ལོ་སྟོད་དུ་ལྷ་སས་ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་རྒྱུ་རེད།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 04-17
གཙང་པོ་དང་མཚེའུའི་སྣོད་བཅུད་ཁོར་ཡུག་ནི་ལྷ་ས་གྲོང་ཁྱེར་དེ་ཉིད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་སྣོད་བཅུད་ཤེས་དཔལ་གཏོད་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། གནས་རིམ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཕྱིར། 2016ལོར་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་དུ་ཆུ་དཔོན་ལམ་ལུགས་ལག་ལེན་བསྟར་བའི་ལས་དོན་ཁག་སྤེལ་ནས། གཙང་པོ་དང་མཚེའུ་དྭངས་གཙང་ཡོང་བ་དང་གཙང་པོ་དང་མཚེའུའི་ནུས་པ་རྒྱུན་ཆད་མེད་པར་བེད་སྤྱོད་བྱེད་པར་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་བྱས་པ་རེད། ཉེ་དུས་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་ཟླ་བ་དྲུག་པའི་ཟླ་མཇུག་གོང་དུ་ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་རྒྱུའི་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་པུའུ་ཨུད་བཅུའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་བོད་རང་སྐྱོང་ལྗོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་ཆུ་དཔོན་ལམ་ལུགས་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་འདི་ལོའི་ཟླ་བ་དང་པོའི་ཟླ་འགོར་ཇུས་གཞིའི་མ་ཟིན་བཟོ་འགོ་ཚུགས་པ་དང་། 《ལྷ་ས་གྲོང་ཁྱེར་གྱི་གཙང་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་བྱ་སྤྱོད་ཇུས་གཞིའི》རྨང་གཞིའི་ཐོག་རྒྱལ་ཡོངས་དང་། ལྗོངས་ཡོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་ཆུ་དཔོན་ལམ་ལུགས་ལས་དོན་སྤེལ་རྒྱུའི་བླང་བྱ་གསར་པ་དང་ཟུང་འབྲེལ་བྱས་ནས་བཟོ་བཅོས་བརྒྱབ་སྟེ་ཇུས་གཞི་གསར་པ་དེ་བཟོས་པ་རེད།
ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཇུས་གཞི་གསར་པའི་ནང་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། འགན་འཁྲི་ཁག་བགོས། འགན་སྲུང་བྱ་ཐབས་བཅས་ཆ་ཤས་4དང་ཕྱོགས་ཁག་16གི་ནང་དོན་ཚུད་ཡོད། མིག་སྔར། ལྷ་ས་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་རང་ཁོངས་གཏོགས་ཁུལ་གྱི་གཙང་ཆུ་ཨ་མ་དང་མཚེའུའི་ཆུ་དཔོན་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི་ཧུར་བརྩོན་ཆེན་པོས་བཟོ་བཞིན་ཡོད་པ་རེད། གཏོགས་ཁོངས་དོ་དམ་དང་རིམ་གསུམ་མཉམ་འགུལ་གྱི་རྩ་དོན་ལྟར་གཙང་ཆུ་ཨ་མ་དང་མཚེའུའི་ཆུ་དཔོན་གཏན་འཁེལ་བྱེད་པ་དང་ཆབས་ཅིག དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་འགན་འཁྲི་ཁག་རིམ་ཁག་ཆུ་དཔོན་གྱི་ཕྲག་ཐོག་ཏུ་འཁྱོལ་བ་དང་རིམ་པ་བཞིན་འགན་འཁྲིའི་ཡི་གེ་བཞག་སྟེ་གཙང་པོ་དང་མཚེའུ་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་། བཅོས་སྐྱོང་བྱེད་མཁན་ཡོད་པ། སྲུང་སྐྱོང་བྱེད་མཁན་ཡོད་པ་བཅས་བྱས་ནས་གནད་དོན་ལྷག་ཚེ་འགན་འཁྲི་འཁུར་མཁན་ཡོད་པ་བྱས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར། ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་བ་དེས་ལྷ་སའི་གཙང་པོ་དང་གཙང་ཆུ་ཨ་མ་དེ་བཞིན་མཚེའུའི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་དང་། ཆུ་ཁོངས་འགྲམ་ངོགས་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་ཤུགས་སྣོན་སྔར་བས་རྒྱག་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས་ཆུ་དཔོན་ལམ་ལུགས་ཀྱི་དོ་དམ་ལམ་ལུགས་དང་དཔྱད་ཞིབ་བྱ་ཐབས་བཟོས་ཐོག དཔྱད་ཞིབ་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་ཀྱིས་བྱ་ཐབས་དང་ལས་འགན་ཁག་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་ལྟ་སྐུལ་བྱེད་པ་མ་ཟད། ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དེ་རྫོང(ཆུས)ཁག་གི་སྲིད་གཞུང་དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལོ་འཁོར་དཔྱད་ཞིབ་ནང་དོན་ནང་འཇུག་རྒྱུ་ཡིན་པ་རེད། དེར་བརྟེན། གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཀྱང་ཆུ་དཔོན་ལམ་ལུགས་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ཏེ་ཆེད་མི་སྐོང་འཐེན་གྱིས་ཞིབ་ཕྲའི་ལས་དོན་སྒྲུབ་པ་དང་དུས་མཚུངས། རྫོང་ཆུས་ཁག་དང་སྡེ་ཚན་ཁག་དང་མཐུན་སྦྱོར་གྱིས་མཉམ་ཤུགས་ཆགས་པ་བྱས་ཏེ། ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་སྤེལ་བདེ་བླག་ངང་གཏོང་རྒྱུར་འགན་ལེན་བྱས་པ་རེད། །