༄༅།། བོད་ལུགས་གསོ་རིག་ལས་ལྕེའི་མདོག་ལ་བརྟག་ཐབས་རགས་ཙམ་བཤད་པ།

རྣམ་ཐར་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-06


རྣམ་ཐར་འཚོ།
        ཉེས་གསུམ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ཚེ་རྗེས་མཐུན་གྱི་ནད་རྟགས་ལྕེ་ལ་ཤར་བས་ལྕེ་མདོག་ལ་འགྱུར་ལྡོག་སྣ་ཚོགས་འབྱུང་། རྒྱུན་མཐོང་གི་ལྕེའི་མདོག་ནི་དམར་པོ་དང་། སེར་པོ། སྔོན་པོ། དཀར་པོ། ནག་པོ་བཅས་རྩ་བའི་མདོག་ལྔ་དང་ལྡན་ལ། གཞན་ཁམ་མདོག སྨུག་མདོག སྐྱ་མདོག་བཅས་ནི་གོང་གི་ཁ་དོག་དེ་དག་འདུས་འདྲེས་བྱས་པ་ལས་བྱུང་ཞིང་དེ་དག་ཕལ་ཆེར་ནད་རྐྱང་པ་དང་ལྡན་འདུས་དང་འབྲེལ་བ་དམ་པོ་ཡོད་པར་སྙམ།
གཅིག ལྕེ་མདོག་དམར་པོ།
        ལྕེའི་མདོག་དམར་པོ་ཆགས་པ་ནི་རྒྱུན་ལྡན་གྱི་དམར་པོ་ལས་དམར་ཤས་ཆེ་བ། སྤྱིར་ལྕེའི་མདོག་དམར་པོ་མངོན་པ་ནི་ཁྲག་དང་མཁྲིས་པའི་རང་མདོག་དང་། རླུང་འཕེལ་བ་དང་འཁྲུགས་པ་གང་རུང་དུ་གྱུར་ན་ཡང་ལྕེ་མདོག་དམར་པོ་མངོན། གཞན་དོན་སྣོད་དང་ལྡན་འདུས་ཀྱི་ནད་ཁ་ཤས་ཤིག་ལའང་ལྕེ་མདོག་དམར་པོ་འབྱུང་། ཟླ་རྒྱལ་ལས། དམར་ལ་རྩུབ་པ་ཁྲག་ཡིན་ཏེ།། ཞེས་དང་། རྩ་རྒྱུད་ལས། རླུང་གི་ལྕེ་ནི་དམར་ཞིང་སྐམ་ལ་རྩུབ༎ ཅེས་རླུང་གི་ཡང་གཡོ་ཕྲ་བས་ཁྲག་མཁྲིས་བསྐྱེད་པས་རང་མདོག་དམར་པོ་མངོན་པ་ཡིན། གདོང་བརྟག་ལས། ལྕེ་མདོག་དམར་དྲག་ཚ་དང་དྲག་རྟགས་ཡིན༎ དམར་ལ་སྐམ་ན་ཕོ་བར་གནོད་པ་བྱུང་༎ དམར་ལ་སྐམ་ཞིང་ལྕེ་དྲེག་མེད་པ་ན༎ གཅིན་ལ་གནོད་པ་བྱུང་བའི་རྟགས་སུ་བཤད༎ དེ་ནི་མཆིལ་མ་ཞུན་ཁུའི་ཕྱོགས་ལ་གཏོགས༎ ལྕེ་རྒྱུ་དམར་ཞིང་དྲོད་ཡོད་ཚ་རྟགས་དང་༎ ལུས་ཞན་གྱུར་དུས་སྲིབས་ཉམས་རྟགས་སུ་བཤད༎ ཅེས་ལྕེ་མདོག་དམར་དྲག་ན་ཚ་བའི་རྟགས་དང་། ལྕེ་མདོག་དམར་ལ་ངོ་བོ་སྐམ་པ་ཕོ་བར་གནོད་པ་བྱུང་བའི་རྟགས། ལྕེ་མདོག་དམར་ལ་ངོ་བོ་སྐམ་པ་དང་དྲེག་མེད་པ་ནི་ལུས་ཀྱི་ཆུ་ཁམས་ལ་གནོད་པ་བྱུང་བའི་རྟགས། ལྕེ་མདོག་དམར་ལ་དྲོད་ཡོད་ན་ཚ་བའི་རྟགས་དང་ལུས་སྟོབས་ཞན་ནས་སྲིབས་ཉམས་པའི་རྟགས་ཡིན།
