༄༅།། ཕ་མས་བསྐྱུར་བའི་བུ་ཕྲུག་གིས་རང་ངན་རང་རྡུགས་བྱེད་སྲིད།
སྲིན་བུ་མེ་ཁྱེར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར། སྤེལ་དུས། 04-20
ཨ་རིའི་བརྟག་དཔྱད་ལྟར་ན། ཕ་མ་ཚོ་ཁྱིམ་དུ་ལོག་ནས་བུ་ཕྲུག་དང་མཉམ་དུ་ནུབ་ཟས་ཟ་ཐེངས་མང་ཉུང་ནི། བུ་ཕྲུག་ཚོའི་ཚོགས་ཐུན་སྐབས་ཀྱི་རྣམ་འགྱུར་བཟང་ངན་དང་འབྲེལ་བ་ཡོད།
ཞིབ་འཇུག་ལྟར་ན། གནད་དོན་ཡོད་པའི་བྱིས་པ་ཕལ་ཆེར་ནི་གནད་དོན་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཡིན་པ་ང་ཚོས་གསལ་བོར་ཤེས་ཐུབ། ཁྱིམ་ཚང་ནི་ཀུན་སྤྱོད་སློབ་གསོའི་སྲོག་ཤིང་ཡིན། ངོ་མ་བཤད་ན། བརྟག་དཔྱད་མ་བྱས་ཀྱང་། ཉམས་མྱོང་ཡོད་པའི་དགེ་རྒན་ཚོས། གལ་ཏེ་བྱིས་པ་ཞིག་གི་སྦྱངས་འབྲས་གློ་བུར་དུ་ཧ་ཅང་ཞན་པར་གྱུར་ཚེ། སྤྱིར་བཏང་དུ་རྒྱུ་རྐྱེན་གསུམ་ཡོད་དེ། རྒྱུ་རྐྱེན་ཐོག་མ་ནི་ཁྱིམ་ཚང་ལ་གནད་དོན་བྱུང་ནས། བྱིས་པ་ལ་སློབ་སྦྱོང་བྱེད་འདོད་མེད་པར་གྱུར་བ་དང་། རྒྱུ་རྐྱེན་གཉིས་པ་ནི་སློབ་གྲྭ་ནས་གཞན་པས་བཙན་འཕྲོག་དང་། ཐུབ་ཚོད་བྱས་པས་ཡིན། རྒྱུ་རྐྱེན་གསུམ་པ་ནི་ལུས་ལ་ནད་ཕོག་པ་དང་། ལྷག་པར་དུ་ཕྱི་ནས་མཐོང་མི་ཐུབ་པའི་ཀླད་པ་ལ་སྐྱོན་བྱུང་བ་བཅས་རེད།
ཐེངས་ཤིག་ལ་ང་རང་རི་ཁུལ་དུ་ཞབས་འདེགས་ལ་ཕྱིན་སྐབས། སློབ་ཆུང་ལོ་རིམ་དང་བོའི་སློབ་མ་ཞིག་གིས་ལོ་རིམ་གོང་མའི་སློབ་མ་ཞིག་དང་རྡུང་རེས་བྱེད་བཞིན་པ་མཐོང་ལ། ཁོ་ལོ་ན་ཕྲ་ཡང་། ཁོང་ཁྲོ་ཚད་མེད་ཅིག་ལངས་ནས་ཁོས་གཟུགས་པོ་ཁོ་ལས་རིང་བའི་སློབ་མ་ཞིག་འོག་ལ་མནན་ནས་ནུས་ཤུགས་ཡོད་དགུས་གཅར་རྡུང་བྱེད་བཞིན་འདུག