མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་10གཉིས་ཉིན་གསལ་བསྒྲགས་སྤེལ་ཏེ། དེང་སྐབས་ཅཱ་ཧྲ་ས་ཁུལ་གྱི་ཉམས་ཉེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཞོར་དུ་ཕཱ་ལེ་སི་ཐན་དང་ཨི་ཟི་རེལ་གྱིས་དེང་སྐབས་ཀྱི་གནས་བབ་ཞི་འཇགས་སུ་གཏང་དགོས་པའི་འབོད་སྐུལ་བཏང་།
གསལ་བསྒྲགས་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེང་སྐབས་ཅཱ་ཧྲ་དང་འབྲེལ་བའི་ཉམས་ཉེན་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་ཨི་ཟི་རེལ་ཕྱོགས་གཉིས་ཀྱིས་མིག་སྔའི་གནས་བབ་ཞི་འཇགས་སུ་གཏང་བ་དང་། བདེ་འཇགས་སླར་གསོ་བྱས་ཏེ། 2012ལོའི་ཟླ་11པར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱ་དགོས་པའི་འབོད་སྐུལ་བཏང་།
གསལ་བསྒྲགས་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་ཨི་ཟི་རེལ་གྱིས་ཐད་ཀར་གྲོས་མོལ་སླར་གསོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྨང་གཞིར་བྱས་པའི་ཕྱོགས་ཡོངས་ཀྱི་ཞི་བདེའི་གྲོས་མཐུན་འགོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
ཚེས་12ཉིན་ཨི་ཟི་རེལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམིགས་པའི་རྣོ་དབལ་སྲུང་བའི་འགུལ་སྐྱོད་ཅེས་པའི་དམག་དོན་འགུལ་སྐྱོད་དེ་སྤེལ་ནས་ཉིན་ལྔ་འགོར་བ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བཤད་རྒྱུར། ཨི་ཟི་རེལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཉིན་དེར་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་མུ་མཐུད་དུ་ཨི་ཟི་རེལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཟེར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བདེན་དཔང་བྱས་དོན། ཨི་ཟི་རེལ་གྱི་དམག་དཔུང་གི་ཉིན་ལྔའི་རིང་གི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་127རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བརྒྱ་དང་ཉེར་བཞི་ལ་རྨས་ཕོག དེའི་ནང་སུམ་ཆའི་གཉིས་ནི་མི་སེར་དཀྱུས་མ་རེད་ཟེར། །