༡ ལྕེ་མདོག་དམར་ནག
        ལྕེའི་མདོག་དམར་ནག་ཆགས་པ་ནི་རྒྱུན་ལྡན་གྱི་དམར་པོ་ལས་ཟབ་ལ་ནག་ཤས་ཅན། སྤྱིར་ལྕེ་མདོག་དམར་ནག་མངོན་པ་ནི་ནད་ལུས་ཀྱི་འཇུག་སྒོ་གང་དུ་ཞུགས་ཀྱང་ངོ་བོ་རླུང་ཚད་ཀྱི་ཁོངས་སུ་གཏོགས་པ་ཡིན། ཕྱི་ཡུལ་བརྟག་ཐབས་ཉུང་གསལ་ལས། ནག་པ་རླུང་ཚད་སྨུག་ནག་ཁྲག། ཅེས་ལྕེ་མདོག་དམར་ལ་ནག་ཤས་ཅན་ནི་རླུང་ཚད་འཐབ་པའི་རྟགས་དང་། ལྕེ་མདོག་སྨུག་ནག་སྟེ་དམར་ནག་སྔོ་ཤས་ཅན་ནི་ཁྲག་འཕེལ་བའི་རྟགས་ཡིན། གདོང་བརྟག་ལས། ལྕེ་ཡོངས་དམར་ནག་ཡིན་སྐབས་སྙིང་ནད་ཕོག། ལྕེ་བར་ནག་དང་དཀྱིལ་སྐམ་ཕོ་ཚད་རྒྱས༎ ལྕེ་རྩེ་དམར་ནག་ཡིན་དུས་སྙིང་ཚ་རྒྱས༎ དམར་ནག་ཡིན་ལ་དམར་ཐིག་སྟེང་བྱུང་ཚེ༎ ཚ་བའི་དུག་དེ་སྙིང་ལ་ཕོག་པའི་རྟགས༎ ཞེས་ལྕེ་སྟེང་གི་གནས་ངེས་ཅན་སྟེ་ལྕེ་ཡོངས་དམར་ནག་ཡིན་ན་སྙིང་ནད་ཀྱི་རྟགས་དང་། ལྕེ་བར་ནག་པ་དང་ལྕེ་དཀྱིལ་སྐམ་པོར་ཆགས་པ་ནི་ཕོ་ཚད་རྒྱས་པའི་རྟགས། ལྕེ་རྩེ་དམར་ནག་ཡིན་ན་སྙིང་ཚད་རྒྱས་པའི་རྟགས་ཡིན།
༢ ལྕེ་མདོག་དམར་སྐྱ།
        ལྕེའི་མདོག་དམར་སྐྱ་ཆགས་པ་ནི་དམར་ལ་དཀར་ཤས་ཆེ་བ་ཡིན། བད་ཀན་གྱི་སྤྱི་རྟགས་སུ། ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲངས་། ཞེས་བད་ཀན་ས་ཆུ་ཤས་ཆེ་བས་རླུང་ཁྲག་གི་སྟོབས་ཟད་པས་ལྕེ་རྙིལ་གྱི་མདོག་སྐྱ་བོ་མངོན་པ་དང་ལྕེ་དབང་གིས་རོ་མི་གསལ་བ་བཅས་ཀྱི་མངོན་རྟགས་འབྱུང་བ་ཡིན། གདོང་བརྟག་ལས། མདོག་སྐྱ་དྲག་ན་ཉམས་པའི་རྟགས་ཡིན་ཞིང་༎ ལྕེ་དེ་ཡོངས་སུ་ལྕེ་དྲེག་མེད་པ་དང་༎ མདོག་སྐྱ་དྲག་ན་དབུགས་དང་ཁྲག་ཞན་ཡིན༎ འཇམ་ཞིང་དམར་སྐྱ་དྲེག་མེད་ཞིག་ཡིན་ན༎ དབུགས་ཀྱི་ཆ་དང་སྲིབས་ཀྱི་ཆ་གཉིས་ཞན༎ ལྕེ་མདོག་དམར་སྐྱ་ཡིན་དུས་དྲེག་མེད་ན༎ སྲིབས་ཉམས་པ་དང་ཚ་བ་རྒྱས་པའི་རྟགས༎ ཞེས་ལྕེ་མདོག་སྐྱ་དྲག་པ་དང་། ལྕེ་མདོག་སྐྱ་ལ་དྲེག་མེད་པ། ལྕེ་མདོག་དམར་སྐྱ་ངོ་བོ་འཇམ་ཞིང་དྲེག་མེད་པ་བཅས་རིམ་བཞིན་ལུས་སྟོབས་ཉམས་པ་དང་། དབུགས་དང་ཁྲག་ཞན་པ། ཡང་ན་དབུགས་དང་སྲིབས་གཉིས་ཞན་པ་བཅས་མདོར་བསྡུས་ན་རླུང་ཁྲག་ཟད་པའི་རྟགས་ཡིན། ལྕེ་མདོག་དམར་སྐྱ་དྲེག་མེད་པ་ནི་གབ་ཚད་ཀྱི་རྟགས་ཡིན།
གཉིས། ལྕེ་མདོག་སེར་པོ།
        སྤྱིར་ལྕེ་མདོག་སེར་པོ་མངོན་པ་ནི་མཁྲིས་པ་དང་ཚད་པའི་ནད་ཀྱི་སྤྱི་རྟགས་ཡིན། ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ་ལས། ལྕེ་ཡི་ཁ་དོག་སེར་ན་མཁྲིས་པ་སྟེ།། ཞེས་དང་། ཟླ་རྒྱལ་ལས། སེར་ཞིང་ར་མ་ལུག་དག་སེར།། སྐེམ་པ་དག་ནི་མཁྲིས་པའོ།། ཞེས་དང་ལྕེ་མདོག་སེར་པོ་ཆགས་པ་ནི་མཁྲིས་པའི་ནད་ཀྱི་རྟགས་ཡིན། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས། ཚད་པ་ཡོད་ན། ལྕེ་སེར་བའམ། ནག་ལ་ཐུང་བ་དང་། ཞེས་ལྕེ་མདོག་སེར་ལ་ནག་པོ་མངོན་པ་ནི་ཚད་པའི་ནད་ཀྱི་རྟགས་ཡིན། རྒྱ་ནག་གི་ལུགས་སུའང་ལྕེ་མདོག་སེར་པོ་མངོན་པ་མང་ཆེ་བ་གློ་ཚད་དང་། ཕོ་ཚད་སོགས་ཚ་བ་ཁོང་དུ་གནས་པའི་རྟགས་དང་། ཡང་ན་ནད་བྱུང་མ་ཐག་པ་གསར་བའི་དུས་དང་ཁོང་ནད་གང་ཡིན་རུང་ཚད་པའི་མངོན་རྟགས་ཤིག་ཡིན་པར་གསུངས་ཡོད། གཞན་འཇུ་བྱེད་མ་ལག་གི་ནུས་པ་སྙོམས་སྒྲིག་ཤོར་བ་དང་། ཡང་ན་ལུས་ཀྱི་རིམས་འགོག་ནུས་པ་ཞན་པའི་རྟགས་སུའང་ལྕེ་མདོག་སེར་པོ་མངོན་པར་གསུངས་ཡོད།
གསུམ། ལྕེ་མདོག་སྨུག་པོ།