དགེ་རྒན་ཡོང་ནས་ཁོ་ཚོ་ཁ་ཁར་ཕྱེས་རྗེས། བྱིས་པ་དེའི་གདོང་ནས་ད་རུང་གཉའ་མི་སྒུར་བའི་རྣམ་འགྱུར་ཅིག་བསྟན་ཏེ། གཏན་ནས་དགོངས་དག་ཞུ་ཁར་མ་ཉན། དགེ་རྒན་གྱིས་ཁོ་ལ་བཀའ་བཀྱོན་གནང་བཞིན་དུ། ཁོས་ད་རུང་ཁ་མཚམས་ལག་མཚམས་ནས་སློབ་གྲོགས་དེར་ལྐོག་རྡུང་བྱེད། ཁོས་དགེ་རྒན་ལ་ཁོང་ཁྲོ་བསླངས་པས། དགེ་རྒན་གྱིས་ཁོ་ལ་ཆད་པ་གཅོད་འདོད་སྐབས། སློབ་གྲོགས་གཞན་པ་ཞིག་བརྒྱུགས་ནས་ཁོའི་ཨ་ནེ་བོས་ཡོང་།(རི་ཁུལ་གྱི་སློབ་གྲྭ་ལ་སྒོ་ཆེན་མ་གཏོགས་གྱང་ར་མེད།)བྱིས་པ་དེས་ཨ་ནེ་རིག་དུས་ད་གཟོད་གདོང་གི་རྣམ་འགྱུར་དེ་གཞན་ཞིག་ཏུ་གྱུར། ཨ་ནེས་ཀྱང་ཅི་ཡང་མི་ཟེར་བར་ཁོ་པང་དུ་བསྡམས་ནས་མགོ་ལ་བྱིལ་བྱིལ་ཙམ་བྱས་ཚེ། ཁོ་རང་སློབ་གྲོགས་དེའི་གམ་དུ་སོང་ནས་མགོ་ཙམ་བསྒུར་མོད། འོན་ཀྱང་སྔར་བཞིན་སྐད་ཆ་ཚིག་གཅིག་ཀྱང་བཤད་ཁར་མ་ཉན། ཨ་ནེས་དགེ་རྒན་ལ་དགོངས་དག་ཞུས་རྗེས་ཕྱིར་བྱ་བ་སྒྲུབ་ཏུ་བུད་སོང་བས། དོན་དག་ནི་མཚམས་དེ་ནས་མཇུག་བསྒྲིལ་སོང་།
བྱིས་པ་དེ་བྱིས་སྙོར་ཁང་ལ་འགྲོ་དུས་ནས་ངས་ཁོ་ངོ་ཤེས། མིག་གཉིས་ཧ་ཅང་ཆེ་ལ་སྤྲོ་སྣང་རྩེད་དགའ་ཅན་ཞིག་ཡིན་ཏེ། རྒྱུན་པར་ངའི་པང་དུ་མཆོང་ནས་ང་ལ་ཁོ་པང་དགོས་ཟེར་སྲིད་པས། དེ་རིང་ཁོས་རྡུང་རེས་བྱས་ཏེ་ལག་པས་མི་གཏོང་བ་དེ་མཐོང་ཚེ་ང་རང་ཧ་ལས་སོང་། དགེ་རྒན་གྱིས་བཤད་ན། ཁོའི་ཕ་རྒན་ནི་ཤིང་ལེབ་འདྲ་མཁན་ཞིག་ཡིན་ཏེ། གནམ་སྒྲོག་ལོག་སྟེ་སྔར་ཞིག་ནས་བསད་སོང་། ན་ནིང་ཁོའི་ཨ་མ་སྡེ་བ་གཞན་ཞིག་ཏུ་མནའ་མར་སོང་བ་ནས་བཟུང་། བྱིས་པ་དེ་འགྱུར་ནས། སློབ་གྲོགས་གཞན་དང་མི་མཐུན་ཞིང་། ཁ་ན་ཚིག་རྩུབ་མ་གཏོགས་མེད་པ་ཞིག་ཏུ་གྱུར་འདུག གལ་ཏེ་སུ་ཞིག་གིས་ཁོའི་ཨ་མ་ལ་འཕྱ་སྨོད་བྱས་ཚེ། ཁོས་སྲོག་དམར་པོ་འབེན་ལ་བཞག་ནས་རྡུང་རེས་བྱེད་ངེས། ཉེ་ཆར་ཁོའི་ཨ་མ་ཁོར་ལྟ་རུ་ཡོང་ཐེངས་ཉུང་བས། ཁོ་སྤོ་སྔར་ལས་ཐུང་བར་གྱུར་ཏེ། སློབ་གྲྭ་ནས་མི་ལས་དགུ་ལས་བྱེད་འདུག དེང་སང་ཨ་ནེ་གཅིག་པུ་མ་གཏོགས་སུས་ཀྱང་ཁོར་བདག་བྱེད་མི་ཐུབ་ཟེར། དགེ་རྒན་ལ་ཐབས་ཟད་ཅིང་། སློབ་ཆུང་ལོ་རིམ་དང་བོའི་སློབ་མ་ཞིག་གིས་ད་ནས་དགེ་རྒན་གྱི་ཁ་ལ་མི་ཉན་པས། གཞུག་ནས་ཅི་ལྟར་བྱ་ཞེས་དགེ་རྒན་དེར་སེམས་ཁྲལ་ཡང་ཤིན་ཏུ་ཆེ་འདུག
