འདུག་གམ། ཡང་ན། བར་སྟོང་མི་འདུག་ཞེས་སྒྱུར་གྱི་ཡོད། དེ་ལྟར་སྒྱུར་ན་མི་གོ་བ་མེད་རུང་། བོད་རང་གི་སྐད་བགྲོས་དང་ཅུང་མི་མཐུན་པར་སྣང་། རྒྱུན་དུ་མང་ཚོགས་ཚོས་བེད་སྤྱོད་གནང་དང་གནང་མུས་ཡིན་པའི་གུ་ཡུལ་མི་འདུག་ཟེར་བ་དེ་ནི་བོད་སྐད་གཙང་མ་ཡིན། 抵抗能力ལ་ཆ་བཞག་ན། གྲོང་གསེབ་ཁུལ་ཏུ་རྟག་ཏུ་ཐོས་རྒྱུ་ཡོད་པའི་སྐད་ཆ་ཞིག་སྟེ། ཁ་རྒྱུན་དུ་རང་གཟུགས་པོ་སྟོབས་ཆེན་པོ་དང་དཔའ་ཤ་ཐང་མདོག་ཁ་པོ་བྱས་པས་མ་གཏོགས་གཟུགས་པོའི་གདིང་གཞི་སྐྱོ་པོ་ཡོད་པ་འདྲ། རྟག་པར་ན་ན་པར་སྡོད་ཀྱིས་ཟེར་བ་དེ་ལས་抵抗能力ལ་གདིང་གཞི་ཞེས་སྒྱུར་ན་འཚམ་པོ་ཡོད་པ་གསལ་པོར་མཐོང་ཐུབ། 早熟ཞེས་པར་སྔ་སྨིན་ཞེས་མ་བསྒྱུར་བར་བོད་རང་གི་གནའ་སྔ་མོ་ནས་ཐོན་སྐྱེད་འཚོ་བའི་ཁྲོད་བེད་སྤྱོད་བྱེད་པའི་ཐ་སྙད“ཡང་སོན”ཞེས་པ་དེ་བེད་སྤྱོད་བྱས་ན་ཤིན་ཏུ་ལེགས་པར་མཐོང་། 始终ཞེས་པ་དེར་སྔ་བར་ཕྱི་གསུམ་ཞེས་སྔ་ཕྱིའི་གོ་རིམ་དང་བཅས་སྒྱུར་ཚུལ་ཡོད་པ་དག་ནི་སྒྱུར་ཤུལ་མངོན་གསལ་དོད་ལ་བོད་མི་རིགས་ཀྱི་སྐད་ཆའི་འགྲོས་དང་མི་མཐུན་པར་མཐོང་། བོད་རིགས་མང་ཚོགས་ཚོས་སྔར་ནས་སྔ་ཕྱི་བར་གསུམ་དུ་ཞེས་ཤོད་སྲོལ་ཡོད། གལ་སྲིད་ཨ་ན་ཨུ་ཚུགས་ཀྱིས་མ་ཡིག་གི་གོ་རིམ་ལྟར་སྒྲིག་ན། དུས་བཞི་དབྱར་དགུན་སྟོན་དཔྱིད་ལ་རྒྱ་ཡིག་གི་གོ་རིམ་ལྟར་དཔྱིད་དབྱར་སྟོན་དགུན་ཞེས་བརྗོད་དགོས་པར་ཐལ།
      མདོར་ན། ཡིག་སྒྱུར་གྱི་འགག་རྩ་ནི་མ་ཡིག་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་སྒྱུར་ཐབས་དང་སྒྱུར་རྩལ་ལ་བརྟེན་ནས་མ་ཡིག་གི་གོ་དོན་འཕྱུགས་པ་མེད་པ་མཚོན་པ་བྱེད་རྒྱུ་དེ་ཡིན་པས། ཡིག་སྒྱུར་ལས་ལ་ཞུགས་སྐབས་མ་ཡིག་གི་འཆིང་རྒྱར་མ་ཚུད་པ་བྱེད་རྒྱུ་དང་ཐ་སྙད་གཡར་སྤྱོད་དང་བཙལ་འཚོལ་སོགས་ཐབས་རྩལ་ཡོད་རྒུ་སྤྱད་ནས་འགྱུར་མའི་ཉམས་སྣང་མི་ཤོར་བ་དང་། གོ་དོན་ཕྱིན་ཅི་མི་ལོག་པ། སྒྱུར་ཤུལ་མེད་པ་བཅས་ཀྱི་འགྱུར་རྩོམ་ཡག་པོ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ་ནི་ང་ཚོ་ལོ་ཙཱ་བ་ཚོའི་འགན་འཁྲི་ཡིན་པར་བསམས།།
       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1