༄༅།། གཉེན་སྒྲིག་རང་དབང་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱེད་པའི་ནག་ཉེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-06


        གཉེན་སྒྲིག་རང་དབང་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱེད་པའི་ནག་ཉེས་ཞེས་པ་ནི་རྩུབ་སྤྱོད་ལ་བརྟེན་ནས་མི་གཞན་གྱིས་དགའ་རོགས་སྒྲིག་པ་དང་། གཉེན་སྒྲིག བཟའ་འཐོར་བཅས་བྱེད་པའི་རང་དབང་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ཟེར་བ་རེད། དེའང་སྐྱེ་བོ་གང་ཞིག་མི་གཞན་དང་གཉེན་སྒྲིག་གམ་ཡང་ན་བཟའ་འཐོར་ཡོང་བའི་ཆེད་དུ་བྱ་སྤྱོད་སྤེལ་མཁན་གྱིས་བསྡམ་བཀྱིག་དང་། རྒྱག་རྡུང་། བཀག་འཇུག འཕྲོག་བཅོམ། བཙན་སྐུལ་སོགས་ཀྱི་བྱ་སྤྱོད་སྤེལ་ནས་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་པ་ལའོ།། དཔེར་ན། ཕ་མ་དང་གཉེན་ཉེས་རྒྱུ་དངུལ་དང་དབང་ཐོབ་ཀྱི་ཆེད་དུ་ཐེ་ཇུས་བྱེད་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་སྲོལ་རྙིང་སྲུང་ཕྱིར་ཁྱིམ་གསར་བསྐྱར་དུ་འཛུགས་པར་བཀག་འགོག་བྱེད་པ། བུ་ཕྲུག་གི་གཉེན་སྒྲིག་ཕ་མའི་བཀའ་ལས་འགོང་མི་རུང་བའི་བཀས་བཀོད་རྒྱུད་འཛིན་གྱི་སྲོལ་རྒྱུན་བསམ་བློའི་འཆིང་རྒྱ་སོགས་ལྟ་བུ་ཡིན།
        མི་གཞན་གྱི་གཉེན་སྒྲིག་ལ་ཐེ་ཇུས་བྱེད་ཕྱིར་བཙན་ཤེད་ཀྱི་ལག་ཐབས་སྤྱད་ན་གནོད་འཚེ་ཕོག་ཡུལ་གྱི་མི་ལུས་ཁེ་དབང་ལ་གནོད་ངེས་པ་བཞིན། ལུས་ཕུང་གི་ཁེ་དབང་ལ་བཙན་གནོད་བྱེད་པའི་རྩུབ་སྤྱོད་སྤེལ་བ་ནི་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱེད་པའི་ལག་ཐབས་ཁོ་ནར་སྤྱད་པ་ལ་གོ་བ་ཡིན། གལ་སྲིད་བྱ་སྤྱོད་སྤེལ་མཁན་གྱིས་མངོན་སུམ་འཛེམ་མེད་དུ་རྐང་བཙུགས་ནས་མི་གསོད་པ་དང་། རྨས་སྐྱོན་ཚབས་ཆེན་བཟོ་བ། བཙན་གཡེམ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མི་གཞན་གྱི་གཉེན་སྒྲིག་རང་དབང་ལ་ཐེ་ཇུས་བྱས་ཚེ། དེའི་མི་ལུས་ཁེ་དབང་བཙན་གནོད་བྱས་པའི་སྤྱི་ཚོགས་ཀྱི་གནོད་ཚབས་ནི་གཉེན་སྒྲིག་རང་དབང་ལ་ཐེ་ཇུས་བྱས་པ་ལས་ཆེས་ཆེར་བརྒལ་ཡོད་སྟབས། གཉེན་སྒྲིག་རང་དབང་