སྐད་ཆ་དེར་ཉན་རྗེས་ངའི་སེམས་ཧ་ཅང་སྐྱོ་བྱུང་། དེ་ནི་བདག་མེད་དུ་བསྐྱུར་བའི་བྱིས་པ་ཚོ་ལས་རྒྱུན་དུ་མཐོང་བའི་བྱ་སྤྱོད་ཅིག་རེད། ཕ་མ་ནི་བུ་ཕྲུག་གིས་ཆེས་ཡིད་ཆེས་པའི་མི་ཡིན་མོད། ད་ལྟ་ཨ་མས་མི་གཞན་ཞིག་བདམས་ནས་ཁོ་རང་བསྐྱུར་སོང་བ་དེ། ཁོའི་སེམས་ནང་ལ་གནོད་འཚེ་བཟོས་པ་དེ་རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་ཞིག་ཡིན། སྡུག་བསྔལ་དེས་ཁོ་སྤྱི་ཚོགས་ལ་སྡང་བར་གྱུར་ནས། ཁྱོད་ཚོས་ང་ངན་གི་འདོད་ནས་ང་བསྐྱུར་ན། ངས་ངན་བྱས་ནས་ཁྱོད་ཚོར་ལྟ་རུ་འཇུག་འདོད་པ་རེད། འཛིང་རྡུང་ནི་སྐྱི་ལྤགས་སྟེང་གི་ན་ཟུག་ཙམ་ཡིན་པས། སེམས་ཁོང་གི་སྡུག་བསྔལ་དང་བསྡུར་ཐབས་མེད། བྱིས་པ་ཚོ་འདི་ལྟར་དུ་ངན་པར་གྱུར་བ་རེད།
ཁྱིམ་ཞེས་པ་ནི་བྱིས་པ་ཚོར་དེ་ལྟར་གལ་ཆེ་བས། མི་ཆེན་ཚོས་བཟའ་ཟླའི་བར་གྱི་བརྩེ་དུང་གི་གནད་དོན་ཐག་གཅོད་བྱེད་སྐབས། བུ་ཕྲུག་གི་བདེ་སྐྱིད་དེ་ཨང་དང་བོར་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ནམ། བྱིས་པ་དེའི་མིག་སྔར་གྱི་གནས་ཚུལ་ལ་གཞིག་ནས་བཤད་ན། ཨ་ཕ་ཚེ་ལས་འདས་ཟིན། ཨ་མ་གཞན་ལ་མནའ་མར་ཕྱིན་འདུག ཕ་དོད་ལ་ཁོ་མི་དགོས་པས། བུ་ཕྲུག་གི་སེམས་ཁོང་གི་ཨ་མའི་ཚབ་བྱེད་མི་ཐུབ་མཁན་གཅིག་ཀྱང་མེད་པས། འུ་ཅག་ལ་ཕྱི་མི་ཚོས་རོགས་བྱེད་ཐབས་མེད། དེའི་ཕྱིར་བྱིས་པ་དེའི་སྡུག་བསྔལ་ཅི་ཡིས་སེལ།
