༄༅།། ཅི་ཞིག་ལ་ལྟ་སྐྱོང་མཁན་ཟེར།

སྐལ་བཟང་རྒྱལ་གྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-01


    ལྟ་སྐྱོང་མཁན་ཞེས་པ་ནི་དམངས་ཁྲིམས་སྟེང་གཏན་ཁེལ་བྱས་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་བྱས་པའི་མིའི་མི་ལུས་དང་རྒྱུ་ནོར་རམ་ཡང་ན་གཞན་པའི་ཁྲིམས་མཐུན་ཁེ་ཕན་ལ་ལྟ་སྐྱོང་དང་སྲུང་སྐྱོང་བྱེད་པའི་སྒྲིག་ལམ་ཞིག་ལ་གོ ལྟ་སྐྱོང་དང་སྲུང་སྐྱོང་འོས་འགན་ལག་བསྟར་བྱེད་པའི་མི་ལ་ལྟ་སྐྱོང་མཁན་ཞེས་འབོད་ཅིང་། ལྟ་སྐྱོང་དང་སྲུང་སྐྱོང་ཐོབ་མཁན་ལ་ལྟ་སྐྱོང་བྱེད་ཡུལ(ལྟ་སྐྱོང་མི)ཞེས་འབོད།
བྱིས་པའི་ལྟ་སྐྱོང་མིའི་གཏན་ཁེལ།
གཅིག  ནར་མ་སོན་པའི་མིའི་ཕ་མ་ནི་ནར་མ་སོན་པའི་མིའི་ལྟ་སྐྱོང་མཁན་ཡིན།
གཉིས།  ནར་མ་སོན་པའི་མིའི་ཕ་མ་ཚེ་ལས་འདས་པའམ་ཡང་ན་ལྟ་སྐྱོང་གི་ནུས་པ་མེད་ཚེ། གཤམ་གསལ་ལྟར་ལྟ་སྐྱོང་བྱ་དགོས།
    (1)སྤོ་བོ་དང་རྨོ་མོ། ཕུ་ནུ་མིང་སྲིང་།
    (2)འབྲེལ་བ་དམ་ཟབ་ཡོད་པའི་གཞན་པའི་ཤ་ཉེའམ་གྲོགས་པོ་ཡིས་ལྟ་སྐྱོང་གི་འགན་འཁྲི་འཁུར་འདོད་ཚེ། ནར་མ་སོན་པའི་མིའི་ཕའམ་མའི་ལས་ཁུངས་སམ་ནར་མ་སོན་པའི་མི་སྡོད་སའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་འཐད་པ་བརྒྱུད་ནས་འགན་འཁུར་ཆོག
    (3)གཏན་ཁེལ་གྱི་མི་འདི་དག་མེད་ཚེ། ནར་མ་སོན་པའི་མིའི་ཕའམ་མ་ཡོད་སའི་ལས་ཁུངས་སམ་ནར་མ་སོན་པའི་མི་སྡོད་སའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་གི་འགན་འཁུར་དགོས།
    (4)ཕ་མ་གཉེན་འཐོར་བྱས་ཀྱང་ལྟ་སྐྱོང་གི་འབྲེལ་བར་ཤུགས་རྐྱེན་མི་ཐེབས།
    (5)ཕ་མ་གཉེན་འཐོར་བྱས་རྗེས། ལྟ་སྐྱོང་བྱེད་ཡུལ་གྱིས་མི་གཞན་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་ཚེ། ནར་མ་སོན་པའི་མི་དེ་དང་མཉམ་དུ་འཚོ་བ་རོལ་བའི་ཕྱོགས་དེས་འགན་འཁྲི་འཁུར་དགོས། མཉམ་དུ་འཚོ་བ་རོལ་བཞིན་མེད་པའི་ཕྱོགས་དེས་ཁ་གསབ་ཀྱི་འགན་འཁྲི་འཁུར་དགོས།ནར་མ་སོན་པའི་མི་དེ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཕྱོགས་དེར་འགན་འཁུར་བའི་ནུས་པ་མེད་ཚེ་ཕྱོགས་གཞན་དེས་འགན་འཁྲི་དང་ལེན་བྱེད་དགོས།
ལྟ་སྐྱོང་མཁན་གྱི་འགན་འཁྲི།
    གཅིག ལྟ་སྐྱོང་བྱེད་ཡུལ་གྱི་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་དང་། ལྟ་སྐྱོང་བྱེད་ཡུལ་གྱི་འཚོ་བར་གཉོར་སྐྱོང་བྱེད་པར་མ་ཟད། ལྟ་སྐྱོང་བྱེད་ཡུལ་ལ་དོ་དམ་དང་སློབ་གསོ་གཏོང་དགོས།
    གཉིས། ལྟ་སྐྱོང་བྱེད་ཡུལ་གྱི་རྒྱུ་ནོར་ལ་དོ་དམ་དང་སྲུང་སྐྱོང་བྱེད་དགོས།
    གསུམ། ལྟ་སྐྱོང་བྱེད་ཡུལ་གྱི་ཚབ་བྱས་ཏེ་དམངས་དོན་བྱ་འགུལ་སྤེལ་ཆོག
    བཞི། ལྟ་སྐྱོང་བྱེད་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་ཐེབས་པའམ་ཡང་ན་གཞན་དང་རྩོད་གླེང་བྱུས་དུས་ཚབ་གཏུག་བྱས་ཆོག
    ལྔ། ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་འགན་འཁྲིའི་ཆ་ཤས་སམ་ཡོངས་རྫོགས་མི་གཞན་ལ་མངགས་བཅོལ་བྱས་ཆོག ལྟ་སྐྱོང་བྱེད་ཡུལ་གྱི་དབང་གནོད་བྱ་སྤྱོད་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས་ཚེ། ལྟ་སྐྱོང་མཁན་གྱིས་འགན་འཁུར་འོས། ཡིན་ཡང་གཞན་པའི་ཁ་ཆད་ཡོད་པ་ཕུད། གལ་ཏེ་མངགས་བཅོལ་བྱས་ཡུལ་ལ་དོན་དངོས་ཀྱིས་ནོར་འཁྲུལ་ཡོད་ཚེ་ཞོར་འདྲུད་འགན་འཁྲི་འཁུར་འོས།
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1