        ལྕེ་མདོག་སྨུག་པོ་མངོན་པ་ནི་འདུས་པའི་ནད་ཀྱི་རྟགས་ཏེ་ཉེས་གསུམ་འདུས་པས་རང་མདོག་སྨུག་པོ་མངོན་པ་ཡིན། ཕྱི་ཡུལ་བརྟག་ཐབས་ཉུང་གསལ་ལས། སྨུག་པོ་སེར་ག་ཕོ་མཆིན་དང་༎ བད་ཀན་སྨུག་པོའི་ནད་རྟགས་སོ༎ ཞེས་ལྕེ་མདོག་སྨུག་ལ་སེར་ག་ཡོད་ན་ཕོ་མཆིན་དང་བད་ཀན་སྨུག་པོའི་རྟགས་ཡིན། ལྕེ་ཡོངས་སྨུག་པོ་ལྡན་ཚེ་དོན་སྣོད་ལ་ཚ་རྒྱས་པ་དང་། ལྕེ་སྟེང་ཁག་གཅིག་སྨུག་མདོག་ལྡན་ན་གནས་དེར་གཏོགས་པའི་རྩ་རྒྱུད་ལ་ཚ་རྒྱས་པའི་རྟགས་ཡིན། ལྕེ་མདོག་ཅུང་སྨུག་པ་དང་ལྕེའི་ངོ་བོ་རློན་པར་གནས་ན་གྲང་བའི་ནད་རྟགས་དང་། ལྕེ་མདོག་ཧ་ཅང་སྨུག་པ་དང་ལྕེའི་ངོ་བོ་སྐམ་ན་ཚ་བའི་ནད་རྟགས་ཡིན།
བཞི། ལྕེ་མདོག་སྔོན་པོ།
        ལྕེ་མདོག་སྔོན་པོ་མངོན་པ་ནི་གདོང་བརྟག་ལས། ལྕེ་མདོག་སྔོན་པོ་ཁྲག་དབུགས་གཉིས་ཀ་ཞན༎ གལ་ཏེ་ལྕེ་ཡོངས་སྔོ་ལ་དྲེག་ཡོད་ན༎ དོན་སྣོད་རྨས་སྐྱོན་ཐེབས་དང་ཚབས་ཆེན་མིན༎ སྔོ་ལ་དྲེག་མེད་ཁྲག་དབུགས་གཉིས་ཞན་དྲག། ཅུང་ཙམ་སྔོ་ལ་ལྕེ་ཡོངས་ཁྱབ་མེད་ཚེ༎ དྲོད་ཚ་འཇམ་ལ་དུག་ཕྱིར་མ་ཕུད་རྟགས༎ ལྕེ་དྲེག་འཇམ་ལ་ལྕེ་དཀྱིལ་སྔོན་པོ་ཞིག། ཡིན་དུས་སྲིབས་དུག་ཕོག་པའི་རྟགས་སུ་བཤད༎ ཞེས་སྤྱིར་ལྕེ་མདོག་སྔོན་པོ་མངོན་པ་ནི་ཁྲག་དབུགས་ཞན་པའི་རྟགས་དང་ནད་བབ་ཅུང་ལྕི་བའི་རྟགས་སུ་གསུངས་ལ། དེ་ཡང་ལྕེ་ཡོངས་སྔོ་ལ་དྲེག་ཡོད་པ་ནི་དོན་སྣོད་གང་རུང་ལ་རྨས་སྐྱོན་བྱུང་བ་དང་ཚབས་ཆུང་བའི་རྟགས་ཡིན། ལྕེ་མདོག་སྔོ་ལ་དྲེག་མེད་པ་ནི་རླུང་ཁྲག་ཞན་དྲག་པའི་རྟགས་ཡིན། ལྕེ་མདོག་ཅུང་སྔོ་ལ་ལྕེ་ཡོངས་ཁྱབ་མེད་ཚེ་ཚ་རླངས་ཕྱིར་མ་ཕུད་པའི་རྟགས་ཡིན། ལྕེ་དཀྱིལ་སྔོ་ལ་དྲེག་གི་ངོ་བོ་འཇམ་ལ་རློན་པ་ནི་གྲང་དུག་ཕོག་པའི་རྟགས་ཡིན། དེང་རབས་གསོ་རིག་གིས་ཀྱང་ཁ་ལྕེ་སྔོན་པོར་གྱུར་པ་ནི་ལུས་ཁམས་སུ་དབྱང་རླུང་གི་མ་འདང་བའི་མངོན་རྟགས་གཙོ་བོ་ཞིག་ཏུ་བཞག་ཡོད།
ལྔ། ལྕེ་མདོག་ནག་པོ།