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱས་པའི་ནག་ཉེས་ལྟར་ཐག་གཅོད་བྱེད་མི་རུང་། ཡང་གལ་ཏེ་བཙན་ཤེད་ཀྱིས་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་ཏེ་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་ནམ་ཡང་ན་བསད་པར་གྱུར་ཚེ། རྐང་བཙུཊ་ནས་མི་ལ་རྨས་སྐྱོན་བཟོས་པའི་ནག་ཉེས་མཉམ་དུ་བསགས་ཡོད་པས་རྐང་བཙུགས་ནས་གསོད་རྨས(རྐང་བཙུགས་ནས་རྨས་ཏེ་ཤི་བའི་ནག་ཉེས་ཚུད)བྱས་པའི་ནག་ཉེས་ལྟར་ཉེས་འགེལ་ཆད་གཅོད་བྱེད་དགོས། གལ་སྲིད་བྱ་སྤྱོད་སྤེལ་མཁན་གྱིས་ཤེས་བཞིན་དུ་གཉེན་སྒྲིག་རང་དབང་ལ་ཐེ་ཇུས་བྱས་པར་རྐྱེན་བཏགས་ཏེ་གནོད་འཚེ་ཕོག་ཡུལ་ལ་རྩུབ་སྤྱོད་སྤེལ་བ་མ་ཟད། ལག་ཉེས་ཤོར་ནས་གནོད་འཚེ་ཕོག་ཡུལ་གྱི་ལུས་ལ་རྨས་སྐྱོན་བཟོས་རིགས། སྔར་བཞིན་གཉེན་སྒྲིག་རང་དབང་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱེད་པའི་ནག་ཉེས་སུ་གཏན་འཁེལ་བྱེད་དགོས། 
        གཉེན་སྒྲིག་རང་དབང་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱེད་པའི་གྱོད་གཞིའི་ནང་དུ་གནོད་འཚེ་ཕོག་ཡུལ་བཙན་གཡེམ་བྱས་པའི་སྣང་ཚུལ་རྟག་ཏུ་ཐོན་བཞིན་ཡོད། གནོད་འཚེ་ཕོག་ཡུལ་དང་གཉེན་སྒྲིག་བྱ་རྒྱུའི་དམིགས་ཡུལ་འགྲུབ་ཕྱིར་རྩུབ་སྤྱོད་བཙན་ཐབས་སྤྱད་དེ་གནོད་འཚེ་ཕོག་ཡུལ་དང་ལུས་འབྲེལ་བྱུང་རིགས། བཙན་གཡེམ་གྱི་ནག་ཉེས་ལ་གཏན་འཁེལ་དགོས། བྱ་སྤྱོད་དེས་གནོད་འཚེ་ཕོག་ཡུལ་གྱི་གཉེན་སྒྲིག་རང་དབང་ལ་ཕོག་ཐུག་བཏང་ཡོད་རུང་། གཙོ་གནད་ནི་གནོད་འཚེ་ཕོག་ཡུལ་གྱི་གནོད་དུ་མི་རུང་བའི་ཁེ་དབང་སྟེ་མཚན་མར་ཕོག་ཐུག་བཏང་ཡོད་པ་མ་ཟད། བྱ་སྤྱོད་སྤེལ་མཁན་ལའང་བཙན་གཡེམ་གྱི་འདོད་འདུན་མངོན་གསལ་ཅན་ཡོད་པས་རེད། དེར་བརྟེན་བྱ་སྤྱོད་དེ་རིགས་ནི་བཙན་གཡེམ་གྱི་ཉེས་བསགས་སུ་གྲུབ་ཡོད་སྟབས་གཉེན་སྒྲིག་རང་དབང་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱེད་པའི་ནག་ཉེས་སུ་བརྩི་མི་འོས། 