《གླེང་གྱོད་མཚར་ཞུ》ཞེས་པའི་ཁུན་ཧྲན་ཟློར་གར་ཁྲོད་དུ་ལི་ཆི་ཡིས་བཙོན་ནས་ངུ་བཞིན་གྱེར་བའི“གཞོན་དུས་ཕ་འདས་དར་མའི་དུས་ལ་ཆུང་མ་ཤི། བགྲེས་དུས་བུ་ཚ་ཤི་བ་མི་ཚེའི་སྡུག་བསྔལ་གསུམ།” ཞེས་པའི་སྡུག་གླུ་དེ་ལ་ང་ལོ༡༢ཡིན་དུས་ནས་ད་བར་དུ་ཉན་པས། དྲན་འཛིན་གྱི་ངོགས་ནས་ཡལ་དུ་མེད་པར་གྱུར།
བྱིས་པ་དེ་ཡིད་ལ་དྲན་ཚེ་ང་རང་སེམས་སྐྱོ་ཞིང་། དེང་གི་སྤྱི་ཚོགས་སུ་གཉེན་སྒྲིག་ལ་བྱིས་པའི་རོལ་རྩེད་ལྟ་བུའི་འདུ་ཤེས་འཛིན་པ་དེ་ནི་གཏན་ནས་འགྲིག་མེད་པའི་མྱོང་ཚོར་ལྷག་ཏུ་སྐྱེན། ན་གཞོན་མང་ཤོས་ཀྱིས་གཉེན་སྒྲིག་དེ་ཅི་ཡང་མི་བརྩི་བར། མཐུན་ན་འཚོ་བ་མཉམ་དུ་རོལ་བ་དང་། མ་མཐུན་ཁ་ཁ་སོ་སོར་འགྲོ་ཆོག་པའི་ལྟ་བ་བཟུང་ཡོད་ལ། ད་རུང་དེ་ལ་རང་ཉིད་ལ་ཨུ་ཚུགས་མི་བྱེད་ཟེར་བའི་མིང་ཡག་པོ་ཞིག་བཏགས་འདུག ངས་འདོད་པ་ལྟར་ན། གལ་ཏེ་བུ་རྒྱུད་མེད་ཚེ། ཁྱོད་ཚོ་འགྲོག་རུང་འཐོར་རུང་མི་གཉིས་ཀྱི་དོན་དག་ཡིན་པས། གཞན་གྱིས་ཐེ་གཏོགས་བྱེད་དགོས་དོན་མེད་མོད། འོན་ཀྱང་གལ་ཏེ་བུ་རྒྱུད་ཡོད་ཚེ་ཕ་མ་ལ་འགན་འཁྲི་ཡོད་པས། ངེས་པར་དུ་བུ་རྒྱུད་ལ་འདང་རྒྱག་དགོས། བུ་ཕྲུག་སྐྱེས་ནས་མི་གསོ་བ་དང་། གསོས་ཀྱང་མི་སྐྱོང་བའི་གནས་ཚུལ་འབྱུང་མི་རུང་ལ། བཟའ་འཛིང་བྱེད་སྐབས་བུ་ཕྲུག་ལ་ཨ་ཕ་དགོས་སམ་ཨ་མ་དགོས་ཞེས་བཙན་གྱིས་གདམ་ག་བྱེད་དུ་འཇུག་གཏན་ནས་མི་རུང་། བཟའ་འཐོར་བྱུང་བའི་ཁྱིམ་ཚང་མང་ཤོས་ཀྱི་བྱིས་པ་ཚོས། མ་ཉལ་གོང་ལ་གསོལ་བ་འདེབས་སྐབས། ཚང་མས་གཉིད་ནས་ཡར་སད་ཚེ་ཕ་མ་ཉིས་ཀ་སྔར་བཞིན་མཐུན་པའི་ངང་ལྷན་དུ་གནས་པའི་སྨོན་ལམ་འདེབས་བཞིན་ཡོད་པས། རྣ་བའི་ཐོས་ན་བཟོད་དཀའ་བ་ཞིག་ཡིན།
ཕ་མ་དག་ཕྱི་རོལ་གྱི་བསླུ་བྲིད་སྣ་ཚོགས་དང་འཕྲད་ཚེ། བུ་ཕྲུག་གི་སྡུག་བསྔལ་ཡིད་ལ་དྲན་པར་སྨོན། བུ་ཕྲུག་ལ་ཕ་མའི་གཅེས་སྐྱོང་དང་སློབ་སྟོན་མཁོ་བས། རང་འདོད་མ་བྱེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1