        ལྕེ་མདོག་ནག་པོ་ཆགས་པ་མང་ཆེ་བ་འཆི་ལྟས་སུ་འབྱུང་། གཞན་ད་དུང་དོན་ལྔའི་ནད་དང་། དུག་ཕོག་པའི་རྟགས་སུའང་འབྱུང་། གསོ་རིག་དགོས་པ་ཀུན་འབྱུང་ལས། ལྕེ་ལ་སྔར་མེད་ཐིག་ལེ་ནག་པོ་བྱུང་ན་ཞག་གསུམ་ནས། ཞེས་ལྕེ་སྟེང་དུ་སྔར་མེད་ཐིག་ལེ་ནག་པོ་བྱུང་ན་ཞག་གསུམ་ནས་འཆི་བའི་ལྟས་ཡིན། ཚ་བ་གཉན་རིམས་ཀྱི་སྐབས་སྙིང་ལ་ཚ་བ་རྒྱས་རྟགས་སུ། ལྕེ་སྐམ་གཞུང་ནག་གཉིད་དང་སྐོམ་དད་ཆེ།། ཞེས་སྙིང་ལ་ཚ་བ་རྒྱས་རྟགས་སུ་ལྕེ་རྩེ་མདོག་ནག་པོ་ཆགས་པ་དང་། སྙིང་ནད་ཀྱི་རྟགས་སུ་ཡང་ལྕེ་གཞུང་ནག་ལ་གས་པ། དུག་སྙིང་ལ་བབས་པའི་རྟགས་སུའང་ལྕེ་དཀྱིལ་ནག་པོར་འགྱུར་བ། མཁལ་ནད་ཀྱི་རྟགས་སུ་ལྕེ་མཐའ་ནག་པོར་འགྱུར་བ། མཆིན་པའི་ནད་ཀྱི་རྟགས་སུ་ལྕེ་སེར་ནག་ཆགས་པ་ཡིན། དེ་ཡང་ལྕེའི་ངོ་བོ་སྐམ་རློན་དང་སྦྱར་ནས་བརྟག་ཐབས་ནི་ལྕེ་མདོག་ནག་ལ་བརླན་ཞིང་འཇམ་ན་གྲང་བའི་རྟགས། ནག་ལ་སྐམ་ཚེ་ཚ་བ་ཆེ་བའི་རྟགས་ཡིན།
        སྤྱིར་མདོག་གཅིག་ཁོ་ན་ལྕེ་རྟགས་སུ་ཤར་བ་ཧ་ཅང་ཉུང་ལ་མང་ཤོས་ནི་ཁ་དོག་འགའ་འདྲེས་མར་འབྱུང་བ་ཡིན། མཚམས་རེར་ཁ་དོག་ཟབ་མིན་ལ་ཡང་ཁྱད་པར་ཡོད། མཚམས་རེར་མདོག་ཕན་ཚན་གབ་ནས་འབྱུང་། མཚམས་རེར་ལྕེ་སྟེང་དུ་མདོག་འགའ་མཚམས་ཕྱེ་ནས་རྐྱང་བར་འབྱུང་བ་སོགས་ལྕེ་མདོག་གི་མངོན་ཚུལ་ལ་རྣམ་པ་མི་འདྲ་བ་མང་བས། ལྕེའི་མདོག་དང་དྲེག་ཡོད་མེད། ངོ་བོ་སྐམ་རློན་སོགས་ལས་རྗེས་དཔགས་ནད་ཀྱི་ཚ་གྲང་གི་དབྱེ་བ་དང་། ནད་ཚབས་ཆེ་མིན། ཕོ་བའི་མེ་དྲོད་ཀྱི་དྲག་ཞན། རླུང་ཁྲག་གི་འཁོར་བསྐྱོད། ནད་གཞིའི་ལྕི་ཡང་། འཆི་ལྟས། ལྷག་པར་དུ་ལྕེ་མདོག་ལས་ཉེས་གསུམ་རྐྱང་བ་དང་ལྡན་འདུས་འཕེལ་ཟད་ཀྱི་གནས་ཚུལ་སོགས་གསལ་བོར་རྟོགས་ཐུབ་པས་ནད་ཐོག་ལག་ལེན་ཁྲོད་ཤིན་ཏུ་དགོས་གལ་ཆེ་ཞིང་ནད་ངོས་འཛིན་པར་དོན་སྙིང་གལ་ཆེན་ལྡན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1