        ཉེས་པ་འདི་ནི་ཁྲིམས་སྦྱོར་བྱས་རྗེས་གཞི་ནས་ཐག་གཅོད་བྱ་རྒྱུ་སྟེ། གནོད་འཚེ་ཕོག་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་ཁྲིམས་སྦྱོར་བྱས་ན་ད་གཟོད་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱ་རྒྱུ་དང་། ཁྲིམས་སྦྱོར་མ་བྱས་ན་ཐག་གཅོད་མི་བྱེད་པའི་ཁོངས་སུ་གཏོགས་པ་རེད། ཁྲིམས་ལུགས་ཀྱིས་འདི་བཞིན་གཏན་འབེབས་བྱེད་དོན་གཙོ་བོ་ཡང་གཉེན་སྒྲིག་རང་དབང་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱེད་པའི་གྱོད་གཞི་མང་ཆེ་ཤོས་ནི་གཉེན་ཉེ་ནང་ཁུལ་དང་ཕ་མ་བུ་ཕྲུག་དབར་ཐོན་བཞིན་ཡོད་པས་ཡིན། ཐེ་གཏོགས་བྱ་ཡུལ་གྱིས་རྟག་ཏུ་གཉེན་སྒྲིག་རང་དབང་ལ་ཐེ་ཇུས་མི་གནང་བའི་རེ་ལྟོས་བྱེད་པ་ཙམ་ལས་གཉེན་ཉེའི་འབྲེལ་བ་འཐོར་སོང་ན་བསམ་གྱི་མེད་ལ། ཐེ་ཇུས་བྱེད་མཁན་རྣམས་ཁྲིམས་འཛིན་ལས་ཁུངས་ལ་བརྩིས་སྤྲོད་བྱས་ནས་བྱས་ཉེས་གཏན་འཁེལ་གྱིས་ཁྲིམས་ཆད་བཅད་ན་ཡང་བསམ་གྱི་མེད། དེར་བརྟེན་ཐེ་གཏོགས་བྱ་ཡུལ་གྱི་འདོད་མོས་ལ་གང་ཐུབ་ཀྱིས་བསྟུན་དགོས། གལ་ཏེ་ཐེ་གཏོགས་བྱ་ཡུལ་གྱིས་ཁྲིམས་སྦྱོར་མ་བྱས་ཚེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཇུས་གཏོགས་མི་བྱ། དེ་ལྟར་བྱུང་ན་སྤྱི་ཚོགས་ཀྱི་བརྟན་བརླིང་དང་མཐུན་སྒྲིལ་ལ་ཕན་ཐོགས་ཡོད། འོན་ཀྱང་གལ་སྲིད་ཐེ་གཏོགས་བྱ་ཡུལ་ལ་བཙན་ཤུགས་དང་འཇིགས་སྐུལ་སོགས་ཐེབས་ནས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཐབས་མེད་པ་གྱུར་རིགས། མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱེད་ཆོག ཐེ་གཏོགས་བྱ་ཡུལ་གྱི་གཉེན་ཚན་གྱིས་ཀྱང་ཁྲིམས་སྦྱོར་བྱེད་ཆོག  དེ་བཞིན་གཞོན་ནུ་དང་བུད་མེད་ཀྱི་མང་ཚོགས་རྩ་འཛུགས་དང་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་ཞིབ་དཔྱོད་ཁང་དུ་ཐེ་གཏོགས་བྱེད་མཁན་རྣམས་ཐེར་འདོན་བྱས་ཏེ། མི་དམངས་ཞིབ་དཔྱོད་ཁང་ནས་བདེན་པ་ར་འཕྲོད་བྱུང་མཚམས་གཞུང་གཏུག་བྱེད་ཆོག ཉེས་པ་འདི་བསགས་ནས་གནོད་འཚེ་ཕོག་ཡུལ་ཤི་རིགས་ལ་ཁྲིམས་སྦྱོར་བྱས་རྗེས་གཞི་ནས་ཐག་གཅོད་བྱེད་པའི་གཏན་འབེབས་སྤྱོད་མི་རུང་། 
(ལྷ་མོའི་ཁྲིམས་ལུགས་བཤད་སྟེགས་ཞེས་པའི་འཕྲིན་སྟེགས་ལས་བཤུས།)
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1